རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧེ་ནན་ཞིང་ཆེན་སན་ཡ་གྲོང་ཁྱེར་ནས་པུས་ལུའུ་ཡི་ཙུང་ཐུང་བུའུ་མཱ་ལ་དང་གྲོས་མོལ་མཛད་པ།

6666.jpg

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་དྲུག་ཉིན་ཧེ་ནན་ཞིང་ཆེན་སན་ཡ་གྲོང་ཁྱེར་ནས་པུས་ལུའུ་ཡི་ཙུང་ཐུང་བུའུ་མཱ་ལ་དང་གྲོས་མོལ་མཛད།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་དྲུག་ཉིན་ཧེ་ནན་ཞིང་ཆེན་སན་ཡ་གྲོང་ཁྱེར་ནས་པུས་ལུའུ་ཡི་ཙུང་ཐུང་བུའུ་མཱ་ལ་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཕྱོགས་གཉིས་ཀྱི་འབྲེལ་བ་དང་མཉམ་དུ་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་བར་གྱི་གནད་དོན་ཐད་ལ་དགོངས་འཆར་བརྗེ་རེས་མཛད་པ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་བྱ་བར་ཤུགས་སྣོན་པར་གྲོས་མཐུན་འགོད་པའི་ཐད་ལ་ལྟ་ཚུལ་གཅིག་འདྲ་བྱུང་བར་མ་ཟད། མཉམ་དུ་ཀྲུང་གོ་དང་པུས་ལུའུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་བསླེབ་དགོས་པ་ཁྱབ་བསྒྲགས་བྱས།

ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོ་དང་པུས་ལུའུ་རྒྱལ་ཁབ་གཉིས་བར་ཕན་ཚུན་ཡིད་ཆེས་དང་། ཕན་ཚུན་མཉམ་ལས་བྱས་པ་དེ་ནི་གྲོགས་པོ་བཟང་བོ་རེད། ཉིས་སྟོང་དགུ་ལོར་པུས་ལུའུ་རྒྱལ་ཁབ་ཀྱིས་ལཱ་ཏེན་མེ་གླིང་ནས་ཀྲུང་གོ་དང་རང་མོས་ཉོ་ཚོང་གྲོས་མཐུན་ཐོག་མ་བཀོད་དེ། ལཱ་ཏེན་མེ་གླིང་རྒྱལ་ཁབ་ནས་དཔེ་སྟོན་གྱི་ནུས་པ་གལ་ཆེན་ཐོན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་པུས་ལུའུ་བར་གྱི་འབྲེལ་བ་ཅུང་བཟང་བོའི་སྒོ་ནས་འཕེལ་རྒྱས་བཟང་བོ་བྱུང་བར་ཡིད་ཚིམས་ཡོད། ང་ཚོས་པུས་ལུའུ་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་པ་གོ་སྐབས་སུ་བརྩིས་ནས། ཀྲུང་གོ་དང་པུས་ལུའུ་བར་གྱི་མཛའ་མཐུན་མཉམ་ལས་གྲོགས་པོའི་འབྲེལ་བ་ཇེ་བརྟན་དུ་གཏོང་འདོད་ཡོད་ཟེར།

བུའུ་མཱ་ལ་ཡིས་བསྟན་དོན། ཀྲུང་གོ་ནི་པུས་ལུའུ་རྒྱལ་ཁབ་ཀྱི་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོ་འབྲེལ་བ་གལ་ཆེན་ཞིག་རེད། ང་རང་ཀྲུང་གོར་འཚམས་འདྲིར་ཡོང་བའི་དམིགས་ཡུལ་ནི་ཁྱོན་ཡོངས་ནས་མཉམ་ལས་བྱ་བར་ཡར་སྐུལ་བྱེད་པ་དང་། པུས་ལུའུ་དང་ཀྲུང་གོ་བར་གྱི་འབྲེལ་བའི་ཆུ་ཚད་སྔར་ལས་ཇེ་བཟང་དུ་གཏོང་རྒྱུ་དེ་ཡིན་ཟེར།

པུས་ལུའུ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་མཐོ་རིམ་འགྲོ་འོང་འབྲེལ་བ་རྒྱུན་འཁྱོངས་བྱས་ནས། སྲིད་ཇུས་ཐད་ནས་ཁ་བརྡ་དང་བརྗེ་རེས་བྱེད་པའི་བྱ་བར་ཤུགས་བསྣན་ནས། མཉམ་ལས་རྒྱ་བསྐྱེད་པ་དང་། ཕྱོགས་གཉིས་ཀྱི་ཉོ་ཚོང་དང་དངུལ་གཏོང་མཉམ་ལས་འཕར་སྣོན་བྱེད་པ་དང་། ཀྲུང་གོའི་ཁེ་ལས་པུས་ལུའུ་རུ་ཡོང་ནས་མ་དངུལ་བཏང་ནས་ཁེ་ལས་སྒྲུབ་པར་དགའ་བསུ་ཞུ་བཞིན་ཡོད་ཟེར།  པུས་ལུའུ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་སྣའི་བར་སྔོན་ཆད་ནས་ཡོད་པའི་སློབ་གསོ་དང་གནས་སྐོར་མཉམ་ལས་བྱ་བ་ཡར་སྐུལ་བྱས་ནས། ཀྲུང་གོ་ཕྱོགས་ཀྱིས་པུས་ལུའུ་ནས་ཁུང་ཙི་སློབ་གླིང་སྔར་ལས་མང་པོ་འཛུགས་པར་དགའ་བསུ་ཞུ་བ་ཡིན་པ་དང་། པུས་ལུའུ་ཕྱོགས་ཀྱིས་ཀྲུང་གོས་རྒྱལ་སྤྱི་དང་ས་ཁུལ་བར་གྱི་ལས་དོན་ཁྲོད་དུ་དགེ་མཚན་ལྡན་པའི་ནུས་པ་འདོན་པར་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཨེ་ཤ་ཡ་ཞི་བདེ་རྒྱ་མཚོ་ཆེན་མོའི་ལས་དོན་ཁྲོད་དུ་འབྲེལ་འདྲིས་དང་མཐུན་སྦྱོར་བྱེད་པའི་བྱ་བ་སྲུང་འཛིན་བྱེད་འདོད་ཡོད་ཟེར། 

གྲོས་མོལ་མཛད་རྗེས། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་མཉམ་དུ་ཀྲུང་གོ་དང་པུས་ལུའུ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་དཔལ་འབྱོར་ལག་རྩལ་མཉམ་ལས་གྲོས་མཐུན་དང་དེ་མིན་ཞིང་ལས་དང་ནགས་ལས། སློབ་གསོ་དང་རིག་གནས། དབུལ་སྐྱོར་དང་། གནོད་འཚེ་ཇེ་ཉུང་དང་རྒུད་སྐྱོབ་སོགས་ཁྱབ་ཁོངས་མཉམ་ལས་ཀྱི་ཡིག་ཆར་མིང་བཀོད།

ལོ་ཙཱ།  བདེ་སྐྱིད་འཚོ།


རྩོམ་སྒྲིག་པ།  ངེད་དྲ་བ།  སྤེལ་དུས། 2013/4/8 བལྟ་ཀློག (2212)