ཚན་རིག་པ་བློ་བཟང་སྨོན་ལམ་ངོ་སྤྲོད།

 

     བློ་བཟང་སྨོན་ལམ་ནི། རྔ་བའི་སྤྲོ་ཚིགས་ཡུལ་དུ་སྐྱེས། ཡུལ་ཚོའི་སློབ་ཆུང་ཐོན་རྗེས་སྤྲོ་ཚིགས་དགོན་དུ་གྲྭ་པ་བྱས་ཏེ་རྒྱུད་སྡེ་ཁག་བློ་འཛིན་དང་ཆོ་ག་ཕྱག་ལེན་སྐོར་ལ་སློབ་སྦྱོང་བྱས་ཏེ་རང་ལོ་བཅུ་དྲུག་ཐོག་རྒྱུད་སྡེ་བློ་འཛིན་སོགས་དགོན་པའི་སློབ་སྦྱོང་ཆ་ཚང་ཐོན། ལོ་བཅོ་ལྔ་ཙམ་ནས་བོད་ཀྱི་སྲོལ་རྒྱུན་ཐང་ཀ་འབྲི་སྟངས་དང་ཕྱི་ནས་ནུབ་ལུགས་ཀྱི་སྣུམ་ཚོན་རི་མོ་སྦྱངས། ཆུང་དུས་ནས་རི་མོ་དང་འཕྲུལ་རིག་སྐོར་ལ་དགའ་མོས་ཡོད་ཅིང་། རང་ལོ་བཅོ་ལྔའི་ཐོག་FM Microphone ཤིག་བཟོས་ནས་དགོན་པའི་མཁན་པོའི་སྐེ་ལ་བཏགས་ཏེ་གསུང་ཆོས་གནང་ཐུབ་པ་བྱུང་བ་ནི་མི་ཚེའི་ནང་འཕྲུལ་ལས་ཐོག་ལེགས་འགྲུབ་བྱུང་བ་ཐེངས་དང་པོ་ཡིན།
    
ཕྱི་ལོ་༡༩༩༣ ལོར་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་འཛུལ་ཞུགས་ཀྱི་མི་ལོ་བཅུ་དྲུག་ལྷག་རིང་ནང་དོན་རིག་པའི་གཞུང་ཆེན་ཁག་ལ་སློབ་གཉེར་བྱས། ཕྱི་ལོ་༢༠༠༡ ལོར་སེར་སྨད་གྲྭ་ཚང་གི་འདུ་ཁང་གསར་བཞེངས་སྐབས་བཟོ་བཀོད་འཆར་འགོད་ཀྱི་འགན་ཁུར་ནས་འདུ་ཁང་ཕྱི་ནང་གི་རི་མོ་དང་སྐུ་གསུང་ཐུགས་རྟེན་གྱི་འཆར་འགོད་བྱས། འདུ་ཁང་ནང་སྲོལ་རྒྱུན་ལྡེབས་རིས་རྣམས་ཀྱི་མ་དཔེ་སྣག་བྲིས་དང་སྣུམ་ཚོན་རི་མོ་གྲངས་བཞི་བཅུ་ལྷག་བྲིས་པས། འདུ་ཁང་སྒོ་འབྱེད་སྐབས་དམིགས་བསལ་གཟིམ་ཆུང་མཇལ་ཁ་གནང་།
    
ཕྱི་ལོ་༢༠༠༣་ཙམ་ནས་གློག་ཀླད་སྐོར་ལ་དོ་སྣང་དང་ལག་ལེན་བྱེད་འགོ་བཙུགས། གློག་ཀླད་བེད་སྤྱོད་གཏོང་ཤེས་པ་ཙམ་མིན་པར་དེའི་ནང་གི་མཉེན་ཆས་ཁག་བཟོ་ཕྱོགས་ལ་བསམ་བློ་གང་མང་བཏང་སྟེ་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་ཚོད་ལྟ་ཡང་ཡང་བྱས་མཐར་གློག་ཀླད་ནང་བོད་ཡིག་དབུ་མེད་བེད་སྤྱོད་གཏོང་ཐུབ་པ་བྱུང་། ཕྱི་ལོ་༢༠༠༥ལོར་སྨོན་ལམ་བོད་ཡིག་དང་པོ་ཞེས་པའི་མཉེན་ཆས་གསར་བཟོ་བྱས་ནས་བོད་ཕྱི་ནང་དུ་རིན་མེད་འགྲེམས་སྤེལ་བྱས། དེ་ནི་བོད་མི་སྒེར་བ་ཞིག་གིས་བཟོས་པའི་བོད་ཡིག་ཐོག་མ་དང་གློག་ཀླད་ནང་དབུ་མེད་བཅུག་པ་ཐོག་དང་པོ་ཆགས་ཡོད། དེ་རྗེས་མུ་མཐུད་སྨོན་ལམ་བོད་ཡིག་གཉིས་པ་དང་། སྨོན་ལམ་བོད་ཡིག་གསུམ་པ། སྨོན་ལམ་ཚིག་མཛོད། སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས། Andriod OS ཁ་པར་མ་ལག་ནང་སྨོན་ལམ་བོད་ཡིག་དང་སྨོན་ལམ་ཚིག་མཛོད་གསར་བཅུག་བཅས་བྱས་པར་བོད་སྐད་ཡིག་བེད་སྤྱོད་གཏོང་མཁན་ཚོར་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་བྱུང་ཞིང་། བོད་ཕྱི་ནང་གི་གནད་ཡོད་མི་སྣ་དང་མཁས་དབང་མང་པོས་དགོངས་ཚུལ་ལམ་སྟོན་གནང་དོན་ལྟར། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གསར་དུ་བཙུགས།

    ཕྱི་ལོ་༢༠༡༠ ལོའི་ཟླ་བཅུ་གཅིག་པའི་ནང་ཨ་རིའི་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་ཀུན་ཕན་ཐེབས་རྩ་ཚོགས་པས་གོ་སྒྲིག་བྱས་པའི་གསོན་གནས་དང་ཌིཇིཊོལ་ཞེས་པའི་ཚོགས་འདུར་བསྐྱོད་དེ་བོད་ཕྱི་ནང་སོགས་ཀྱི་གློག་ཀླད་ལས་རིགས་ཀྱི་མི་སྣ་མང་པོར་ཐུག་ཕྲད་དང་བསམ་ཚུལ་བརྗེ་ལེན་བྱས། ཕྱི་ལོ་༢༠༡༡ ལོའི་ཟླ་༡༢ པའི་ནང་ནེའུ་ཡོག་ཏུ་ཚོགས་པའི་རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་ཚོགས་ཆེན་གསུམ་པར་གདན་ཞུས་ལྟར་འཛལ་ཞུགས་གཏམ་བཤད་དང་།  དེ་བཞིན་ཉི་ཧོང་གི་ཨོ་ཐཱ་ནེས་གཙུག་ལག་སློབ་གླིང་དང་མཉམ་འབྲེལ་ཐོག་ཉི་ཧོང་དུ་བསྐྱོད་དེ་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་བོད་ཡིག་བཅུག་པ་དང་། ཤེས་རིག་ལས་ཁུངས་དང་བོད་ཁྱིམ་སློབ་གྲྭ་སོགས་ཀྱི་གོ་སྒྲིག་འོག་གློག་ཀླད་སྐོར་གྱི་ཟབ་སྦྱོང་གང་མང་སྤྲད། ད་ཆ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དང་བོད་སྐད་ཡིག་དང་འབྲེལ་བའི་མཉེན་ཆས་སྣ་ཚོགས་སྐོར་ལ་ཞིབ་འཇུག་དང་གསར་བཟོའི་ལས་ཀ་བྱེད་མུས།

སྨོན་ལམ་བོད་ཡིག་གི་མཛད་པ་པོ་གྲྭ་པ་བློ་བཟང་སྨོན་ལམ་ལགས་ཀྱིས་དགེ་འདུན་པ་རྣམས་ལ་རྩིས་འཕྲུལ་གྱི་ཤེས་བྱ་སློབ་བཞིན་པ། 


རྩོམ་སྒྲིག་པ།  ངེད་དྲ་བ།  སྤེལ་དུས། 2013/4/4 བལྟ་ཀློག (12270)