—དབྱི་རག་རྒྱལ་ཁབ་ཏུ་བསྟུད་མར་གཞི་ཁྱོན་ཆེ་བའི་ཁྲོམ་སྐོར་བྱེད་ཚུལ་བྱུང་བ།
ཀྲུང་ཏུང་ས་ཁུལ་གྱི་སྨྱན་བྱེད་སྡེ་ཁག་གིས་ཟླ1ཚེས13ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་རག་རྒྱལ་ཁབ་ཏུ་བསྟུད་མར་གཟའ་འཁོར་འགའི་རིང་བྱུང་བའི་གཞི་ཁྱོན་ཆེ་བའི་ཁྲོམ་སྐོར་བྱ་འགུལ་ལ་འཕེལ་ཚད་གསར་བ་བྱུང་། དེའི་སྔོན་ལ་ས་ཁུལ་མང་པོ་ཞིག་ཏུ་ཞོན་ཉིས་ཕྱོགས་ཁག་གི་མུའུ་སི་ལིན་གྱིས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་རྔམས་སྟོན་ཁྲོམ་སྐོར་བྱ་འགུལ་བྱུང་བའི་རྗེས་མཐུད་ནས། ཚེས12ཉིན། རྒྱལ་ས་པ་ཀི་ཏ་འདུས་པའི་ས་ཁུལ་མང་པོ་ཞིག་ཏུ་ཧྲི་ཡེ་ཕྱོགས་ཁག་གི་མུའུ་སི་ལིན་གྱིས་གཞི་ཁྱོན་ཆེ་བའི་ཁྲོམ་སྐོར་བྱེད་པའི་བྱ་འགུལ་སླངས་ནས། ཙུང་ལིས་མ་ལིས་ཅིས་གཙོ་ཡིན་པའི་དབྱི་རག་རྒྱལ་ཁབ་ཀྱི་ཀྲུང་དབྱང་སྲིད་གཞུང་ལ་ངག་ཐོག་གི་རྒྱབ་སྐྱོར་བྱས་ཟེར། དབྱེ་ཞིབ་པས་བལྟས་ན། བསྟུད་མར་ཉིན་འགར་རྒྱུན་བསྲིངས་བྱས་པའི་ཁྲོམ་སྐོར་དེས་སྔར་ལས་ལྷག་པའི་སྒོ་ནས། དབྱི་རག་རྒྱལ་ནང་གི་བྱུང་ཡུན་རིང་བའི་ཆོས་ལུགས་གྲུབ་མཐའི་ཁག་བར་གྱི་གདོང་གཏུག་ཇེ་བཙོག་ཏུ་གཏོང་སྲིད་སྙམ།
ཁ་ཐཱ་ཨར་ཕྱེད་གླིང་བརྙན་འཕྲིན་ཁང་གིས་ཚེས13ཉིན་གནས་ཚུལ་སྤེལ་ནས་བཤད་རྒྱུར། འདིའི་ཡར་སྔོན་གྱི་གཟའ་འཁོར་འགའི་ནང་དབྱི་རག་རྒྱལ་ཁབ་ཀྱི་ནུབ་རྒྱུད་ཕྱོགས་ཀྱི་ཨན་པཱ་ཨར་ཞིང་ཆེན་སོགས་ཞོན་ཉིས་ཕྱོགས་ཁག་འདུས་སྡོད་ས་ཁུལ་ནས་བསྟུད་མར་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་རྔམས་སྟོན་ཁྲོམ་སྐོར་གྱི་གནས་ཚུལ་བྱུང་། ཁྲོམ་སྐོར་བྱེད་པའི་མི་ཚོགས་ཀྱིས་འདས་པའི་དུས་སྐབས་ཤིག་གི་ནང་བསྟུད་མར་ཞོན་ཉིས་ཕྱོགས་ཁག་གི་མུའུ་སི་ལིན་ལ་དམིགས་པའི་འཇབ་རྒོལ་དོན་རྐྱེན་བྱུང་བར་རྒོལ་ལན་སློག་པའི་དུས་མཚུངས་སུ། སྲིད་གཞུང་ལ་ཨ་རབ་བསྐྱར་དར་ཏང་སྔོན་མའི་ཁོངས་མི་ཚོས་ད་ཡོད་སྲིད་གཞུང་ནང་འགན་འཁུར་དུ་འཇུག་པ་གཏན་འགོག་བྱེད་དགོས་ཞེས་པའི་བཀའ་རྒྱ་བཀྲམས་ཡོད་པ་དེ་མེད་པར་བཟོ་དགོས་པའི་རེ་འབོད་བཏོན་པར་མ་ཟད། ཧྲི་ཡེ་ཕྱོགས་ཁག་གྲུབ་མཐའ་འཛིན་པའི་ཙུང་ལིས་མ་ལིས་ཅིས་སྲིད་སྟེགས་ལས་ཟུར་བྱོལ་བྱེད་དགོས་པའི་རེ་བ་བཏོན། ཡིན་ནའང་ཚེས12ཉིན་བྱུང་བའི་ཧྲི་ཡེ་ཕྱོགས་ཁག་གི་མུའུ་སི་ལིན་གྱི་ཁྲོམ་སྐོར་བྱ་འགུལ་ཁྲོད། ཁྲོམ་སྐོར་བྱེད་མཁན་ཚོས“ཨན་པ་ཨར་ཞིང་ཆེན་གྱི་ཁྲོམ་སྐོར་དམིགས་ཡུལ་ནི་དབྱི་རག་ཁ་བྲལ་དུ་གཏོང་འདོད།”ཡིན་ཟེར་བ་དང་། བློ་ཐག་རྦད་ཆོད་ཀྱིས་མ་ལིས་ཅིས་ལ་གོང་བཀུར་ཞུ་རྒྱུ་ཡིན་པའི་བསམ་པ་བསྟན། དུས་མཚུངས་སུ་ཕྱིར་འཁྱར་བྱེད་བཞིན་པའི་ཞོན་ཉིས་ཕྱོགས་ཁག་གི་ཙུང་ཐུང་གཞོན་པ་སྔ་མ་ཧྭ་ཞིས་མུས་དེ“ཐལ་སྐྱོད་ཕྱོགས་ཁག་རིང་ལུགས་པ་ཞིག་ཡིན།”ཞེས་ཟེར།
དབྱི་རག་རྒྱལ་ཁབ་ཏུ་མི་གྲངས་བསྡོམས་པས་བྱེ་བ་གསུམ་དང་ས་ཡ་བཞི་ཡོད་ཅིང་། བརྒྱ་ཆའི་དགུ་བཅུ་ཡན་གྱི་མི་ཚང་མས་དབྱིས་སི་ལན་ཆོས་ལུགས་ལ་དད་པ་བྱེད་ཀྱིན་ཡོད། དེའི་ནང་གི་ཧྲི་ཡེ་ཕྱོགས་ཁག་གི་མུའུ་སི་ལིན་གྱིས་གྲངས་ཀ་སྤྱིའི་ཕྱེད་ཡན་ཟིན་ཡོད། སྐྱེ་ཁུངས་ཞོན་ཉིས་ཕྱོགས་ཁག་ཡིན་པའི་ས་ཏ་མུའུ་ཡིས་སྲིད་སྐྱོང་སྐབས། མི་གྲངས་ཀྱིས་མང་ཤོས་ཟིན་པའི་ཧྲི་ཡེ་ཕྱོགས་ཁག་གི་མུའུ་སི་ལིན་རྣམས་མཐའ་ཅིག་ཏུ་དབང་སྒྱུར་བྱ་ཡུལ་གྱི་རིམ་པ་དམའ་སར་བཞག་སྟེ། རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཕྱི་རོལ་ཏུ་བཙིར་ནས་ཡོད། ཡིན་ནའང་མུའུ་སི་ལིན་མི་གྲངས་ཀྱི་ཉུང་ཤས་ཙམ་ལས་མི་ཟིན་པའི་ཞོན་ཉིས་ཕྱོགས་ཁག་དེ་ཡུན་རིང་བར་དུ་དབང་སྒྱུར་བྱེད་མཁན་གྱི་གོ་གནས་སུ་བསྡད་ཡོད། མི་གྲངས་ཀྱི་གྲུབ་ཚུལ་དང་དབང་ཆ་བགོ་འགྲེམས་ཐད་ནས་ཆ་སྙོམ་མིན་པའི་སྟབས་ཀྱིས། དབྱི་རག་གི་ཞོན་ཉིས་ཕྱོགས་ཁག་དང་ཧྲི་ཡེ་ཕྱོགས་ཁག་གཉིས་ནི་མཐུན་ཐབས་མེད་པར་འགལ་ཟླའི་ཚུལ་དུ་ཡུན་རིང་འགོར། ཨ་མེ་རི་ཁས2003ལོར་དབྱི་རག་དམག་འཁྲུག་བསླངས་ནས་ས་ཏ་མུའུ་སྲིད་དབང་མགོ་རྟིང་སློག་རྗེས། སྲིད་སྐྱོང་བཞིན་པའི་ཞོན་ཉིས་ཕྱོགས་ཁག་གི་ཨ་རབ་བསྐྱར་དར་ཏང་དེ་རྩ་འཐོར་བྱུང་དུ་བཅུག དེའི་རྗེས་སུ། ཧྲི་ཡེ་ཕྱོགས་ཁག་གིས་གཙོ་ཁྲིད་བྱས་པའི་སྲིད་ཏང་དེ་འདེམས་བསྐོ་བྱས་པ་བརྒྱུད་ནས་དབྱི་རག་རྒྱལ་ཁབ་ཀྱི་སྐབས་གསར་བའི་སྲིད་གཞུང་གི་སྲོག་ཤིང་ལྟ་བུར་གྱུར་པ་དང་། ཞོན་ཉིས་ཕྱོགས་ཁག་དེ་ཕྱི་རོལ་ཏུ་བཙིར། ཉེ་བའི་དུས་སྐབས་སུ། ཞོན་ཉིས་ཕྱོགས་ཁག་གི་མུའུ་སི་ལིན་ཚོས་ཧྲི་ཡེ་ཕྱོགས་ཁག་གི་སྲིད་གཞུང་གིས་གཟབ་བརླིང་ཅན་གྱི་འཇིགས་སྐུལ་ངོ་རྒོལ་བཀའ་རྒྱ་ཞིག་ལ་ཁ་གཡོར་ས་བྱས་ཏེ། ཞོན་ཉིས་ཕྱོགས་ཁག་ལ་བྱུང་རྒྱལ་དུ་མགོ་གནོན་བྱས་པར་སྐྱོན་འཛུགས་བྱས། དེ་འདས་པའི་གཟའ་འཁོར་འགའི་ནང་ཕྱོགས་གཉིས་བར་ལ་གཞི་ཁྱོན་ཆེ་བའི་ཁྲོམ་སྐོར་བྱེད་དགོས་པའི་རྒྱུ་རྐྱེན་གལ་ཆེན་གྲས་ཤིག་ཏུ་གྱུར།
དབྱི་རག་གི«ཞོགས་པའི་ཚགས་པར།»ཞེས་པའི་དཔྱད་གཏམ་པས་བལྟས་ན། ཨ་མེ་རི་ཁས་ལོ་དགུའི་སྔོན་ལ་བསླངས་པའི་དབྱི་རག་དམག་འཁྲུག་གིས་སྒེར་གཅོད་ཅན་གྱི་ས་ཏ་མུའུ་སྲིད་དབང་མགོ་རྟིང་སློག་པར་བྱས་མོད། འོན་ཀྱང་དེ་དང་ཆབས་ཅིག་དབྱི་རག་དང་། ཨ་མེ་རི་ཁ་རང་ཉིད་ལའང་ཟད་མཐའ་མེད་པའི་སྡུག་བསྔལ་ཁྱེར་ཡོང་སྙམ། ཚགས་པར་དེས་བསྟན་དོན། ལོ་དགུའི་རིང་མཚམས་གཏན་ནས་ཆད་མ་མྱོང་བའི་འཇིགས་སྐུལ་འཇབ་རྒོལ་དེ་ལས། དམག་འཁྲུག་གི་མཇུག་རྫོགས་ཁུལ་བྱས་མོད། འོན་ཀྱང་བསྐྱར་འཛུགས་ཀྱི་སྒྲིག་ལམ་དང་བར་ཐག་སྔར་བཞིན་དུ་རིང་བ་ཡིན་པ་ཤེས་ཐུབ་ཟེར། མིག་སྔར། དབྱི་རག་རྒྱལ་ཁབ་སྔར་བཞིན་དུ་གནད་དོན་ཛ་དྲག་ཅན་འགར་ཐུག་ཡོད། གཅིག་ནི་ཆོས་ལུགས་གྲུབ་མཐའ་ཁག་བར་གྱི་གདོང་གཏུག་རེད། གཉིས་ནི་རིགས་རྒྱུད་ཕན་ཚུན་བར་གྱི་གདོང་གཏུག་རེད། གསུམ་ནི་འཇིགས་སྐུལ་རིང་ལུགས་གང་སར་མཆེད་བཞིན་པ་བཅས་རེད། རྐྱེན་ངན་དེ་དག་གི་གནོད་པ་ཡོད་པར་བརྟེན། དབྱི་རག་ཀྲུང་དབྱང་སྲིད་གཞུང་བཙུགས་ནས་ལོ་མང་ཞིག་འགོར་ཡང་། དེས་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པ་དང་། རྒྱལ་ས་པ་ཀི་ཏ་ཕུད་པའི་ས་ཁུལ་གཞན་པར་དོ་དམ་དང་ཚོད་འཛིན་བྱེད་པའི་ནུས་ཤུགས་ལ་ཆེས་ཆེར་ཚད་བཟུང་ཡོད། ཞོན་ཉིས་ཕྱོགས་ཁག་དང་ཧྲི་ཡེ་ཕྱོགས་ཁག་གཉིས་བར་གྱི་གདོང་གཏུག་བྱུང་གིན་བྱུང་གིན་ཇེ་རྡུགས་སུ་འགྲོ་བཞིན་པ་དང་། ཁུའུ་ཨར་ཏི་རིགས་ཀྱི་ཁ་བྲལ་སྟོབས་ཤུགས་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་ཡོད་ལ། “རྟེན་གཞི།”རྩ་འཛུགས་སོགས་འཇིགས་སྐུལ་རྩ་འཛུགས་སྟོབས་ཤུགས་ཁག་གིས་སྐབས་དང་བསྟུན་ནས་ནང་འཛུལ་བྱེད་ཀྱིན་ཡོད། ཨ་མེ་རི་ཁའི་དམག་དཔུང་ཡོངས་སུ་ཕྱིར་འཐེན་བྱས་རྗེས། དབྱི་རག་སྲིད་གཞུང་ལ་རང་ཉིད་ཀྱིས་རང་ཚུགས་ཐུབ་པའི་སྒོ་ནས་རྒྱལ་ཁབ་དོ་དམ་བྱེད་པའི་འགན་འཁྲི་ཕྲག་ཏུ་ལེན་ཐུབ་མིན་གྱི་ནུས་པ་ཡོད་མེད་ལ་མི་ཚོའི་སེམས་ཁྲལ་བྱ་ཡུལ་དུ་གྱུར་ཡོད། །