ཁྱིམ་བདག་དང་སེམས་གཏམ་བགྲོ་བ།

                                                   དུང་།

དེ་རིང་སློབ་གྲྭའི་བཀོད་སྒྲིག་ལྟར། ང་ཚོས་ཁྱིམ་བདག་གི་ཚོགས་འདུ་ཞིག་བསྡུ་དགོས་པ་ཆགས་ཡོད། འོན་ཀྱང་ངས་དེ་ལ་ཚོགས་འདུ་ཞེས་མིང་བཏགས་མེད་པར་ཁྱིམ་བདག་དང་སེམས་གཏམ་བགྲོ་བ་ཞེས་སྒོ་སམ་ངོས་ལ་བྲིས་ཡོད་པ་འདི་བཞིན་ཡིན།

ཁྱེད་ཚོའི་བྱིས་པ་ཡོད་ས་འདི་ལོ་རིམ་དང་པོའི་འཛིན་གྲྭ་གཉིས་པ་རེད། ང་བོད་ཡིག་གི་དགེ་རྒན་ཡིན། ཚེ་རིང་སྒྲོལ་མ་རྒྱ་ཡིག་གི་དགེ་རྒན་རེད། བསོད་ནམས་སྒྲོལ་མ་གྲངས་རིག་གི་དགེ་རྒན་རེད། སློབ་མ་ཕོ་ཉེར་ལྔ་དང་མོ་བཅུ་བདུན་ཏེ། ཁྱོན་བསྡོམས་སློབ་མ་བཞི་བཅུ་ཞེ་གཉིས་ཀྱིས་གྲུབ་ཡོད། ཐོག་མར་ང་ཚོའི་འཛིན་གྲྭའི་གནས་ཚུལ་མདོར་བསྡུས་ཤིག་ངོ་སྤྲོད་བྱས་པ་འདིར་དགོས་པ་གང་ཡོད་ཅེ་ན། ཁྱིམ་བདག་ལ་ལས་རང་གི་བྱིས་པ་ལོ་རིམ་གང་ཡིན་ཤེས་རུང་འཛིན་གྲྭ་གང་ཡིན་ཤེས་ཀྱིན་མེད་པས་སོ།།

ང་ཚོ་དེ་རིང་འདིར་འཛོམས་དགོས་དོན་ནི་ཁྱེད་ཚོའི་བུ་ཕྲུག་དང་ངེད་ཅག་གི་སློབ་མ་ཚོའི་དོན་དུ་རེད། དེ་བས་ངས་ཆེད་དུ་རང་ཅག་གི་སེམས་གཏམ་བགྲོ་བའི་གཏམ་མགོ་སློང་གི་ཡོད། ཁྱིམ་བདག་ལ་ལ་དང་འདྲ་བར་ངའི་ཕ་མའི་དུས་སྐབས་སུ་སློབ་གྲྭར་མ་སོང་ལ་ཡི་གེའང་མ་ཤེས་ན་ཆོག ངའི་དུས་སྐབས་སུ་སློབ་གྲྭར་འགྲོ་དགོས་ལ་ཡི་གེའང་ཤེས་དགོས། ངའི་ཅུང་ཙམ་ཤེས་པ་དེ་ཙམ་པོས་ཁྱེད་ཚོའི་བྱིས་པ་ཚོར་མགོ་གཡོག་སྤྱད་ཅིག་ཉན་ཡོད་པ་འདི་རེད། དེས་ན་ང་ཚོའི་བུ་ཕྲུག་གི་དུས་སྐབས་སུ་སློབ་གྲྭར་ངེས་པར་ཞུགས་དགོས་ལ་ཡི་གེ་ཤེས་པས་མི་ཆོག་པར་ཧ་ཅང་མཁས་དགོས། རིག་གནས་ཡོན་ཏན་མེད་ན་མདུན་ལམ་རྟ་རྔ་ཙམ་ཡང་མེད་པ་འདི་ང་ཚོའི་མིག་སྔར་ཤར་ཡོང་གིན་པའི་འགྲན་རྩོད་སྣ་ཚོགས་ཀྱི་ཚ་རླབས་འཕྱུར་བའི་སྤྱི་ཚོགས་འཕེལ་རྒྱས་ཀྱིས་ར་སྤྲོད་ཀྱིན་ཡོད། དེ་ལྟ་བུ་ཡིན་པའི་རྒྱུ་མཚན་གྱིས་ང་ཚོ་དགེ་རྒན་ཡིན་ན་འདྲ། ཁྱེད་ཚོ་ཁྱིམ་བདག་ཡིན་ན་འདྲ། མི་ཞིག་བྱུང་ན་ཆུང་ནས་ཡོང་། རྟ་ཞིག་ཡོང་ན་རྟེའུ་ནས་ཤེས།ཞེས་པའི་དཔེ་ལྟར་བྱིས་པ་འདི་ཚོ་ལོ་རིམ་དང་པོ་ཡིན་དུས་ནས་འཐུས་ཤོར་དུ་མི་གཏོང་བར་དམ་འཛིན་ལེགས་པོ་བྱེད་དགོས་པ་ཡིན། ཆུང་དུས་ནས་ཡ་རབས་ཚུལ་ལྡན་དང་བདེ་དགའ་སྤྲོ་སྐྱིད་ཀྱི་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་བར་རྨང་གཞི་ལེགས་པར་འདིང་དགོས་པ་ནི་གལ་ཆེན་པོ་རེད་འདོད། ལོ་རིམ་དྲུག་པ་མཐར་ཕྱིན་རན་དུས་ན། མོ་རྩིས་ལུང་བསྟན་ཞུས་ཏེ་སྐུ་རིམ་ཁོ་ནར་བརྟེན་དགོས་ན་ང་ཚོ་ཐབས་ཟད་སོང་བ་རེད། དཔེར་ན། ལོ་འདི་ཚོར་རྨ་ཆུ་ན་རྟ་རྒྱུག་འགྲན་སྡུར་བྱེད་ཀྱིན་ཡོད་པ་དེར་བལྟས་སོང་ན་ང་ཚོས་གསལ་བོར་གོ་ནུས་ཏེ། རྟ་ལ་བང་མེད་པར་མོ་རྩིས་ལུང་བསྟན་ཞུས་ཏེ་བསང་མཆོད་དང་སྐུ་རིམ་ག་ཚོད་ཅིག་བྱས་ཀྱང་། མི་རྟ་ལ་གནོད་པ་དང་བར་ཆད་སེལ་བའི་ཁག་ཐེག་ཡིན་ནའང་བང་རྩལ་ཇེ་མགྱོགས་སུ་འགྲོ་བར་ནི་མི་ཕན། དེའི་རྒྱུ་མཚན་ནི། དུས་རྒྱུན་སློབ་སྦྱོང་མ་བྱས་པར་བསང་མཆོད་དང་སྐུ་རིམ་ཁོ་ནས་རྒྱུགས་འཕྲོད་མི་ཐུབ་ཅེས་པ་དེ་ཡིན། འབྲས་བུ་འཁྲུངས་དགོས་ན་ས་བོན་འདེབས་དགོས་པ་དེ་ཚང་མའི་ཤེས་གསལ་ལྟར་རེད། དེ་བས་རང་ཅག་གི་སྔོན་བྱོན་མེས་པོ་དམ་པ་དག་གི་ཞལ་སྔ་ནས་ཀྱང་།

‘‘མ་བསླབ་པ་ལ་ཀུན་མཁྱེན་དུ་འགྲོ་ན་རྒྱུ་འབྲས་ག་ལ་བདེན’’དང་། ‘‘མ་བསླབ་ཁ་རོག་འདུག་པ་ལ་ལོ་བརྒྱར་སོང་ཡང་བཟང་སྐྱེད་མེད

’’ཅེས་པ་སོགས་ཤེས་བྱ་ཇི་སྙེད་སྦྱོང་དགོས་པ་དང་མ་སྦྱངས་ན་མི་ཤེས་པའི་གནས་ལུགས་ལེགས་པར་བསྟན་ཡོད་པ་དེ་བཞིན་རེད།

སྤྱིར་བོད་ཀྱི་ས་ཆ་མང་པོར་སློབ་གསོ་ལ་མཐོང་ཆེན་མི་བྱེད། ནང་སྒོས་སུ་རྨ་ཆུ་འདི་ངོ་མ་བཙོག་གི སློབ་གསོའི་སྤྱི་ཚོགས་བཙོག་གི  སློབ་གསོའི་ཁོར་ཡུག་བཙོག་གི  སློབ་གསོར་བཟུང་བའི་རྣམ་འགྱུར་བཙོག་གི  མིག་སྔའི་སྒོར་རྡོག་ཁ་ཤས་ཀྱི་དོན་དུ་དཀར་ནག་གོ་ལྡོག་བྱེད་པ། ལེགས་ཉེས་དབྱེ་འབྱེད་བྲལ་བ། བཟང་ངན་གྱི་ཁྱད་པར་མི་ཕྱེ་བ་ལྟ་བུ་སོགས་གནད་དོན་མང་པོ་ཡོད་དེ། ཁྱོད་ཚོས་མཉམ་འཇོག་གི་ཡོད་ན། འུ་ཚོའི་མི་མང་ཆེ་བ་ནི་ལོ་བརྒྱ་ལོན་རུང་སེམས་གཅིག་མི་ཤེས་པའི་སྟབས་ཀྱིས་ཕྱོགས་དང་སྣ་མང་པོ་ནས་ཐད་ནས་རང་ཅག་འདི་འདྲའི་རྗེས་ལུས་ཐེབས་པ་རེད།

ཡ་རབས་ཚང་ལ་མ་རབས་མེད་མ་རབས་ཡོད་རུང་མར་དབང་མེད། མ་རབས་ཚང་ལ་ཡ་རབས་མེད་ཡ་རབས་ཡོད་རུང་ཡར་དབང་མེད།ཅེས་པ་ལྟར། ང་ཚོའི་གནས་བབ་ནི་ཚིག་རྐང་རྗེས་མ་དེས་ཡོངས་སུ་མཚོན་པར་བྱས་ཡོད།

སློབ་གསོ་སློབ་གསོ་ཞེས་པ་འདི་མཐར་དེད་སོང་ན། མི་ཚེ་ག་འདྲ་ཞིག་ཡོང་མི་ཡོང་དང་། འཚོ་བ་ཇི་འདྲ་ཞིག་རོལ་མི་རོལ་གྱི་གནད་འགག་ཡིན། ངའི་རེ་བར་ཁྱེད་ཚོ་ཁྱིམ་བདག་རྣམ་པ་ཡིན་ནའང་། སློབ་གསོ་འདི་ལ་ངོས་འཛིན་ཡང་དག་པ་ཞིག་སྐྱེ་དགོས་པ་གལ་ཆེན་ནང་གི་དོན་ཆེན་རེད། ང་ཚོའི་སློབ་གསོ་ཟེར་བ་དེ། མ་འོངས་པ་ན། ལས་བྱེད་པ་ཉན་སྤྱད། དཔོན་པོ་ཉན་སྤྱད། ལས་ཀ་ལས་མི་དགོས་པར་བདེ་མོ་སྐྱིད་པོ་ཞིག་ཡོང་སྤྱད་ལྟ་བུར་གོ་བ་ལེན་གྱིན་ཡོད་ཅིང་། ཀླད་པ་འགུལ་ཤེས་ནགཡོ་སྒྱུ་ཁྲམ་གསུམམཁས་པར་བརྩི་བཞིན་ཡོད། འོན་ཀྱང་། ང་རང་གིས་སློབ་གསོར་གོ་བ་ལེན་སྟངས་ནི་དེ་འདྲ་མིན། སྔོན་བྱོན་དམ་པས་ཆོས་དང་འཇིག་རྟེན་གང་ལའང་མི་གཞི་འདི་གལ་ཆེའོགསུངས་པ་ནང་བཞིན། གཙོ་བོ་མྱི་སྲ་དགོས། མྱི་མ་སྲ་ན་དོན་ཅི་ཞིག་ལས་ཀྱང་བཟང་བོ་དང་ཕན་པའི་ཕྱོགས་སུ་འགྱུར་བའི་ངེས་པ་གཏན་ནས་མེད་དེ། དཔེར་ན་ད་ལྟ་ང་ཚོ་ཚན་ཚན་རིག་པར་ཧ་ལས་བཞིན་ཡོད། ཚན་རིག་པར་ཧོན་འཐོར་བཞོན་ཡོད། ང་ཚོའི་ལག་གི་ཁ་པར། འོག་གི་སྦག་སྦག་དང་རླངས་འཁོར་སོགས་ཀྱང་ཚན་རིག་པ་དག་གིས་བཟོས་པས་ང་ཚོ་ཧང་སངས་བཞིན་ཡོད། འོན་ཀྱང་སྐར་ཆ་གཅིག་གི་རིང་ས་སྒང་རིལ་མོ་འདི་རྨེག་མེད་དུ་གཏོང་ནུས་པའི་རྡུལ་ཕྲན་མཚོན་ཆའང་ཚན་རིག་པས་བཟོས་པ་རེད། དེས་ནི་མིའི་རིགས་མ་ཟད། འཛམ་གླིང་ཧྲིལ་བོ་ཉེན་ཁའི་གནས་སུ་བསྐྱལ་བཞག་ཡོད། སྲིད་པ་འདིའི་བྱ་བཞག་ཀུན་གྱི་རྨང་གཞི་ནི་ནང་ཆོས་ཁྲོད་ཀྱི་དགེ་བའམ་དེང་གི་ཟེར་སྒྲོས་སུ་ཕན་པ་ཞེས་པ་དེར་འབབ་ནས་རྐང་འཛུགས་མ་ཐུབ་ན། ཚང་མ་ཁྲལ་ལེ་ཁྲུལ་ལེ་དང་འཆམ་མེ་འཆོམ་མེའི་ངང་། འགྲོ་ལས་འགྲོ་ཐབས་བྱེད། མགོ་གཡོག་མགོ་སྐོར་བྱེད། འགྲོ་རྫུན་འདུག་རྫུན་བཤད་ནས་ཉམ་ང་ཞིང་སྙིང་རྗེ་བའི་ངང་རང་མགོ་ཐོན་མི་ཐོན་བཤད་ཀྱིན་ཡོད།

ང་རང་རྫུན་བཤད་པར་མི་དགའ། རྫུན་ཆུང་ངུ་ཞིག་བཤད་ནའང་མི་བཟང་གི  ངས་བྱིས་པ་ཚོར་ནམ་རྒྱུན་སློབ་གསོའང་དེ་བཞིན་གཏོང་གིན་ཡོད། དཔེར་ན། དེ་ཉིན་སྟོན་ཁ་སློབ་མགོ་ཚུགས་དུས་སུ་ངས་ཁྱིམ་བདག་ཚང་མར་བཏོན་པའི་རེ་བ་ཐོག་མ་ནི་རྫུན་མ་བཤད་ཅེས་པ་དེ་ཡིན། དེ་རྗེས་སློབ་ལོ་མ་རན་པའི་བྱིས་པ་ཚོར་བདེན་དཔང་ཡི་གེ་རྫུན་མ་བྲིས་ཡོང་སྟེ། བོད་ཚིག་ཐོག་ནས་མ་བསྡད་པར་རྒྱ་ཡིག་ཐོག་ལྟར་ང་ཚོས་གསར་ཞུགས་སློབ་མ་བསྡུ་ལེན་བྱེད་དགོས་ཆགས་ཡོད། ང་ཚོའི་འཛིན་གྲྭའི་ནང་ན་ཡོད། འཛིན་གྲྭ་གཞན་པའི་ནང་ནའང་ཡོད། སློབ་ལོ་མ་རན་པའི་བྱིས་པ་ཚོ་འཕྲོ་བརླག་ཏུ་བཏང་ཡོད། ཡི་གེ་ཕར་ཟད་ཐ་ན་གཅིན་སྐྱག་ལའང་བདག་པོ་རྒྱག་དགོས་དུས་འདི་ལོ་རིམ་དང་པོ་མ་ཡིན་པར་བྱིས་གཉོར་ཁང་ཆགས་ཡོད། སློབ་ལོ་མ་རན་པའི་བྱིས་པ་འདི་ཚོ་རབས་ཡིན་ན་དེ་སྔ་བྱིས་གཉོར་ཁང་དུ་བསྐྱལ་བཞག་ན་འགྲིག་མོད།  དེ་འདྲ་མི་དཔེ་པ་ནི་ང་ཚོའི་བྱ་བ་བྱེད་སྟངས་ཡིན་ཏེ་ཕམ་ཁ་དེ་རྡོག་རྡོག་ཅིག་མིག་གིས་མ་མཐོང་བར་དུ་ཁས་ལེན་མི་བྱེད།  སང་ལོ་ཡང་ཁྱོད་ཚོས་རྫུན་བཤད་ནས་སློབ་གྲྭ་གཞན་ཞིག་ཏུ་མངགས་དགོས་པར་མ་ཟད། མུ་མཐུད་དུ་ཡང་རྫུན་གྱི་སྣེ་མོར་རྫུན་འཐུད་དགོས་པ་བཟོས་ཡོད། དུས་ཚོད་ཀྱིས་དབང་གིས་དཔེ་མང་པོ་འཇོག་ཁོམ་མི་འདུག  མི་གོ་བ་ཅན་ལ་ཚིག་གཅིག་དང་རྟ་གོམ་པ་ཅན་ལ་ལྕག་གཅིག་གི་དཔེ་བཞིན་དུ་ཕན་པ་རེ་ཡོད་ན་ཚང་མས་ཡིད་ལ་ཟུངས།

ང་ཁྱེད་ཚོའི་སྟེང་ལ་སྤོ་ལངས་པ་མ་ཡིན་པར་ང་ཚོའི་སློབ་གསོའི་གནས་བབ་མི་ལེགས་པ་དེ་ཤ་ཚ་བའི་སྒོ་ནས་བཤད་པ་འདིས་ང་ཚོ་ཡར་རྒྱས་ཡོངས་པར་ཕན་ཐོགས་པར་ཤོག  ང་ཚོའི་བྱིས་པ་འདི་ཚོ་ཕ་མ་ངན་པའི་བུ་ཕྲུག་དང་དགེ་རྒན་ངན་པའི་དགེ་ཕྲུག་ཏུ་མི་འགྱུར་བར་ཚང་མས་རང་རང་ས་ནས་ནུས་པ་འདོན་རོགས་ཞུས་པ་ཡིན། འདིའི་འཕྲོ་ནས་ཁྱེད་ཁྱིམ་བདག་རྣམ་པའི་བསམ་འཆར་གསུང་རོགས། ང་ཚོའི་ཁྱིམ་བདག་ལ་ལས་བསམ་འཆར་བཤད་ན་དགེ་རྒན་ཚོ་མི་དགའ་བར་འདོད་ཀྱིན་ཡོད་ཚོད་ཡིན། ཐུགས་དོགས་མི་གནང་བར་སེམས་གཏམ་གསུང་ན་རང་རོགས་ཀུན་ལ་ཕན་པོ་འོང་གི་རེད། ང་རང་གིས་ཁྱིམ་བདག་གི་བསམ་འཆར་ལ་ཧ་ཅང་དང་དོད་བྱེད་པ་ཡིན།

༢༠༡༡ལོའི་ཕྱི་ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན་བཤད་པ་ཇི་བཞིན་ཡི་གེར་བཀོད་པ་འདི་ལའང་ཕན་པ་ཕྲན་བུ་རེ་འབྱུང་བར་གྱུར་ཅིག

                                                                                                པོད་ཁུག་ལས།


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2013/7/16 བལྟ་ཀློག (9789)