རུས་མཛོད་མེ་ཏོག་སྐྱེད་ཚལ༼ལེའུ་གཉིས་པ།༽

རུས་མཛོད་མེ་ཏོག་སྐྱེད་ཚལ། 

༄༅། །བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ།

ལེའུ་གཉིས་པ། ལྷ་རིགས་སྒོའི་སྐོར།

མདོ་ཁམས་འདིར་ཐོག་མར་སྒོ་ལྷའི་རིགས་འདི་ངོས་འཛིན་ལ།  སྒོ་ལྷ་ཡི་རིགས་དང་།  རུས་རིགས་ཟེར་བའི་རྒྱུ་མཚན་ནི།  ཁ་ཅིག་གོང་དུ་བཤད་པ་ལྟར་དང་།   ཁ་ཅིག་ཏུ་སྔར་ལྷ་མིའི་བར་གྱི་དམུ་ཐག་ཡོད་དུས་ལྷ་དེ་མི་ཉག་བཞག་བཀྲ་ལྷ་རྩེར་དམུ་ཐག་ལས་བབས་ནས་དེའི་མི་རྒྱུད་དུ་རིམ་པར་མི་བྱུང་བ་ལས།  མི་ཞིག་ས་དམར་མདོར་སླེབས་པ་ལ།   མི་དེ་འཇང་ཡུལ་ཆུ་སྟོད་དུ་སོང་བ་དང་།  སྒྲོལ་མ་ལྗང་ཀུའི་གནས་མཇལ་བྱས་པས་དེའི་ལྷ་ངོ་མ་ཤེས་པར།  མི་ཉག་སྐད་དུ་ལྗང་ཀུ་ལ་དྷུ་ཞེས་ཟེར་བས།  ཁོས་ལྷ་དྷུ་ཞིག་མཇལ་ཟེར་བས་མ་དེ་ལ་དྷུ་དྷུ་ཐོག་པའི་སྟེང་།  དེའི་བརྒྱུད་པ་མང་དུ་ས་དེར་མཆེད་པ་ལ་དྷུའི་རིགས་ཟེར་བ་ཡིན་ལ།   སྤྱིར་ནི་སྒང་དྲུག་དང་ཆུ་བཞི་ཟེར་བའི་ས་ཡི་ཆར།   བར་ཁམས་འདིར་སྒོ་ཡི་རིགས་འདི་མང་ལ།  ཁྱད་པར་དུ་དྷུ་ཆའི་རྒྱུད་འདིར་སྒོ་དྷུ་དྷུའི་རིགས་འདི་ཤིན་ཏུ་མང་ཕྱིར་རུས་མིང་ས་ཆ་རུ་ཐོགས་པའི་དྷུ་ཁོག་ཟེར་བ་ཡིན་ལ།   རུས་ཆེན་སྒོ་དེ་ལ་བྱེ་བྲག་ཏུ་དྷུ་ཆེན་རྒྱལ་མོ་ཚོ་བཅོ་བརྒྱད་ནི།  འགར་ཀེ་འགོལ་གསུམ།   གསུང་གསེར་འབྲོམ་གསུམ།  ཇི་འབུམ་བཞག་གསུམ།  ཤོལ་སྟག་འཕྱང་གསུམ།  གཅེས་སེང་རམ་གསུམ།  ཕྱུག་པོ་བུ་གསུམ་སྟེ་བཅོ་བརྒྱད་ཡོད་དོ། 

ཐོག་མར་འགར་གྱི་རིགས་ལ།   འགར་ཆེན་ཡེ་ཤེས་བཟང་བོ་དང་། འགར་དམ་པར་གྲགས་པའི་སྐུ་མཆེད་གཉིས་བྱུང་བ་འདི་ནི་སེང་ག་ལའི་སློབ་དཔོན་ཨརྱ་དེ་བའི་རྣམ་སྤྲུལ་དུ་གྲགས། ཡབ་མེས་རྣམས་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་བ་ཡིན་པས་ཆུང་ངུའི་དུས་ནས་འཇིགས་བྱེད་ལ་ཐུགས་དམ་མཛད།   འབྲི་གོང་དུ་བྱོན་ཏེ་སྐྱོབས་པ་འཇིག་རྟེན་མགོན་པོ་བསྟེན་ནས་གྲུབ་པ་ཐོབ།  ཙ་རིར་བྱོན་ནས་གསང་སྔགས་ཀྱི་སྤྱོད་པ་བསྐྱངས།   དྭགས་པོ་འགར་ཕུག་ཏུ་བཞུགས་པའི་ཚེ།  བོད་ཀྱི་ལྷ་འདྲེ་ཐམས་ཅད་འདུས།   སྐུ་ལུས་ཟངས་ཐལ་དུ་འགྲོ་བའི་མཚོན་ཆ་མང་བོ་བརྒྱབ་ཀྱང་ཉམ་ང་མེད་པས་ཐམས་ཅད་ཀྱིས་སྐྱབས་སོང་སྟེ་སྲོག་སྙིང་ཕུལ།   འཕྲིན་ལས་མང་བོ་མཛད་ནས།  ཕྱིས་སུ་སྤོ་བོར་ཕེབས་ནས་དེར་ཆོས་ཡེ་ནས་མི་དར་བ་ལ་རྫུ་འཕྲུལ་དང་ཐབས་མཁས་ཀྱིས་ཆོས་དར་བར་མཛད་ནས་ཕུ་ལུང་དགོན་པ་རིན་ཆེན་གླིང་བཏབ་ནས་ཞི་བར་གཤེགས།  དེར་དབོན་པོ་ཨོ་རྒྱན་ལ་སོགས་པ་ཁམས་ནས་བྱོན་ཏེ་དེའི་འཕྲོ་བསྐྱངས།  དབོན་རྒྱུད་རིམ་པར་བྱུང་བ་ལ་ཕུ་ལུང་སྡེ་བ་ཐོག་ཀ་བར་གྲགས་ཏེ་དུས་ཕྱིས་ཀྱི་བར་དུ་ཡོད་དོ། 

འགར་ཆེན་ཡེ་ཤེས་བཟང་བོས་སླར་མདོ་ཁམས་སྒང་དྲུག་གི་ས་ཆ་བདག་གིར་མཛད་དེ།   སྲས་གཉིས་ལས་བསོད་ནམས་རིན་ཆེན་གྱིས་འགྲོ་མགོན་ཆོས་རྒྱལ་འཕགས་པའི་གསོལ་དཔོན་ཞུས་ཏེ།  རྒྱ་ནག་གོང་མ་ཧོར་སེ་ཆེན་གྱིས་ཆེན་པོའི་གོ་སར་བཀོད་ནས་སྐུ་ཚེའི་སྨད་ལ་སམ་དམར་ཡང་དགོན་དུ་ཚོགས་པ་སྟོང་ཕྲག་ཙམ་བསྐྱངས།  དེའི་དབོན་པོ་དྷུ་རྒུ་རུས་ལ་སྲས་དགུ་བྱུང་བའི་ནང་ནས་སྟོང་དཔོན་ཟླ་བ་བཟང་བོར་གོང་མ་མཆོད་ཡོན་གྱིས་ས་དམར་སྟོང་དཔོན་གྱི་ལས་ཀ་གནང་ནས་མངོན་པར་མཐོ་བ་བྱུང་།  དེའི་སྲས་གཉིས་ལས་དྷུ་རྒྱལ་བ་བཟང་བོའི་སྲས་པདྣ་བསྟན་སྲུང་། དེའི་སྲས་གཉིས་ལས་དྷུ་རྒྱལ་བ་བཟང་བོའི་སྲས་པདྨ་བསྟན་སྲུང་།  དེའི་སྲས་ཀ་ཆེན་བྱང་ཆུབ་འབུམ།   དེའི་སྲས་དྷུ་ཆོས་རྡོར་བ་ནི་གསང་སྔགས་རྙིང་མའི་གྲུབ་ཐོབ་ཆེན་པོ་ཞིག་ཡིན།  དེའི་མཆེད་ཡ་དགེ་འདུན་རྒྱལ་མཚན་གྱི་སྲས་མགོན་པོ་བཟུང་སྟེ་དེང་སང་གི་བར་དུ་ས་དམར་ཕྱོགས་དེར་རིགས་རྒྱུད་མ་ཆད་པ་ཡོད་དོ། 

དཀར་ཆེན་བྱང་ཆུབ་འབུམ་གྱི་སྲས་བདེ་ཆེན་བསོད་ནམས་བཟང་བོ་ཞེས་པ།   ཡུམ་འདས་པའི་དགོངས་རྫོགས་བསྒྲུབ་པར་ཀ:ཐོག་རྡོ་རྗེ་གདན་དུ་བྱོན་ནས་ཕྱིར་མ་ལོག་པར།  མཆེད་གཞན་རྣམས་ཀྱིས་འབོད་པར་བཏང་རྩིས་ལ།   ཀརྨ་པ་ཆོས་གྲགས་རྒྱ་མཚོའི་ཞལ་ནས་དྷུ་ཆོས་རྡོར་དཔོན་སློབ་ལྟ་བུ་ཞིག་ཁོ་བོས་ཀྱང་མི་འོང་།  གྲུབ་ཐོབ་ཆེན་པོ་ཞིག་གིས་བྱིན་གྱིས་བརླབས་པའི་ས་བཀྲ་ཤིས་རྟགས་བརྒྱད་ཀྱི་དབྱིབས་སུ་རིམ་གྱིས་དབང་བསྒྱུར་ནས་བརྒྱུད་པ་ཇེ་བཟང་དུ་འགྲོའོ་ཞེས་གསུང་བ་ལྟར།  ཕྱིས་སུ་ཇི་ལྟ་བ་བཞིན་བྱུང་།  བསོད་ནམས་བཟང་བོ་དེ་ཉིད་རིམ་གྱིས་ཕོ་བྲང་ཆེན་པོ་ལྕང་ར་བསམ་འགྲུབ་རྩེར།  གླིང་ཆེན་པོ་བདག་སྲུང་གི་སྤྱན་སྔར་འབྱོར་ཏེ་སྐུ་མདུན་པར་འཁོད་ནས་བསོད་ནམས་བཟང་བོ་བདེ་དགེར་བཏགས།  དེ་ནས་བདེ་དགེ་ལ་སྲས་བཞི་བྱུང་བའི་གཉིས་པ་བོ་ཐར་དུ་གྲགས་པ་དེས་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་བོ་སྤྱན་དྲངས་ཏེ་གུས་པས་མཆོད།  གྲུབ་ཆེན་གྱིས་དངུལ་མདའི་སྲིབ་རིའི་གཤམ་དུ་ཀླུ་གནས་པའི་མཚོ་ཆུང་ངུ་ཞིག་ཡོད་པ་རྫུ་འཕྲུལ་གྱིས་བསྲུབས་ནས་དེར་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས་ཏེ།  ཆོས་སྡེ་ཆེན་པོ་དཔལ་ལྷུན་གྲུབ་སྟེང་དུ་གྲགས་པའི་བསྟན་པའི་རྨང་གཞི་ཐོག་མར་བཙུགས།  བོ་ཐར་གྱི་སྲས་གཉིས་ལས་བླ་མ་དཔལ་ལྡན་སེང་གེས་ཉིན་རིའི་ཕྱོགས་སུ་འདུས་སྡེ་བཙུགས་པས་ཉིན་དགོན་དུ་གྲགས།   དེའི་མཆེད་པོ་རྒྱལ་མཚན་འབུམ།  དེའི་སྲས་ཨ་སྔ་ཟེར་བ་སོགས་སྤུན་བཞི་ཡོད།   ཨ་སྔ་ལ་སྲས་ཇོ་གདན་ནམ་མཁའ་ལྷུན་བཟང་སོགས་སྲས་བདུན་སྐྱེས།   རྒྱལ་འཕེལ་ལ་སྲས་གསུམ་ཡོད་པ་ལས།  བདེ་དགེ་ཀུན་དགའ་རིན་ཆེན་གྱིས་ལྷུན་གྲུབ་སྟེང་གི་བླ་བྲང་གི་ལྷ་ཁང་བཞེངས་པ་སོགས་སྐུ་བསོད་ནམས་རྒྱས་པའི་འགོ་ཚུགས།  དེའི་གཅུང་དཔོན་ནམ་མཁའ་དང་།  རྡོ་རྗེ་ལྷུན་གྲུབ་གཉིས་ལས།  ནམ་མཁའི་སྲས་ལྷུན་གྲུབ།   དེའི་སྲས་བླ་མ་གྲུབ་ཐོབ་ཀུན་དགའ་རྒྱལ་མཚན་སོགས་ཀྱི་སྲས་མཆེད་དྲུག་ཡོད་པའི་གསུམ་པ་བླ་མ་བྱམས་པ་ཕུན་ཚོགས་ཀྱིས་ཆབ་སྲིད་སྐྱོང་བའི་བྱ་བ་མཛད་ནས་མངའ་ཞབས་སུ་ལྷ་སྡེ་དང་མི་སྡེ་རབ་ཏུ་རྒྱས་པར་བྱུང་།   ལྔ་བ་བླ་མ་ལྷ་དྲུང་མཚན་ཅན།  དྲུག་པ་བླ་མ་སྐར་མ་བསམ་འགྲུབ།   ཀརྨ་ཀམ་ཚང་གི་ཆོས་ལུགས་འཛིན་པ་མཛད་དེ་དཔོན་པོ་སྟོད་དུ་བཞུགས།   གཉིས་པ་དང་།   བཞི་བ་གཞིས་ཀར་བཞུགས།   གཉིས་པ་དཔོན་ཀླུ་འཕེལ་གྱི་སྲས་རྣམས་ལས་དཔོན་ཆེན་ཀུན་དགའ་ཕུན་ཚོགས་ཀྱིས་ས་སྐྱོང་བླ་མ་བྱམས་པ་ཕུན་ཚོགས་ཀྱི་གདན་སའི་ཁྲིར་ཕེབས།   ཀླུ་འཕེལ་གྱི་སྲས་ཁྲི་ཆེན་སངས་རྒྱས་བསྟན་ཟེར་བ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་མཛད་པ་ལ་ཕྱག་རྗེས་ཆེ།   འདི་བའི་ཡུམ་མི་གཅིག་པའི་གཅེན་པོ་ཨོ་རྒྱན་བཀྲ་ཤིས་ཀྱི་སྲས་ས་སྐྱོང་བླ་མ་བསོད་ནམས་ཕུན་ཚོགས་ཀྱིས་དེའི་རྗེས་སུ་ཁྲི་བསྐྱངས།   དེའི་མཆེད་ཡ་དཔོན་དབང་ཆེན་མགོན་པོའི་སྲས་མི་ཡི་དབང་བོ་བསྟན་པ་ཚེ་རིང་ཡིན་ལ།   འདིས་ནི་རྒྱལ་བོའི་བཀའ་འགྱུར་རོ་ཅོག་དང་།  དེའི་དགོངས་འགྲེལ་གྱི་བསྟན་བཅོས་བོད་འདིར་འགྱུར་ཚད་ཀྱི་དཔར་རྣམས་རྐོ་བར་མཛད་པ་སོགས་ཀྱི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་གུས་འདུད་སྲི་ཞུ་འཛིན་སྐྱོང་སྤེལ་གསུམ་མཛད་པ་ལ།   ཆོས་རྒྱལ་མེས་དབོན་རྣམས་དང་འགྲན་ནུས་པའི་རྒྱལ་བོ་དེ་ཡིན།   དེའི་སྲས་ས་སྐྱོང་བླ་མ་ཆེན་པོ་ཀུན་དགའ་ཕུན་ཚོགས་དང་།   ས་སྐྱོང་སྲིད་འཛིན་པ་བསོད་ནམས་མགོན་པོ།  གཅུང་བླ་མ་བློ་གྲོས་རྒྱ་མཚོ་དང་གསུམ་ཡིན།   ས་སྐྱོང་བསོད་ནམས་མགོན་པོར་སྲས་གཅིག་ཡོད་ཀྱང་།   སྲས་གཅིག་བུ་ཡིན་པ་སོགས་ཀྱིས།   གཅུང་བླ་མ་བློ་གྲོས་ནས་སྲིད་འཛིན་མཛད་པ།   དེའི་སྲས་མི་རྗེ་ས་དབང་བཟང་བོ་ཡིན།  དེའི་སྲས་འཇིགས་བྲལ་ཚེ་དབང་རྡོ་རྗེ་ཡིན།  འདིའི་སྲས་དང་བོས་ས་སྐྱོང་སྲིད་འཛིན་མཛད་ཅིང་།  གཉིས་པ་བླ་མ།   གསུམ་པའང་མི་དབང་ཉིད་ཀྱི་སྐུ་མཆེད་རྣམས་ད་ལྟ་བཞུགས་བཞིན་པ་འདི་ལགས་སོ། །

འདི་རིགས་ཀྱི་ཡབ་མེས་སྔོན་མ་དཔོན་རྡོ་རྗེ་ལྷུན་གྲུབ་ཀྱི་སྲས་ཀྱི་རིགས་རྣམས་ནས་སྔར་བླ་མ་བཀྲ་ཤིས་རྒྱ་མཚོ་ཞེས་པའི་སྐྱེས་བུ་དམ་པ་དེ་སོགས་བྱུང་ལ།  དཔོན་པོ་ལྷུན་གྲུབ་ཀྱི་མི་རྒྱུད་དང་།   གཞན་མཁར་ནང་ཟེར་བ་དང་།   མདོ་ཆུང་ཚང་སོགས་ཀྱི་སྐུ་རིགས་ཡང་ཡིན་ནོ། 

འདི་རྣམས་ནི་སོ་གེའི་ཡིག་ཚང་ཁུངས་མ་ལས་ཐོབ་མཐོ་ཞིང་།  དེ་ལས་གཞན་དུ་གོང་བཤད་ཀྱི་དྷུ་ཆེན་རྒྱལ་མོ་ཚོ་བཅོ་བརྒྱད་ཀྱི་མི་རིགས་ཐམས་ཅད་དེའང་སྒོ་ལྷ་རིགས་ཡིན་ལ།   འདི་དང་འདིར་ལྟར་ཞེས་ཇི་བཞིན་འཆད་དུ་མེད།  དེ་དག་གི་ཡིག་ཚང་ཁུངས་མ་ད་སྔ་བདག་གིས་མ་མཐོང་བའི་ཕྱིར་རོ། 

ལྷ་རིགས་སྒོ་འདིའི་གདུང་རིགས་ནི་དབུས་གཙང་དང་།  བར་ཁམས་མདོ་སྨད་སོགས་བོད་ཀྱི་ཡུལ་འདིར་མང་དུ་ཡོད་པ་ནི་ཤུགས་ལ་རྟོགས་ནུས་ཤིང་།  བོད་དབུས་སུ་བོད་རྒྱལ་བོའི་བློན་རིགས་ཞིང་ཟེར་བ་སྔར་བཤད་པ་ལྟར་རིགས་ཡིན་ལ།   དབུས་ཀྱི་མཁར་ཆེན་རིགས་སྒོ་ལ་གཏོགས་ཞེས་པའི་གནའ་མིའི་ངག་རྒྱུན་ཡོད་ཀྱང་ཇི་བཞིན་མ་འཚལ།  གཞན་དབུས་ཀྱི་ཞིང་ཟེར་བའི་རིགས་ཏེ་སྦྲ་དཀར་ལ་གཏོགས་ལ།   སྦྲ་དཀར་སྦྲ་ཡིན་པ་འོག་ནས་འཆད་དོ། 

སྒོ་རིགས་འཁྲུལ་མེད་དུ་འཁྲུངས་པའི་ཚོགས་རྣམས་ནི་ཡ་རབས་ཀྱི་ཡོན་ཏན་དང་སྤྱོད་ཚུལ་ཀུན་ལྡན་ལ།   དེ་སྟེང་ཕོ་རྩལ་སྣ་དགུ་དང་ཡང་དགུ་འཛོམ་པ།   ཁྱད་པར་དུ་བླ་མ་རྣམས་ནི་བྱང་ཆུབ་སེམས་དཔའི་བློ་ཚད་ལྡན་གྱི་རིགས་སྐྱེས་བུ་དམ་པ་བླ་མ་ལྷའི་རིགས་ཁོ་ན་ཡིན་ཞིང་།   དེ་རྣམས་ཀྱི་མཚུན་ལྷ་རྣམས་ང་།  སྒོ་རིགས་ཀྱི་རུས་ལྷ་དང་དགྲ་ལྷ་དུང་མི་དུང་རྟ་ཅན་ཟེར་བ་བསྟོད་དགོས་ཤིང་།  འགོ་བའི་སྲུང་མ་ནི་བོད་ཀྱི་ཡུལ་ལྷ་ཆེན་པོ་རྣམ་གསུམ་དང་།   ཡར་ལྷ་ཤམ་པོ་དང་དམ་ཅན་སྐྱེས་བུ་ཆེན་པོ་སྐུ་མཆེད་མཆོད་བསྟོད་ལ་བརྩོན་དགོས་པ་ཡིན། 

   

རུས་རྒྱུད་གཞན་ཤེས་འདོད་ན་ལེའུ་གསུམ་པར་གཟིགས།


རྩོམ་སྒྲིག་པ།  ངེད་དྲ་བ།  སྤེལ་དུས། 2013/3/16 བལྟ་ཀློག (14382)