འུར་ཆ།

ཡོང་ཁུངས། བོད་ཀྱི་བྱིས་པའི་རིག་གནས་བསླབ་བདེ་བློ་གསལ་འཇུག་ངོགས་ལས་བསྡུས།  རྩོམ་པ་པོ། མི་གསལ། 

འཇམ་པོའི་བལ་གྱིས་བཟོས་པའི། །   འུར་རྡོ་ཆུ་མིག་དགུ་སྒྲིལ། །    

ཆུ་མིག་གཞུང་ནས་བརྒྱབས་པས། །    དབྱིན་ཇིའི་སྣ་ལ་ཕོག་སོང་། །

           ཡོངས་སུ་ཁྱབ་པའི་གོང་གསལ་གྱི་དམངས་གཞས་འདི་ནི་དུས་རབས་འདིའི་དུས་མགོར་བོད་མི་དམངས་ཀྱིས་དབྱིན་ཇིའི་བཙན་འཛུལ་ལ་ངོ་རྒོལ་བྱེད་སྐབས་དཔའ་བོའི་སྙིང་སྟོབས་ལ་བསྟོད་པ་ཞིག་རེད།  དེའི་ཐོག་ནས་རང་རེ་བོད་ཀྱི་འུར་ཆ་ནི་ཐོན་སྐྱེད་ཀྱི་ཡོ་བྱད་ཡིན་པ་མ་ཟད་དགྲ་བོར་རྒོལ་བྱེད་ཀྱི་མཚོན་ཆ་ཞིག་ཀྱང་ཡིན་པ་མཚོན།  དེ་ནི་ང་ཚོ་བོད་ཀྱི་གསར་གཏོད་ཐུན་མོང་མ་ཡིན་པ་ཞིག་ཡིན་ཞིང་།    དེའི་སྤྱོད་ལུགས་ནི་ཤུགས་ཀྱི་རིག་པའི་རྩ་བའི་རིགས་པ་དང་མཐུན་པ་ཙམ་དུ་མ་ཟད།     ཤུགས་ཀྱི་རིག་པའི་ནང་ཚན་ཀོར་ཐིག་འགུལ་སྐྱོད་སྐོར་གྱི་ངེས་སྲོལ་ལྟར་ན།ཀོར་ཐིག་ཐོག་འགུལ་སྐྱོད་ཀྱི་དངོས་པོ་ཡིན་ཕྱིན་ཀོར་ཐིག་ཐོག་གི་མཚམས་གང་འདྲ་ཞིག་གི་འགུལ་སྐྱོད་བྱེད་པའི་ཁ་ཕྱོགས་ནི་་མཚམས་དེ་གའི་འཕེན་  ཕྱོགས་སམ་བཅད་ཐིག་དང་མཚུངས་པས།   ང་ཚོས་འུར་རྡོ་རྒྱག་སྐབས་འུར་ཆའི་སྣེ་མོ་ཕུད་མ་ཐག་པའི་རྡོའི་འཕུར་ཕྱོགས་ནི་མཚམས་དེ་གའི་བཅད་ཐིག་དང་མཚུངས།   དེ་ནི་འུར་ཆའི་ནང་གི་རྡོ་ལ་ནང་ཕྱོགས་འཐེན་ཤུགས་དང་ཕྱིར་ཕྱོགས་གྱེས་ཤུགས་གཉིས་ཕོག་པས་འུར་རྡོའི་སྣེ་མོ་ཕུད་མ་ཐག་རྡོ་དེ་བཅད་ཐིག་གི་ཕྱོགས་སུ་འཕུར་གྱི་ཡོད་པ་རེད།       སྤྱིར་བཏང་མིའི་ལག་པས་ཀྱང་རྡོ་རྒྱང་རིང་ཚད་ཀུང་ཁྲེ40ཙམ་འཕེན་ཐུབ་མོད།   འོན་ཀྱང་འུར་ཆས་འཕེན་པའི་རྡོའི་རྒྱང་རིང་ཚད་ཀུང་ཁྲེ་བརྒྱ་ལྷག་ཟིན་ཐུབ་པས་ར་ལུག་སོགས་འཚོ་བྱེད་ཀྱི་ཡོ་ཆས་བྱས་ཆོག་པ་མ་ཟད་དགྲ་བོ་དང་སྤྱང་ཀི་སོགས་འདུལ་བྱེད་ཀྱི་མཚོན་ཆ་རྔམ་བརྗིད་ལྡན་པ་ཞིག་ཀྱང་རེད།


རྩོམ་སྒྲིག་པ།  ངེད་དྲ་བ།  སྤེལ་དུས། 2013/4/7 བལྟ་ཀློག (4248)