འཛམ་ཐང་མཆོད་རྟེན་བཀྲ་ཤིས་སྒོ་མང་།
[འཛམ་ཐང་ཆགས་པའི་རྟེན་ཚེས་བཅུའི་མཆོད་རྟེན་བཀྲ་ཤིས་སྒོ་མང་ཞེས་འཛམ་ཐང་སྒར་ཁག་གསུམ་ལས་ཚེས་བཅུ་དགོན་པར་གཏོགས་པའི་མཆོད་རྟེན་འདི་ཉིད་ལོ་ངོ་ལྔ་བརྒྱ་ལྷག་གི་སྔོན་དུ་བཞེངས་ཤིང་། འདི་ལ་ལོ་རྒྱུས་ཀྱི་ངག་རྒྱུན་ངོ་མཚར་བ་ཡོད་པའི་སྐོར]
ངོ་སྤྲོད་བྱེད་མཁན། ཨ་སྐྱོང་འཇིགས་རྣམ།
ཐོག་མའི་གསལ་བཤད། ངོ་སྤྲོད་འདིར་མཆོད་རྟེན་འདི་བཞེངས་པའི་གོ་རིམ་ཁྲོད་ངོ་མཚར་བའི་གྲུབ་རྟགས་གསུམ་བསྟན་པའི་ངག་རྒྱུན་དེ་ཀུན་ལ་མཉམ་སྤྱོད་ཀྱི་ཚུལ་དུ་ངོ་སྤྲོད་བྱས་ཡོད་པ་ལས་མཆོད་རྟེན་གྱི་ལོ་རྒྱུས་བྲིས་པ་ནི་མིན་པས་མཆོད་རྟེན་འདི་ཉིད་རྡོ་གྲུབ་རྒན་གྱིས་ལུང་གིས་ཟིན་ཚུལ་སོགས་འདི་དང་འབྲེལ་བའི་ལོ་རྒྱུས་གཞན་དག་ནི་འདིར་བྲིས་མེད།
ནང་དོན་དངོས།
ད་ལྟའི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ། འཛམ་ཐང་རྫོང་འཛམ་ཐང་དགོན་པ(ཚེས་བཅུ་དགོན། ཆོས་རྗེ་དགོན། གཙང་བ་དགོན། འདི་གསུམ་གདན་ས་གཅིག་ཏུ་ཡོད་ཅིང་སྤྱིའི་ཆ་ནས་འཛམ་ཐང་དགོན་ཞེས་འབོད)རུ་མཆོད་རྟེན་བཀྲ་ཤིས་སྒོ་མང(འཛམ་ཐང་དུ་མཆོད་རྟེན་བཀྲ་ཤིས་སྒོ་མང་ཟེར་བ་གཉིས་ཡོད་པ་ལས་འདིར་བཤད་པ་ནི་ཚེས་བཅུའི་མཆོད་རྟེན་ཡིན)ཟེར་བ་ཞིག་ཡོད།
མཆོད་རྟེན་འདི་ཐོག་མར་བཞེངས་མཁན་ནི་རྡོ་སྨད་དར་སྐུ་རུ་འཁྲུངས་པའི་བླ་མ་ཚེས་བཅུ་རཏྣ་ཀིརྟིའམ་རིན་ཆེན་གྲགས་པ་ཟེར་བ་དེ་ཡིན་འདུག
ཁོང་ཉིད་འཛམ་ཐང་ཆོས་སྡེ་ཐོག་མར་ཕྱག་འདེབས་མཛད་མཁན་དྲུང་དཀའ་བཞི་པ་རིན་ཆེན་དཔལ་གྱི་དངོས་སློབ(ཇོ་ནང་ཆོས་འབྱུང་ཟླ་བའི་སྒྲོན་མེ་ལྟར)ཡིན།
ཀརྨ་ཞྭ་ནག་བརྒྱད་པ་མི་བསྐྱོད་རྡོ་རྗེ་འཛམ་ཐང་དུ་ཕེབས་སྐབས་བླ་མ་འདི་ཉིད་ཚེ་མཚམས་ལས་བཞེངས་ཏེ་ཕན་ཚུན་ཆོས་ཀྱི་བཀའ་མོལ་གནང་ཞིང་། ཁོང་གིས་སྡེ་དགོན་ཡོངས་ལ་སྐུལ་མ་བྱས་ཏེ་ཀརྨ་པར་འདུས་སྟེ་སྟོང་ཕྲག་ལྷག་གིས་ཆིབས་བསུ་དང་། དངོས་ཟོག་སྟོང་རྟ་རེ་ཡི་འབུལ་བ་བཀྱག་པ་སོགས་མཛད་པ་རྒྱ་ཆེ་བ་ལོ་རྒྱུས་སུ་འཁོད་ཡོད་པའི་བླ་མ་ཞིག་རེད་ཡོད།
(མཆོད་རྟེན་འདི་དུས་རབས་བཅོ་ལྔ་པའི་དུས་སྨད་དུ་བཞེངས་ཡོད་པས་ན་མི་ལོ་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་འདུག)
མཆོད་རྟེན་འདི་བཞེངས་པའི་གོ་རིམ་ཁྲོད་ངོ་མཚར་པའི་གྲུབ་རྟགས་གསུམ་བསྟན་ཡོད་པའི་སྐོར་གྱི་ངག་རྒྱུན་ཡོད་འདུག དེ་ཡང་གྲུབ་རྟགས་བསྟན་པའི་གནས་ཚུལ་འདྲ་ནའང་གྲུབ་རྟགས་སྟོན་མཁན་གྱི་མི་སྣ་སུ་ཡིན་ཐད་ཇོ་ནང་ཆོས་འབྱུང་ཟླ་བའི་སྒྲོན་མེར་འཁོད་པ་དང་། དེ་དང་ཅུང་མི་མཐུན་པའི་ངག་རྒྱུན་གཞན་ཞིག་ཡོད་པ་གཉིས་རིམ་བཞིན་བཀོད་ཡོད།
དང་པོ། ཆོས་འབྱུང་དུ་འཁོད་པ་ལྟར། (ནང་དོན་ཆོས་འབྱུང་དང་བསྟུན་ཡོད་པ་ལས་ཚིག་ཇི་བཞིན་མིན)ཚེས་བཅུ་རཏྣ་ཀིརྟིས་མཆོད་རྟེན་འདི་ཐོག་མར་བཞེངས་ནས་མཇུག་གྲུབ་ལ་ཉེ་བའི་དུས་ཤིག་ལ་གནས་ཚུལ་ཁྱད་པར་བ་འདི་འདྲ་ཞིག་ཐོན་ཡོད། མཆོད་རྟེན་ལ་ཉི་ཟླ་འདོགས་པའི་ཉི་བཟང་དུས་བཟང་གི་ཉིན་དེའི་ཕྱི་དྲོ་ལས་མཇུག་མ་གྲུབ་པར་ཉི་མ་ནུབ་ལ་ཉེ་སྐབས། ལས་དཔོན་དང་ལས་མི་མང་པོ་ཞིག་གིས་ད་དུང་ཉི་མ་ཅུང་ཞིག་མི་ནུབ་རྒྱུ་ཡིན་ན་ལས་ཀ་ཚར་འགྲོ་རྒྱུ་རེད་མོད།ད་ཐབས་ཤེས་མི་འདུག་ཟེར་ཞིང་ཚང་མས་ཡིད་འགྱོད་འགྱོད་ལྟར་བྱེད་འདུག་པའི་སྐབས་དེར། མཆོད་རྟེན་བཞེངས་མཁན་བླ་མ་རིན་ཆེན་གྲགས་པ་ཁོང་གི་ཕ་བླ་མ་གཅིག་གི་མཆེད་གྲོགས་ཨརྒེ་ཉི་མ་འོད་ཟེར་ཞེས་པ་ནང་རླུང་སེམས་ལ་དབང་ཐོབ་ནས་ཕྱི་ཡུལ་སྣང་ཅི་དགར་བསྒྱུར་ནུས་མཁན་གྱི་བླ་མ་ཞིག་ཡོད་པ་དེས་རང་གི་ཕྱག་གྲི་བླངས་ནས་ཉི་གྲིབ་མཚམས་སུ་འཛེར་བཞག་པ་རེད། ལས་ཀ་པ་ཚོས་མུ་མཐུད་དུ་ལས་ཀ་བྱས་ཏེ་མཇུག་གྲུབ་པའི་ཚེ་ན་ཨརྒེ་བླ་མས་ཁྱོད་ཚོས་གྲ་སྒྲིག་གང་དགོས་མྱུར་དུ་བྱོས་མ་གཏོགས། མུན་རུབ་ཟིན་པ་རེད་འདུག་ཅེས་གསུངས་ཚེ་དེར་ཡོད་ཀུན་གྱིས་བདེན་ནམ་མི་བདེན་སྙམ་དུ་ཐེ་ཚོམ་དུ་གྱུར་པ་ན་ཁོང་གིས་ཕྱག་གྲི་ཕྱིར་ཕྱུང་བཞག་པ་རེད། སྐབས་དེར་མུན་རུབ་ནས་མཚན་མོའི་སྨག་རུམ་ནག་ཐིབས་སེར་གྱུར་སོང་པས་ཚང་མའི་སེམས་སུ་ཡ་མཚན་དང་དད་སྤྲོ་ཅིག་ཆར་དུ་གྱུར་ཏེ་ཧང་སངས་པར་བྱས། ཁོང་གིས་ཕྱག་གྲི་ཕྱུང་ཤུལ་ནས་ཆུ་མིག་ཅིག་ཀྱང་གློ་བུར་དུ་རྡོལ་འོང་བ་ད་ལྟའི་བར་དུ་མཐོང་སར་ཡོད།
ཕྱག་གྲི་ཕྱུང་ཤུལ་ནས་ཐོན་པའི་གྲུབ་ཆུ།
(མཆོད་རྟེན་བཞེངས་སྐབས་བཏོན་པའི་གྲུབ་ཆུ་འདི་གནའ་ནས་ད་བར་དུ་ཡུལ་འདི་ནས་ཀུན་གྱིས་ཁ་ལ་རག་སྟེ་སྨོན་ལམ་བཏབ་ན་ནད་ལ་ཕན་ཞིང་བྱིན་རླབས་ཆེ་བར་བརྩིས་ཏེ་སྲུང་སྐྱོབ་དང་བདག་གཉེར་ལེགས་པོ་བྱས་ཡོད།)
ཡང་མཆོད་རྟེན་ལེགས་པར་གྲུབ་སྟེ་རབ་གནས་བྱིན་རླབས་མཛད་སྐབས་བླ་མ་རིན་ཆེན་གྲགས་པ་ཁོང་གི་ཆོས་ཀྱི་མཆེད་པོ་ངོ་མཚར་གྲུབ་པའི་རྟགས་མཚན་མང་པོ་སྟོན་མཁན་བླ་མ་ཆོས་རྗེ་རྒྱལ་བ་བཟང་ཟེར་བ་ཉིད་ད་ལྟའི་འབར་ཁམས་རྫོང་། རྫོང་འབུར་ཡུལ་ཤོག་གི་བཞག་ར་སྨན་རྩེའི་ངོས་ཆོས་འབྱུང་ནམ་མཁའ་རྫོང་དུ་བཞུགས་ཡོད་པ་དེར་སོང་ནས་ཁྱེད་ཀྱིས་མཆོད་རྟེན་བཀྲ་ཤིས་སྒོ་མང་ལ་རབ་གནས་མཛད་དགོས་པར་ཞུས་པ་ན། གྲུབ་དབང་རྒྱལ་བ་བཟང་གིས་འོ་ཡ་ཡ་རབ་གནས་ངས་འདི་ཀ་རང་ནས་མཛད་ཆོག་ཅེས་ཁོང་གིས་ཐུགས་དགྱེས་ཚོར་ཆེན་པོའི་སྒོ་ནས་རབ་གནས་བྱེད་པར་གྲ་སྒྲིག་བྱས་ཏེ། བཀྲ་ཤིས་པའི་བདེན་ཚིག་བརྗོད་ཅིང་ཕྱག་གིས་ནས་སྤར་བ་འགའ་མཆོད་རྟེན་གྱི་ཕྱོགས་སུ་གཏོར་བ་དང་མཉམ་དུ་རང་གི་ཆོས་གོས་དེའང་ཡར་བཀྱག་སྟེ་གོས་འབུལ་གྱི་ཚུལ་དུ་ནམ་མཁར་འཕངས་བཞག་པ་རེད། སྐབས་དེར་འཛམ་ཐང་གི་མཆོད་རྟེན་བཀྲ་ཤིས་སྒོ་མང་གི་བང་རིམ་ཐོག་ཏུ་ནས་འབྲུ་ཕུག་རོན་ཙམ་པ་མང་པོ་འཐོར་འོང་བ་དང་། ཆོས་གོས་དེ་ཉིད་མཆོད་རྟེན་གྱི་རྩེར་སེར་ལམ་མེར་གསོལ་ཏེ་ཆོས་འཁོར་ཁེབས་འདུག་པ་དེར་གནས་ཀུན་གྱི་མཐོང་ཆོས་སུ་གྱུར་ཅེས་ད་ལྟའི་བར་བཤད་རྒྱུན་མ་ཆད་པར་གྲགས་སོ། །
དེ་ནས་བཟུང་རྗེས་སུ་མཆོད་རྟེན་དག་གི་ཆོས་འཁོར་ལ་སེར་རྩི་གསོལ་བའི་སྲོལ་དེ་ཡུལ་དེར་དར་ཞིང་དེ་ཡང་དེའི་རྟེན་འབྲེལ་གྱིས་ཡིན་པར་བཤད་སྲོལ་བྱུང་།
གཉིས། གོང་གི་ངོ་སྤྲོད་དེ་དང་ཅུང་མི་འདྲ་བའི་ངག་རྒྱུན།
མཆོད་རྟེན་འདིའི་ལོ་རྒྱུས་ཐད་ད་ལྟའི་ཚེས་བཅུ་དགོན་པའི་བསྟན་བདག་སྤྲུལ་སྐུ་བསོད་ནམས་བཟང་པོར་སྐད་ཆ་དྲིས་པ་ལས་འདིའི་ཐད་ཀྱི་ཁོང་གི་གསུང་ཚུལ་ལྟར་ན།
གྲུབ་རྟགས་དང་པོའི་ཐད། མཆོད་རྟེན་འགྲུབ་ཉིན་ཉི་གྲུབ་མཚམས་སུ་ཕྱག་གྲི་འཛེར་པ་དང་ཉི་མ་བཟུང་བ་སོགས་ཀྱི་གནས་ཚུལ་སྐོར་གོང་གི་ངོ་སྤྲོད་དང་ཁོང་གི་གསུང་ཚུལ་གཅིག་མཚུངས་རེད་དེ། གྲུབ་རྟགས་སྟོན་མཁན་ནི་ཚེས་བཅུ་རཏྣ་ཀིརྟི་ཁོང་ཉིད་ཡིན་ནི་རེད། ང་རང་ཆུང་ཆུང་ཡིན་དུས་དེའི་སྐོར་གྱི་བཤད་ཚུལ་དག་ངས་ཐེངས་མང་པོར་གོ་མྱོང་སྟེ་ད་དུང་སེམས་ན་ཡོད་གསུངས།
གྲུབ་རྟགས་གཉིས་པའི་ཐད། མཆོད་རྟེན་གྲུབ་ནས་རབ་གནས་འཚོགས་སྐབས་ཚེས་བཅུ་རཏྣ་ཀིརྟིའི་སློབ་ཆེན་གཞོན་ནུ་རྒྱལ་མཚན་ཞུ་བ་ཁོང་དེང་སྐབས་དགོན་པ་ལ་ཁའི་ཀུ་མཱ་རིའི་གནས་སུ་སྒྲུབ་པ་མཛད་ནས་བཞུགས་ཡོད་སར་མི་མངགས་ཏེ་སང་ཉིན་ཁྱེད་མཆོད་རྟེན་རབ་གནས་ལ་འབྱོན་དགོས་པར་ཞུས་ཚེ། བླ་མ་གཞོན་ནུ་རྒྱལ་མཚན་གྱིས་སང་ཉིན་ང་རང་ལ་དོན་བྱ་གཞན་ཞིག་ཡོད་པས་འོང་ཁོམ་མེད་མོད། ངས་འདི་ནས་རབ་གནས་མཛད་ཆོག་ཅེས་གསུངས་པ་ལྟར་ཕྱིའི་ཉི་མ་ཁོང་གིས་ཀུ་མཱ་རིའི་གནས་ནས་ཕྱག་ནས་གཏོར་པ་ན། བླ་སེར་རྣམས་ཀྱིས་སེར་སྦྲེང་བྱས་ནས་མཆོད་རྟེན་ཟུར་དུ་ཡོད་སྐབས། ནས་འབྲུ་ཕུག་རོན་ཙམ་པ་མཆོད་རྟེན་ཐོག་ཏུ་འཐོར་འོང་བ་ད་སྐབས་མཆོད་རྟེན་གྱི་སྤྱན་གནས་ནང་དུ་བཞུགས་སུ་གསོལ་ཡོད་ནི་རེད་ཅེས་སྔོན་ཆད་ཚེས་བཅུའི་སྨྱུང་གནས་ཐོག་ནས་རྟེན་བཤད་བྱས་པ་ངས་གོ་མྱོང་། དེ་དུས་ང་དེ་རུ་ལས་ཀ་ལས་མཁན་ཡིན་གསུངས།
གྲུབ་རྟགས་གསུམ་པའི་ཐད། རབ་གནས་ཚར་མ་ཐག་ཚེས་བཅུ་རཏྣ་ཀིརྟི་ཁོང་གིས་ཆོས་གོས་ཕུད་ནས་མཆོད་རྟེན་གྱི་ཕྱོགས་སུ་འཕངས་པ་ན་མཆོད་རྟེན་གྱི་ཟ་ར་ཚགས་ཀྱི་ངོས་སུ་བསྐོན་བཞག་པ་དང་མཉམ་དུ་ཁོང་གིས་མཆོད་རྟེན་ཁྲིད་ནས་མིར་ཏིའི(དགོན་པའི་མདུན་ཐད་ཀྱི་ལུང་པ་ཞིག་གི་མིང)ཆུའི་སྤར་ཁ་བར་དུ་ཁྲིད་རྗེས་ཕྱིར་ད་ལྟའི་རང་གནས་སུ་བཞག་པ་རེད། དེ་དུས་རི་སྒང་གི་ཕྱུགས་རྫི་རྣམས་ཀྱིས་མཆོད་རྟེན་ནི་སོག་སྒ་ཞིག་གི་ཆེ་ཆུང་ལས་མི་འདུག་སྙམ་པ་ཞིག་ཏུ་མཐོང་བ་རེད་ཟེར་སྲོལ་ཡོད་གསུངས།
ཁོང་གི་གསུང་ཚུལ་འདི་ཉིད་ད་ལྟ་ཡོངས་གྲགས་སུ་འདིའི་ཐད་ཀྱི་ཆོས་འབྱུང་ལོ་རྒྱུས་སོགས་སུ་འཁོད་པ་དག་དང་ཅུང་མི་མཐུན་པ་ཡོད་མོད། ཁོང་ནི་ཡུལ་འདི་ནས་ཀུན་གྱིས་བརྩི་མཐོང་ཆེ་བའི་ཁར་དགུང་གྲངས་ཀྱང་མཐོན་པོར་སོན་ཡོད་སྟབས་ཁོང་གི་གསུང་རྒྱུན་འདི་ཉིད་ངེས་པར་དུ་འགོད་དགོས་རྒྱུ་རེད་སྙམ་དུ་ཇི་བཞིན་བཀོད་པ་ཡིན།
མཆོད་རྟེན་ཆགས་འཇིག་དང་ཞིག་གསོའི་གོ་རིམ།
(མཆོད་རྟེན་བཀྲ་ཤིས་སྒོ་མང་འདི་ལ་ད་སྔའི་བར་དུ་ཆགས་འཇིག་ཅི་འདྲ་བྱུང་མྱོང་བ་རེད་ཅེས་ཚེས་བཅུ་སྤྲུལ་སྐུ་བསོད་ནམས་བཟང་པོར་བཅར་འདྲི་བྱས་པའི་ནང་དོན་མདོར་བསྡུས་ཏེ་བཀོད་པ)
མཆོད་རྟེན་འདི་དུས་རབས་བཅོ་ལྔ་པའི་དུས་སྨད་དུ་ཐོག་མར་བཞེངས་པ་ནས་དུས་རབས་ཉི་ཤུ་པའི་དུས་དཀྱིལ་ཏེ་ཕལ་ཆེར་མི་ལོ་ལྔ་བརྒྱ་ཙམ་གྱི་རིང་ཆག་འཇིག་གང་ཡང་མ་བྱུང་བར་གནས་ཡོད།
དེ་རྗེས་རིག་གསར་སྐབས་ཏེ་སྤྱི་ལོ1966ལོར་ཡུལ་འདིའི་གསར་བརྗེའི་སྔོན་ཐོན་པ་དག་གིས་མཐོང་དཀོན་པའི་གནའ་བོའི་རྟེན་རྙིང་འདི་རྩ་གཏོར་བཏང་ཡོད་ནའང1983ལོར་ད་ལྟའི་ཚེས་བཅུ་སྤྲུལ་སྐུ་བསོད་ནམས་བཟང་པོ་འདི་པས་བསྐྱར་བཞེངས་གནང་། ཁོང་གིས་བསྐྱར་བཞེངས་གྲུབ་རྗེས་རྒྱུ་སྤུས་ཀྱི་དབང་གིས་ཆག་འཇིག་བྱུང་སྟེ། ཡང་བསྐྱར་ཁོང་གིས་ཐེངས་གཉིས་པར་ཞིག་གསོ་བྱེད་དགོས་བྱུང་། དེ་ནས་ད་ལྟའི་ང་ཚོའི་མཐོང་ཡུལ་དུ་ཡོད་པའི་མཆོད་རྟེན་འདི་གྲུབ་པ་རེད།
ངོ་སྤྲོད་འདི་འབྲི་སྐབས་བདག་གིས་སྤྲུལ་སྐུ་བསོད་ནམས་བཟང་པོ་ལ་འདི་ལྟར་དྲིས།
ཁྱེད་ཀྱིས་མཆོད་རྟེན་བསྐྱར་བཞེངས་བྱེད་སྐབས་རྟགས་མཚན་འདྲ་ཡོད་མེད་གསུང་རོགས་ཞུས་པར།
ཁོང་གིས་གསུངས་རྒྱུར། ཐོག་མར་ནི་རྟགས་མཚན་གང་ཡང་མེད། རྗེས་སུ་ཡང་བསྐྱར་ཞིག་གསོ་གྲུབ་ནས་རབ་གནས་འཚོགས་ཡོད་སྐབས་བདག་གིས་ཆོས་སྐྱོང་སྲུང་མར་གཏང་རག་གི་བསང་ཞིག་འཕུད་དགོས་རྒྱུ་རེད་བསམ་ནས་བསང་ཁང་དུ་བསང་མེ་འདེད་ཀི་ཡོད་སྐབས་འཇའ་ཡག་པོ་ཕྱི་ནང་རིམ་པ་གཉིས་ཅན་ཞིག་མཆོད་རྟེན་ཐོག་ཏུ་ཤར་ནས་འཇའ་སྣེ་ཕྱོགས་གཅིག་འདུ་ཁང་སྟེང་དུ་ཟུག་འདུག དེའི་ཚེ་ངའི་སེམས་ལ་ཨ་ཙི་སྔོན་གྱི་བླ་མ་ཚེས་བཅུ་ཚང་གི་བླ་རབས་བླ་བརྒྱུད་ནི་སྐྱེས་བུ་དམ་པ་དག་དག་ཡིན་ནི་རེད།
རེད་དེ། ད་ལྟ་ནི་ང་ལྟ་བུའི་ཕྲག་ཏུ་བབས་ཡོད་རུང་ང་ལ་ནི་ཡོན་ཏན་གང་ཡང་ཡོད་ནི་མ་རེད། ཡིན་ཡང་ཆོས་སྐྱོང་དག་གིས་ད་དུང་ཐ་ཚིག་མ་ཉམས་པར་དེ་རིང་འདི་འདྲའི་རྟགས་མཚན་ཡག་པོ་རེ་བསྟན་ཡོང་ནི་རེད་བསམ། ང་ལ་ནི་སེམས་སྡུག་ཅིག་ལྷ་མ་བྱུང་ན་གསུངས།
ཡང་ཁོང་གིས་གསུངས་རྒྱུར། ཉེ་བའི་ལོ་འགའི་སྔོན་མཆོད་རྟེན་གྱི་སྤྱན་གནས་ཡན་ཆད་ཟངས་རག་གིས་གཡོགས་ནས་ཞབས་ཕྱི་ལེགས་པོ་གྲུབ་པའི་ཉིན་དེར་གནམ་གཤིས་འཁྱག་ཅིང་ཁ་འཚུབ་འོང་འདུག་པ་ཞིག་རེད།
ཉིན་དེའི་མཚན་མོའི་དུས་ཚོད་བཅུ་གཅིག་ཡས་མས་སུ་ང་རང་སྒོར་བུད་སྐབས་མཆོད་རྟེན་ཕྱོགས་སུ་བྱ་ཁྲུང་ཁྲུང་གི་སྐད་ཅིག་གྲགས་འདུག
དེ་ནས་ང་རང་མཆོད་རྟེན་གྱི་ཟུར་དུ་སོང་པ་ན་ཁྲུང་ཁྲུང་དྲུག་མཆོད་རྟེན་གྱི་ཐོག་དང་ཉེ་ཟུར་དག་ཏུ་བབས་འདུག
སྐབས་དེར་མི་མང་པོ་ཐོན་ནས་འདྲ་པར་རེ་བླངས་ཏེ་ཚང་མས་འདི་ཡ་མཚན་རེད་ཟེར་འདུག ནམ་ཟླ་དགུན་ཁའི་དུས་སུ་འདི་ལྟར་ཐོན་པ་ནི་ངོ་མ་མཚར་པོ་ཞིག་རེད། འདི་ཅི་ཞིག་ཡིན་ནམ་འདི་དག་གི་རྐང་པ་འཁྱག་རྒྱུ་རེད་བསམ་ནས་ང་ལ་ནི་སེམས་ཁུར་འདྲ་ཞིག་འོང་འདུག ཕྱིའི་ཉི་མ་སྔ་མོ་ང་རང་སོང་ནས་བལྟས་པ་ན་ཚང་མ་འཕུར་ཚར་བས་མི་འདུག དེ་ནི་རྟགས་མཚན་རེ་ཨེ་ཡིན་མི་ཤེས། དེ་མིན་ཅི་ཡང་ལྷ་ཡོད་ན་གསུངས་སོང་།
ངོ་སྤྲོད་རྩོམ་ཡིག་འདིའི་ཁུངས་གཏུག་ས།
ཇོ་ནང་ཆོས་འབྱུང་ཟླ་བའི་སྒྲོན་མེར་འཁོད་ཡོད་པའི་སྐྱེས་ཆེན་དག་གི་རྣམ་ཐར། འཛམ་ཐང་ཆོས་རྗེ་དགོན་པའི་ལོ་རྒྱུས། གདན་ས་འཛམ་ཐང་གི་སྤྲུལ་སྐུ་བསོད་ནམས་བཟང་པོ་དང་མཛོད་པ་ཨ་པེ་སོགས་རྒན་པ་ཁ་ཤས་ཀྱི་ངག་རྒྱུན་དག་ལ་གཞི་བྱས་ནས་བྲིས་པ་ཡིན།
ལོ་རྒྱུས་འདིའི་ཆེད་ལོ་ཁ་ཤས་ཀྱི་སྔོན་ང་རང་སྤྲུལ་སྐུ་བསོད་ནམས་བཟང་པོའི་མདུན་དུ་སོང་ནས་ཁོང་ལ་མི་ངོ་ལྔ་བརྒྱའི་རིང་གི་མཆོད་རྟེན་འདིའི་ཆགས་འཇིག་གི་གནས་ཚུལ་དང་ལྷག་པར་དུ་ངོ་མཚར་པའི་གྲུབ་རྟགས་ལོ་རྒྱུས་ཀྱི་བཤད་ཚུལ་ག་འདྲ་ཡིན་པའི་སྐོར་དྲིས་ཏེ་ཟིན་བྲིས་སུ་བཏབ། ཐེངས་འདིར་ངོ་སྤྲོད་རྩོམ་ཡིག་འདི་ཉིད་བྲིས་ཏེ་འཛམ་ཐང་གི་ལྷ་རིས་པ་འགྲོ་ཕན་གྱིས་ཡང་བསྐྱར་སྤྲུལ་སྐུ་བསོད་ནམས་བཟང་པོར་གཟིགས་འབུལ་ཞུས་ཤིང་། ངོ་སྤྲོད་འདིའི་ནང་དུ་མི་འགྲིག་ས་ཡོད་མེད་དང་འདི་བཞིན་འགྲེམ་སྤེལ་བྱེད་རྒྱུར་བཀའ་གནང་ཞུས་རྗེས། སླར་ཡང་ཁོང་གིས་གསུངས་པ་དག་གནད་བསྡུས་བྱས་ཏེ་བྲིས་པ་ཡིན།
ཞེས་སྤྱི་ལོ2023ལོའི་ཟླ11པའི་ཚེས5 བོད་རྒྱལ་ལོ2150པ། རབ་བྱུང་བཅུ་བདུན་པའི་བགྲང་བྱ37པ། ཆུ་ཡོས་ལོའི་ཟླ9པའི་དམར་ཕྱོགས་རྒྱལ་བ་གཉིས་པ་སྟེ། ལེགས་པ་བརྒྱད་འཛོམས་ཉིན་གྱི་ཉི་དྲོས་ཕྱི་ཆའི་བདུད་རྩི་ཐུན་མཚམས་སུ་མཇུག་གྲུབ་བོ། །
|