གཉའ་ཁྲི་བཙན་པོའི་རུས་གང་ཞིག་ཡིན་མིན་ལ་གསར་དུ་དཔྱད་པ།

                      མང་རའི་དགེ་བཤེས་རྒྱ་གྲོལ།
   
གཉའ་ཁྲིའི་བཙན་པོ་ནི་མངའ་མཛད་ཀྱི་རྗེས་སུ་བྱུང་བའི་བོད་ཀྱི་རྒྱལ་བོ་སྟེ། སྔོན་གྱི་ཡིག་རྙིང་དག་ལས་གློ་བུར་རྒྱལ་བོ་ཞེས་འབོད་པ་རེད། ཁོང་གི་རུས་གང་ཞིག་ཡིན་པའི་སྐོར་ཕྱིས་ཀྱི་ལོ་རྒྱུས་དག་ལས། ལ་ལས་རྒྱ་གར་གྱི་རིགས་ཡིན་པར་བརྗོད་ལ་ལ་ལ་སྤུ་བོ་ཡུལ་ནས་བྱུང་བར་བཞེད། སྔ་མ་ཕྱིས་ཀྱི་བརྗོད་སྟངས་ལས། སྔོན་ཆད་བོད་དུ་བཤད་རྒྱུན་ཡོད་པ་ཞིག་ཏུ་མི་བསམ་ལ། ལྷག་པར་སྤུ་བོ་ཡུལ་ནས་མཆེད་པའི་བཤད་སྲོལ་དེ་ནི་གཉའ་ཁྲི་ལ་དམའ་འབེབ་ཀྱི་སྐད་ཆ་ཞིག་ལས་ཚད་མར་བཟུང་ཆོག་པའི་གཏམ་ཞིག་གཏན་ནས་མིན།
བོད་ཀྱི་ལོ་རྒྱུས་ལྟར་ན། ཕ་སྤྲེའུ་དང་མ་བྲག་སྲིན་མོ་འདུས་པ་ལས་སྤྲེལ་ཕྲུག་མང་དུ་མཆེད་དེ།

          བོད་ཀྱིརུས་ཆེན་བཞིའམ་རུས་ཆེན་དྲུགགྲུབ་པ་ཡིན། དེ་ཡང་ཆོས་འབྱུང་མཁས་པའི་དགའ་སྟོནལས།ཀ་བཀོལ་མ་ལས་དང་པོ་ཕྲུ་གུ་གཅིག་ཏུ་བཤད་ལ་བཀའ་ཆེམས་སྤྱི་ལས་དྲུག་ཏུ་སྣང་ཞིང་གང་ནའང་ཕྱིས་མང་དུ་འཕེལ་བ་དུམ་བུར་བཞིར་ཆད་དེ་རྩོད་པས་བོད་ཀྱི་མི་བུ་རིགས་བཞི་སེ་དང་རྨུ་ལྡོང་དང་སྟོང་གི་རུས་ཚན་བཞི་བར་གྲགས་ཤིང་དབྲ་དང་འདྲུ་བསྣན་ནས་མི་བུ་ རིགས་དྲུག་དུའང་གྲག་གོ1ཞེས་དང༌། རྒྱ་བོད་ཡིག་ཚངལས།སྤྲེལ་ཕྲུག་མིར་གྱུར་བ་རྣམས་ཇེ་མང་ལ་ སོང་ནས། འབྲུ་མ་ལ་མ་འཆམ་པར་ཚོ་བཞིར་བགོ་བས། སེ་དང༌། རྨུ་དང༌། སྟོང་དང༌། ལྡོང་དང་བཞི་ལ་མི་བུ་རུས་བཞི་ཟེར། བོད་མི་ཕལ་ཆེ་བ། རུས་ཆེན་བཞི་པོ་འདི་ལས་གྱེད་པར་བྱེད་དོ།སོན་ཁམས་པ་ལ་སོགས། བོད་ཡུལ་དུ། རུས་ཚན་ལ་སྔ་བ། དབྲ་འབྲུ་སྡོང་གསུམ་ལྒ་དང་བཞི། ནུ་བོ་དབས་རྟ་གཉིས་དང་དྲུག བོད་ཀྱི་མིའུ་རུས་དྲུག་ཡིན། ཟེར་བ་འདུག་ནའང༌། བོད་འདིར། འཕགསཔའིཐུགས་རྗེས་བསྐུལ་ནས། སྤྲེའུ་དང༌། བྲག་སྲིན་མ་མ་འགྲོགས་གོང་དུ། མིའི་འགྲོ་བ་མ་བྱུང་འདུག་པ་དང༌། མིའུ་རུས་དྲུག་པོ འང༌། གོང་གི་རུས་ཆེན་བཞི་ལས་ཆད་པ་ཡིན་པའི་དོན། སེ་ཁྱུང་དབྲ་བྱ་བ་དང༌། མུ་ཚ་ལྒའི་བུ་རྒྱུད་ཟེར་བ་ལ་སོགས་བཤད་འདུག་པས། མཚོན་པའི་ཕྱིར་རོ། །2ཞེས་འབྱུང་ངོ༌། ། 

  འདི་ལྟའི་རིགས་བཞི་བྱུང་སྟངས་བརྗོད་ཚུལ་འདི་ནི་ཡོངས་སུ་གྲགས་པས་མང་བོ་ཞིག་གིས་ངོས་འཛིན་ལ་ཁོང་འདི་དག་གང་རུང་དུ་གཏོགས་སྙམ་ཡོད། ཡིན་ན་ང་ཚོས་བོད་ཀྱི་ལོ་རྒྱུས་རྙིང་བ་ཏུང་ཧོང་ནས་ཐོན་པའི་ཤོག་དྲིལ་ལས་བལྟས་ན། གཉའ་ཁྲི་གདུང་ཁུངས་ལ་བཤད་སྲོལ་མི་འདྲ་བ་གསུམ་ཙམ་ཡོད་དེབཙན་པོ་གདུང་ཁུངས་བརྗོད་པའི་སྐབས་འདིར་གཉའ་ཁྲི་བཙན་པོའི་མཆེད་ཁུངས་བསྟན་པ་སྟེ།   ངག་རྒྱུན་གྱི་བཤད་སྟངས་གསུམ་བཀོད་ཡོད་དེ།     ཡུལ་དང་མཁར་སྡེ་བཞིར་བྱས་པའི་ཡུལ་ལས་སྤུ་རྒྱལ་བོད་ཀྱི་བཙན་པོ་ལྡེའུ་རྒྱལ་བོ་ཐོད་རྒྱལ་ཏེ་བྱུང་ཞིང་ལ་ལས་འདི་ཉིད་རྒྱལ་ཕྲན་བཅུ་གཉིས་སུ་གཏོགས་པའི་ཁྲོད་ནས་བྱུང་ཟེར་ལ།    ལ་ལས་རྒྱལ་ཕྲན་བཅུ་གཉིས་ཀྱི་ཁུངས་སུ་མི་གཏོགས་པར་བཤད།
         འདིའི་གདུང་རྒྱུད་གང་ནས་བྱུང་བའི་ཁུངས་ལ་བཤད་ཚུལ་གསུམ་ཡོད་དེ།   དང་བོ།   དགུང་སྔོན་གནམ་གྱི་སྟེང་དུ་ལྷ་ཀུ་སྤྱི་སེར་ཞེས་པ།   དཔའ་བོ་དག་གི་བདག་པོ།   ལྷ་རྣམས་ཀྱི་ལྷར་གྱུར་བ་དེ་ཡིན་ཟེར།
       བཤད་ཚུལ་གཉིས་པ་ལྟར་ན་ཁོང་ནི་གདོལ་བ་ཤ་ཟའི་རིགས་སུ་གཏོགས་པའི་རྒྱལ་བོ་གདུང་དམར་གྱི་རྒྱུད་པ་སྟེ།  གངས་རིའི་དཀྱིལ་འཁོར་གྱི་བདག་པོ་གནོད་སྦྱིན་ཛ་ཞེས་པའི་རིགས་ཡིན་ཟེར།
      བཤད་ཚུལ་གསུམ་པ་ལྟར་ན་གནམ་རིམ་པ་བཅུ་གསུམ་གྱི་སྟེང་དུ་ཁྲི་བར་ལ་བདུན་ཚིགས་ཞེས་བགྱི་པའི་གནམ་གྱི་ལྷ་དེའི་བུ་ལས་ཡུལ་ལ་ག་གླིང་དྲུག་གམ་དོག་དྲུག་ཏུ་མགོ་ནག་རྗེ་མེད་པ་རྣམས་ཀྱི་རྗེ་དང་དུད་འགྲོ་བདག་པོ་མེད་པ་རྣམས་ཀྱི་བདག་པོར་བློན་པོ་ལྷོ་རྔེགས།ཆེན་པོ་མཚེ་གཙོ།   ཕྱག་ཚང་ཤ་སྦག་རྣམས་དང་བཅས་པར་མི་རྗེ་ལྷ་དང་བདུད་ཀྱིས་བྱས་པའི་བོད་ཀ་གཡག་དྲུག་དུ་བྱོན་ཞེས་ཀྱང་ཟེར།
དེ་དག་གི་གང་ཡིན་པ་མི་ཤེས་མོད།    གདུང་སྤུ་བོད་དང་སྤུ་རྒྱལ་དུ་གསོལ།3འདི་ནི་ཏུང་ཧོང་གི་ཡིག་ཆ་གོ་བདེ་བར་བྱས་པ་ཡིན་ལ། འདི་ལས་བལྟས་ན་ཁོང་གིས་གདུང་ཁུངས་གང་ཡིན་གྱི་ཐད་ལ་བཙན་པོའི་སྐབས་སུ་ཡང་བཤད་ཚུལ་མི་མཐུན་པ་གསུམ་ཡོད་པ་ཤེས།

         དེ་གསུམ་ལས་ཁྲི་བར་བདུན་ཚིགས་ལས་བྱུང་སྟངས་དེ། ཕྱིས་ཀྱི་ལོ་རྒྱུས་རྣམས་སུ་བསྒྲགས་པ་བོན་ལུགས་སུ་བཤད་ཡོད་ལ། བསྒྲགས་པ་བོན་ལུགས་ཞེས་པའི་དོན་ཡང་སྐབས་དེར་བོད་ཡོངས་ཀྱི་བཤད་སྟངས་རེད། ལྷག་པར་བཤད་ཚུལ་འདི་ནི་བོད་ཀྱི་ལོ་རྒྱུས་ཡིག་ཚང་རྙིང་བ་ཅན་ལྔ་ལས་ཡོ་ག་ལྷ་གྱེས་ལས་བྱུང་བའི་ལོ་རྒྱུས་ཡིན་པས་རིན་ཐང་གཞན་ལས་ཆེ་བ་རེད། འདི་ལ་གཞན་དང་མི་མཐུན་པའི་ཁྱད་ཆོས་གཅིག་ཡོད་པ་ནི་ཏུང་ཧོང་གཏེར་ཡིག་གི་འོ་ལྡེ་སྤུ་རྒྱལ་གྱི་གདུང་རབས་རིམ་བྱོན་གྱི་ཁུངས་ཀྱང་འདི་ལ་བརྟེན་ཡོད་ལ། དབོན་ཞང་རྡོ་རིང་དང༌།   ཀོང་པོ་དེ་མོ་ས་ཁུལ་གྱི་བྲག་བརྐོས་ཡི་གེ ཁྲི་སྲོང་ལྡེ་བཙན་གྱི་བང་སོའི་མདུན་གྱི་ཡི་གེ་སོགས་ན་གཉའ་ཁྲིའི་སྐོར་གླེང་མོད་བསྒྲགས་པ་བོན་ལུགས་ཀྱི་ལུགས་ཁོ་ན་ལ་བརྟེན་པས་སོ། །

       འདི་ལས་ཤེས་ཐུབ་པ་ནི་བཙན་པོ་གདུང་རྒྱུད་དག་གི་བརྗོད་སྟངས་ཀྱང་འདི་ཡིན་ལ་སྐབས་དེའི་སྲིད་གཞུང་གིས་འདི་ཁོ་ན་གཙོ་བོར་འཛིན་པ་གསལ་བོར་ཤེས་སོ། །
        བཤད་ཚུལ་འདི་གཞིར་བཟུང་ནས་བཤད་ན་གཉའ་ཁྲི་རུས་རྒྱུད་གང་ཞིག་ཡིན་པ་གསལ་བོར་ཤེས་ཐུབ་པ་རེད༌། བོད་བཙན་པོའི་དུས་ཀྱི་ཀོང་པོ་དེ་མོའི་བཀའ་གཙིགས་བྲག་བརྐོས་མལས་ཐོག་མ་ཕྱཱ་བླ་བདག་དྲུག་གི་སྲས་ལ། ཉ་ཁྲི་བརྩན་པོ་མྱི་ཡུལ་གྱི་རྗེར། ། ལྷ་རི་གྱང་དོར་གཤེགས་པཞེས་ཁོང་གི་རུས་རྒྱུད་ཕྱཱ་ཡིན་པར་གསུངས་ལ།   ཕྱཱ་ཞེས་པའི་རུས་རྒྱུད་འདི་ནི་སྟོད་ལྷ་རབས་དང་ཡོ་ག་ལྷ་གྱེས་ཅན་གྱི་སྐབས་སུ། དང་བོ་ཕྱ་ཡེ་མཁྱེན་ཆེན་པོ་བྱ་བ་ཞིག་སྲིད་པ་ཕྱ་ཡི་བསྐོར་ཏེ་བྱུང༌། དེ་ལས་ཁོ་མ་འབྲོ་རྗེའི་ཧོར་དྲུག་བྱ་བ་བྱུང༌། དེས་གནམ་ས་ཕྱེས་པ་ལས་གསེར་གྱི་མེ་ཏོག་དང་གཡུ་པད་མ་སྔོན་མོ་ལས་སྲིད་པའི་ལྷ་རྗེ་ཁ་དང་སྐྱོལ་མེད་བྱ་བ་བྱུང་་བ་ལས་རིམ་བཞིན་ཡབ་སྟག་ཆ་ཡལ་ཡོལ་ཟེར་བ་བྱུང་ཞིང་དེ་དང་ཡུམ་ཚེ་ཟ་ཁྱད་ཁྱུད་བཤོས་པའི་སྲས་སྲིད་པའི་ལྷ་མཆེད་བཞི་འཁྲུངས་ཏེ་ཡབ་ལྷ་བརྡལ་དྲུག ཕྱ་ལྷ་བྲམ་ཆེན། རྒྱ་ལ་འབྲོང་ནམ། འོ་དེ་གུང་རྒྱལ་བཞི་བྱུང༌། ཡབ་ལྷ་བརྡལ་དྲུག་གནམ་རིམ་པ་བཅུ་གསུམ་སྟེང་ནས་ལྷ་ཐམས་ཅད་ཀྱི་རྗེ་བོ་མཛད། དེ་དང་ཡུམ་རྨུ་བཙུན་གྲི་སྨན་ལ་ལྕམ་སྲིང་བརྒྱད་བྱུང་བ་ལས་ཁྲི་བདུན་ཚིགས་གཉའ་ཁྲིའི་ཡབ་ཡིན་ནོ། །  
གོང་གི་ཕྱཱ་གདུང་རྒྱུད་འདི་ནི་ལྡེའུ་ཆོས་འབྱུང་ལས་བྱུང་ལས་རེ་རེ་བཞིན་བྲིས་ན་མང་དོགས་ནས་མ་བྲིས་ལ། དབུ་ནག་འདྲ་ཆགས་ལས་ཀྱང་འབྱུང་ངོ་། །འོ་ན་ཕྱཱ་ཞེས་པ་དེ་བོད་རིགས་ཡིན་ནམ་མིན་ཞེ་ན་ཏུན་ཧོང་ཡིག་རྙིང་P.T.1038ལས།བཙན་ པོའི་གདུང་རབ་ཀྱི་ཁུངས་སྨོས་པའ།། གནམ་དགུང་གི་སྟེང་ན། ། ལྷ་ཀུ་སྤྱི་སེར་བཞིས་བརྒྱི་བའ།  ། མ་སངས་ཐམ་ཅད་གི་བདག་པོ། ། སྲིད་པ་ཀུན་ལ་མངའ་མཛད་པའ། ། ཕྱཱའི་ཡང་ཕྱཱ་ལགས་ཤེས་ཀྱང་མཆི། ། རྣམ་གཉིས་སུ་ནི་གདོལ་བར་ཤ་ཟའི་རིགས། ། རྒྱལ་པོ་གདོང་དམར་གྱི་རིགས། །4ཞེས་འབྱུང་བ་ལྟར་ན།ཕྱཱཞེས་པ་ངག་རྒྱུན་ཁྲོད་དུགདོལ་བར་ཤ་ཟའི་རིགས། ། རྒྱལ་པོ་གདོང་དམར་གྱི་རིགསཡིན་པ་དང༌། གོང་དུ་དྲངས་པའི་རྒྱ་བོད་ཡིག་ཚང་ཆེན་མོདུའངབྲག་སྲིན་མོའིརིགས་རྒྱུད་ནིཤ་ཟ་གདོང་དམར་གྱི་རིགསཞེས་གསུངས་ཤིང༌། ཏུན་ཧོང་ཡིག་རྙིང་P.T.2188ལས་གནའ་གདོད་མ་བོད་ཡུལ་གཙང་མ་ཕྱཱའི་ས་བསྐོས་གནམ་ས་སྐབས།ཞེས་བྱུང་བས་ན་ཕྱཱནི་བོད་གདོང་བ་དམར་བོ་ཡིན་པ་གདོན་མི་ཟའོ།  །

     གོང་ཡོ་ག་ལྷ་གྱེས་ལས་བྱུང་བ་ལྟར། དེ་ལས་བལྟས་ན་ཕྱཱ་གཉེན་འབྲེལ་འཛིན་ས་ནི་དམུ་ལ་གཉའ་ཁྲིའི་མ་ཡང་དམུ་ཡིན་པས། དེ་བས་གཉའ་ཁྲི་ཡབ་ཀྱི་རུས་ཕྱཱ་ཡིན་ལ་ཡུམ་གྱི་རུས་དམུ་ཡིན་ཏེ་ལྡེའུ་ཆོས་འབྱུང་ལས། ཞང་རྨུ་ཡུལ་གྱི་ཐང་ཐང་གི་སྲས་མོ་མཆེད་གསུམ་ལ།ཕུ་མོ་དྲེ་རྨུ་དྲེ་བཙན་མོའི་སྲས་སུ་འཁྲུངས་ཤིང་རྨུ་དང་ཕྱཱ་གཉིས་གཉེན་འབྲེལ་གྱི་ལོ་རྒྱུས་རྒྱུན་རིང་བ་ལྡེའུ་ཆོས་འབྱུང་ལས་ཤིན་ཏུ་གསལ།
དེ་བཞིན་ཏུན་ཧོང་ཡིག་རྙིང་ཨང་P.T.126Ⅱལས།༄།། གནའ་དང་པོ། གཞེ་ཐོག་མ། དམུ་དང་ཕྱཱ་གཉེན་བའི་འཚེ། ཕྱཱའི་ཕོ་ཉ་དམུའི་ཐད་དུ་མཆིས་པའ།5ཞེས་ཕྱཱ་དང་དམུའི་བར་གཉེན་འབྲེལ་བྱུང་བའི་ལོ་རྒྱུས་ཤིག་འབྱུང་བ་དེས་བོད་ཀྱི་ཡིག་ཚང་ལས་བྱུང་བའི་ལྡེའུ་དང་ཕྱཱའི་བར་གྱི་གཉེན་འབྲེལ་ལ་གསལ་བཤད་ཅིག་བྱས་པ་རེད།
        དེ་བས་གཉའ་ཁྲི་བཙན་པོའི་རུས་ཕྱཱ་ཡིན་ལ། ཁོང་གི་བོད་ཀྱི་རུས་སམ་ཚོ་བ་ཆེན་པོ་ཞིག་གི་དཔའ་བོ་ཞིག་ལས་རྒྱ་གར་ནས་མཆེད་པའི་མི་རྒྱུད་ཅིག་མིན་ལ་སྤོ་བོའི་ཡུལ་ནས་བྱུང་བའི་ཐེའུ་རེང་གི་རྒྱུད་པ་ཞིག་ཀྱང་གཏན་ནས་མིན་པ་འདི་ནི་བོད་ཏུང་ཧོང་ཡིག་ཚང་དང༌། སྔོན་བྱོན་མཁས་པའི་བྲིས་པའི་ཆོས་འབྱུང༌། བོན་གྱི་གཏམ་རྒྱུད། རྡོ་རིང་གི་ཡི་གེ་བཅས་གཅིག་མཐུན་ཡིན་ནོ།  །


མཆན།
(1)
ཆོས་འབྱུང་མཁས་པའི་དགའ་སྟོནམི་རིགས་དཔེ་སྐྲུན་ཁང༌། ཤོག་ངོས། ༡༥༤
(2)
དཔལ་འབྱོར་བཟང་བོའི་རྒྱ་བོད་ཡིག་ཚང་ཆེན་མོསི་ཁྲོན་མི་རིགས་དཔེ་སྐྲུན་ཁང། ཤོག་ངོས༡༢༦

3དཀོན་མཆོག་ཚེ་བརྟན་གྱིབོད་ཀྱི་བརྡ་རྙིང་ཡིག་ཆ་འདེམས་བསྒྲིགས༡༩༩༥ལོའིཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐུན་ཁང༌།  

4)【法】A.麦克唐纳:《敦煌吐蕃历史文书考释》,耿昇译,王尧校,上海人民出版社1991年版,第34
5) 褚俊杰:《吐蕃远古氏族研究》附一《P.T.126译文》,载《藏学研究论丛》第2辑,西藏人民出版社1990年版,第29页。


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2013/11/21 བལྟ་ཀློག (31197)