ནེ་ཀྲི་རི་ཡཱའི་ལྷོ་ཕྱོགས་ས་ཁུལ་དུ་རླངས་འཁོར་གཉིས་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་མི་དྲུག་ཅུ་ལྷག་རྐྱེན་ལམ་དུ་ཤོར་བ།

    ནེ་ཀྲི་རི་ཡཱའི་ལྷོ་ཕྱོགས་ཀྱི་ཨེ་ཏའོ་ཀྲིག་དང་བུན་ཏའོ་ཀྲིག་གི་འབྲེལ་མཚམས་ཀྱི་གཞུང་ལམ་སྟེང་ཚེས་ལྔ་ཉིན་རྒྱང་བཞུད་འགྲུལ་སྐྱེལ་རླངས་འཁོར་ཞིག་དང་སྣུམ་འདྲུད་རླངས་འཁོར་ཞིག་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་དྲུག་ཅུ་རྐྱེན་ལམ་དུ་ཤོར།

ནེ་ཀྲི་རི་ཡཱའི་གཞུང་ལམ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དཔོན་པོ་ཞིག་གིས་ཉིན་དེར་གསར་འགོད་པར་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་དེ་བདེན་དཔང་བྱས། ཁོས་བཤད་རྒྱུར། རྒྱང་བཞུད་འགྲུལ་སྐྱེལ་རླངས་འཁོར་དང་སྣུམ་འདྲུད་རླངས་འཁོར་ཐོ་བརྒྱབ་པ་ལས་མེ་སྐྱོན་ཆེན་པོ་བྱུང་བ་དང་། ལམ་འགྲམ་གྱི་རླངས་འཁོར་ཞིག་གསོ་ཁང་དུའང་མེ་མཆེད་ནས། ཞིག་གསོ་བྱེད་བཞིན་པའི་རླངས་འཁོར་བརྒྱད་མེར་བསྲེག དོན་རྐྱེན་བྱུང་རྗེས་རྒུད་སྐྱོབ་མི་སྣ་མྱུར་མོར་དོན་རྐྱེན་བྱུང་སར་ཐོན་པ་དང་། མིག་སྔར་རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱས་ཟེར།

    ནེ་ཀྲི་རི་ཡཱའི་ལྷོ་ཕྱོགས་ས་ཁུལ་གྱི་གཞུང་ལམ་མི་བདེ་བ་དང་འགྲིམ་འགྲུལ་དོན་རྐྱེན་རྒྱུན་དུ་འབྱུང་བཞིན་ཡོད། ནེ་ཀྲི་རི་ཡཱའི་གཞུང་ལམ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དཔོན་རིགས་ཀྱིས་རིགས་སྣ་ཚོགས་ཀྱི་རླངས་འཁོར་ཁ་ལོ་བས་འགྲིམ་འགྲུལ་སྒྲིག་སྲོལ་བརྩི་སྲུང་ནན་མོ་བྱས་ཏེ། ཐེག་ཚད་བརྒལ་བ་དང་མྱུར་ཚད་བརྒལ་བར་གཏན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ལོ་ཙཱ་བ། བསོད་ནམས་ཚེ་རིང་།


རྩོམ་སྒྲིག་པ།  ངེད་དྲ་བ།  སྤེལ་དུས། 2013/4/8 བལྟ་ཀློག (2316)