ཨ་རིའི་སྲིད་འཛིན་རིམ་བྱོན་གྱི་ལོ་རྒྱུས་གནད་བསྡུས་སྲིད་དོན་གྲུབ་པའི་དགའ་སྟོན།།


སྔོན་དུ་འགྲོ་བའི་གཏམ།


   རང་བྱུང་སྐྱེ་དངོས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་།  མཚར་སྡུག་ཡིད་དུ་འོང་བའི་འབྱུང་ཁམས་ཀྱི་མཛེས་སྡུག་སྲིད་པའི་རྒྱན་དུ་ཀུན་ནས་བཀྲ་བ།༼འཛམ་གླིང་གསར་པའམ༽ཡོངས་གྲགས་ཨ་མེ་རི་ཁ་ཞེས་འབོད་པའི་ཡུལ་གྲུ་ཆེན་པོ་འདི་ཉིད་ནི།   སའི་གོ་ལའི་ཕྱེད་ནུབ་མའི་གཞུང་ཐིག་གི་རྒྱང་ཚད༣༦ནས༡༦༥བར་དང་།   ཕྲེད་ཐིག་གི་རྒྱང་ཚད༥༥ནས་༨༥བར་རིམ་པར་ཆགས་ཡོད།   དེ་ལས་འཛམ་གླིང་འདིའི་ཐོག་སྲིད་འབྱོར་རིག་གསུམ་གང་ཅིར་གཞན་དྲིང་མི་འཇོག་པའི་སྟོབས་ཤུགས་ཀྱི་མངའ་ཐང་ཆེན་པོ་ཞིག་བརྒལ་འཛིན་བྱེད་པ།༼ཨ་རི་མངའ་སྡེ་མཉམ་འབྲེལ༽ཞེས་སྙན་པའི་གྲགས་པ་ཆེས་ཤིན་ཏུ་ཆེ་བའི་རླབས་ཆེན་གྱི་རྒྱལ་ཁབ་འདི་ཉིད་ནི།  གླིང་ཆེན་དེའི་དབུས་ཀྱི་སྲོག་རྩ་ལྟ་བུར་ཆགས་ཡོད།   དེའང་འདས་པའི་མི་ལོ་ཉིས་བརྒྱ་ལྷག་གི་སྔ་རོལ་དུ།  མི་གྲངས་ཆེས་ཉུང་ཤས་ཤིག་གིས(George Washington)ལྗོར་ལྗེ་ཝ་ཤིང་ཁྲོན་མཆོག  ཨ་རི་མངའ་སྡེ་མཉམ་འབྲེལ་གྱི་སྲིད་འཛིན་དུ་ཐོག་མར་འོས་འདེམས་བསྐོ་བཞག་བྱས་ཤིང་།  ཝ་ཤིང་ཁྲོན་གྱིས་སྲིད་འཛིན་མངའ་གསོལ་གྱི་རྟེན་འབྲེལ་གསུང་བཤད་ནས།
    རྒྱལ་ཡོངས་གྲོས་ཚོགས་སུ་གསུང་འཕྲིན།   ཕྱི་ནང་གི་མི་སྣ་ཁག་ལ་མཇལ་འཕྲད་བྱེད་སྟངས་ཚུན་ཆོད་ཕས་བུ་ལ་གདམས་པ་ལྟར།  ཁ་མིག་ཡར་ལྟོས་བྱ་ཡུལ་གྱི་ཞལ་ཏ་དང་།   སྲོལ་ཀ་ཆ་ཚང་ཞིག་གསར་བཞེངས་ཕྱི་རབས་སྲིད་འཛིན་རིམ་འབྱུང་གི་བགྲོད་ལམ་གང་ལེགས་ཤིག་ཕྱི་འཇོག་མཛད་ཡོད།  དེ་རྗེས་ཨ་རིའི་རང་བཙན་ཁུངས་བསྐྱེལ་གྱི་ཡིག་ཆ་རྩོམ་སྒྲིག་བྱེད་པའི་རླབས་ཆེན་གྱི་ལས་འགན་ཕྲག་པར་བཞེས་རོགས།   སྲིད་འཛིན་གཉིས་པ(John Adams)ལྗོན་ཨ་སྒྲམ་མཆོག་ཕེབས་ནས།   གསར་བཞེངས་མཇུག་མ་གྲུབ་པའི་ཕོ་བྲང་དཀར་བོའི་ནང་ཨ་རིའི་རྒྱལ་ཁབ་ཀྱི་ཆབ་སྲིད་འཛིན་སྐྱོང་གི་ལས་གྲ་ཐོག་མར་གཉེར་ཞིང་།  དཔྱིས་རྒྱུད་དྲང་ཞིང་སྒམ་ཚུགས་ཆེ་བའི་བློ་གྲོས་ཀྱིས་ཕྱོགས་མཐའི་རྒྱལ་ཁབ་ཁག་ལ་འབྲེལ་ལམ་བྱས་པའི་སྲིད་སྐྱོང་གི་ལས་ལུགས་གྲགས་ཆེ།  དེ་ནས་རང་བཙན་གྱི་ཡི་གེའི་ཕ་ཡབ་དུ་གྲགས་པ།   སྐུ་ཞབས(Thomas Jefferson)ཐོ་མ་སི་ལྗ་ཧྥིར་སོན་མཆོག་གིས།   སྤྱི་མཐུན་རང་ལུགས་པས་ཕྱི་རྒྱལ་འབྱོར་ལྡན་དག་ལ་ལད་ཟློས་བྱས་པའི་ལྟ་ཚུལ་ཐད། ངོ་རྒོལ་ཨ་རི་རང་ལུགས་ཀྱི་སྲོལ་ཀ་རྒྱུན་འཛིན་དར་སྤེལ་བྱས་པའི་ལོ་རྒྱུས་འགངས་ཆེ།སྤྱི་ལོ༡༧༩༠ཡས་མས་ཤིག་ནས(Abraham Lincoln)ཨ་བྷིར་ཧེམ་ལན་ཁུན་མཆོག་གིས་ཨ་རི་པས་བྲན་གཡོག་བཀོལ་སྤྱོད་བྱེད་པའི་སྲོལ་ངན་དང་།   མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་ལྟ་ཚུལ།   བུད་མེད་ཀྱི་ཐོབ་ཐང་བརྩི་མེད་བྱེད་པའི་ལམ་ལུགས་སོགས་མཇུག་བསྡུས་བཅོས་བསྒྱུར་ལེགས་བཅོས་གང་ལེགས་གནང་བ་དང་ཆབས་ཅིག   རྒྱལ་ཁབ་ཀྱི་རྟའི་འགྲིམ་འགྲུལ་དེ་མཚོ་ལམ་གྱི་ནུས་ཤུགས་དང་།   དེའང་མཁའ་འགྲུལ་གྱི་ཕྱོགས་སུ་མདུན་སྐྱོད་ཀྱི་མགོ་བརྩམས་ཏེ།ཚན་རིག་པ་དང་།   གསར་གཏོད་པ།   མྱུལ་ཞིབ་པ་སོགས།   ཆར་རྗེས་ཀྱི་ཤ་མོ་ལྟར་བརྡོལ་ནས་ཁང་རྩེག་བཟོ་སྐྲུན་དང་།བཟོ་གྲྭ། འཕྲུལ་ལས་སོགས་ཀྱི་ཐད་ཡར་སྐྱེད་རྣམ་པ་དགའ་རབ་བྱུང་སྟེ། སྐྱེས་ནས་ཡུན་རིང་མ་ལོན་པའི་རྒྱལ་ཁབ་ལོ་གཞོན་འདི་ཉིད་ཀྱིས་རྒྱལ་སྤྱིའི་ཐོག   སྲིད་འབྱོར་རིག་གསུམ་གྱི་ས་ཁོངས་གཞན་ལས་ཆེ་བ་ཞིག་ཁེར་འཛིན་གྱི་མགོ་བསླངས། (WoodrowWilson)བོས་སྒྲི་རོས་བོལ་སོན་མཆོག་གིས་འཛམ་གླིང་སྤྱིའི་བདེ་དོན་ལ་དམིགས་པའི(Leagueof Nations)༼རང་དབང་རྒྱལ་འདུས་ལྷན་ཚོགས༽གསར་སྐྲུན་གྱི་འབྲས་བུར་ནོར་ཝེ་ཞི་བདེའི་བཟང་རྟགས་བཞེས་པ་དང་།(Theodore Roosevelt)ཐེ་བོ་སྒྲོལ་རོས་ཟི་མཆོག་གིས་སའི་གོ་ལའི་ཕྱེད་ནུབ་མ་བརྒྱུད།  རྒྱལ་སྤྱིའི་ཡུལ་སྲུང་སྟོབས་ནུས་ལ་བརྟེན་ནས་ཕྱི་རྒྱལ་ཡུལ་གྲུ་གཞན་གྱི་རྩོད་རྙོག་མང་བོ་ཞི་ལམ་ནས་འདུམ་འགྲིགས་མཛད་པའི་རྗེས་འབྲེལ་གཟེངས་བསྟོད་དུ་ནོར་ཝེ་ཞི་བདེའི་བྱ་དགའ་འབུལ་བཞེས་གནང་ཡོད་པ་དང་།(Franklin D. Roosevelt) ཧྥི་རན་ཁི་ལེན་སྒྲིའི་རོས་ཟི་བེལ་གྲི་མཆོག་དང་།   དབྱིན་ཇིའི་སྲིད་བློན་བིན་སི་ཁྲོན་ཆོལ་ཆིལ།(Winston Churchill)ཨུ་རུ་སི་དམར་ཚོགས་ཀྱི་མགོ་གཙོ་ལྗོ་སི་ཧྥིའི་སི་ཏྲ་ལེན(JosephStalin)བཅས་འཛམ་གླིང་དམག་དོན་གྱི་ལོ་རྒྱུས་ནང་། “Big Three”ཆེན་པོ་མི་གསུམ་དུ་གྲགས་པ་མཉམ་འཛོམས་ཀྱིས་རོས་ཟི་བོལ་གྲིའི་མཉམ་འབྲེལ་རྒྱལ་ཚོགས་བཞེངས་སྐྲུན་གྱི་དགོངས་པ་མངོན་དུ་འགྱུར་ཐབས་དང་།   འཇར་མན་གྱི་གཙོ་འཛིན་ཧིའི་གྲི་ལིས་འཛམ་གླིང་ཧྲིལ་བོར་མངའ་འོག་འཇུག་འདོད་ཀྱི་ཧམ་སེམས་ལ་རྡུང་རྡེག་ཚ་ནན་བཏང་སྟེ།   གོ་ལ་ཟླུམ་པོའི་ལས་དབང་གི་བདེ་སྡུག་ཐད་ལོ་རྒྱུས་ཀྱི་དོན་རྙིང་ཆེ་བའི་གྲོས་གནད་མང་བོ་ཞིག་གི་ཐོག་ནུས་པ་བཏོན་ཡོད་པ་དང་།  དེ་བཞིན(John F. Kennedy)ལྗེ་ཨེ་ཧྥོས་ཁེ་གཙོ་བོར་གྱུར་པའི་སྲིད་འཛིན་རིམ་པས་འཛམ་གླིང་ནང་དར་ཁྱབ་ཏུ་སོང་བའི་དམར་པོའི་ལྟ་སྤྱོད་ལ།   དངོས་ཤུགས་བརྒྱུད་གསུམ་གྱི་ཐབས་ཇུས་སྣ་ཚོགས་པ་ཤིག་ཕྱག་བསྟར་གནང་ནས།   ལྟ་བ་དེ་ཉིད་སྒོ་ཀུན་ནས་འགོག་རྒོལ་ཉམས་དམོད་པར་བྱས་པ་སོགས།

     མདོར་ན།   སྲིད་འཛིན་དེ་དག་གིས་རང་གི་རྒྱལ་ཁབ་ཀྱི་མངའ་དབང་ཐད།   ཞི་དྲག་གྲུང་གསུམ་གྱི་སྲིད་ཇུས་སྣ་ཚོགས་ཞིག་ལག་ལེན་མཛད་ནས།   དམག་འཁྲུགས་དང་།  མེ་སེར་ནང་འཁྲུགས།  མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་འཐབ་རྩོད།   དཔལ་འབྱོར་གྱི་ཐོག་ལྡིབ་སོགས་དཀའ་རྙོག་མང་བོ་ཞིག་གཙང་སེལ་ཐོགམངའ་སྡེ་མཉམ་འབྲེལ་གྱི་རྒྱལ་ཁབ་འདི་ཉིད་ཀྱི་གོང་བུ་སྲ་བརྟན་རྒྱ་བསྐྱེད་གནང་བའི་སྐོར་དང་།  འགྲོ་བ་མིའི་ཐོབ་ཐང་། རང་དབང་། ཞི་བདེ། མང་གཙོ་བཅས་རྒྱལ་སྤྱིའི་བདེ་སྡུག་གི་ཐད་དུའང་།   ལེགས་ཉེས་སྟངས་འཛིན་གྱི་ཐུགས་ཁུར་དང་། རྒྱབ་སྐྱོར་ཕྱག་ལས་ཇི་ལྟར་གནང་དང་།   གནང་བཞིན་པའི་དཀྱེལ་ཡངས་དགོངས་ཟབ་ཀྱི་མཛད་སྤྱོད་སོགས།   བོད་ཀྱི་འཐབ་རྩོད་ལའང་ཉེ་བར་མཁོ་བའི་ཞལ་ཏ་དང་། མིག་ལྟོས་བཟང་རིགས་མང་བོ་ཞིག་ལེན་དུ་ཡོད་པ་གོར་མ་ཆགས་སྟབས།སྲིད་ལུགས་གཙོ་བོར་གྱུར་པའི་ཨ་རིའི་སྲིད་འཛིན་རིམ་པའི་ལོ་རྒྱུས་རྙིང་བཏུས་འདི་བཞིན་ཕྱོགས་བསྒྲིགས་ཞུས་པ་ཞིག་ཡིན།
   ཟུར་ཞུ་ཡི་གེ་འདི་རྩོམ་སྒྲིག་ཚར་རྗེས། ངས་གྲོགས་འགའ་ལ་དེ་ལུགས་བཤད་པར། ཅིག་གིས་ཤག་ཁུ་སི་པེར་ཨར་ནམ་མཁའ་རེད།   ཨ་རིའི་སྲིད་འཛིན་མཐོ་གང་རེད།  ཅེས་བཤད་སྟབས།   དེ་ལ་བདེན་ངེས་ཀྱི་ཆ་ཤིག་ཡོད་པར་རྟོགས་ནས་པར་སྐྲུན་བྱ་རྒྱུ་རེ་ཞིག་ཅམ་འཇོག་བྱས་ཤིང་།   དེ་རིང་ཁྲིམས་ལུགས་མཁས་པ་བློ་བཟང་སེང་གེ་མཆོག་ལ། བོད་གཞུང་སྲིད་འཛིན་དུ་འོས་འདེམས་རྒྱལ་ཁ་ཐོབ་པའི་གསར་གནས་དྲྭ་ངོས་ནས་ཤེས་རྟོགས་བྱུང་བ་འཕྲལ།   དེ་ལ་རྟེན་འབྲེལ་གྱི་གནད་ཅིག་ཀྱང་ཡོད་པར་མཐོང་ནས་ཁ་བརྡ་དྲྭ་ཐོག་ཏུ་རིམ་འགོད་ཞུ་རྒྱུའི་ངལ་བ་དང་ལེན་ཞུས་པ་ཞིག་ཡིན།  བོད་རྒྱལ་ལོ༢༡༣༨ཕྱི་ལོ༢༠༡༡ཟླ༣ཚེས༡༣ལ། ཨ་རི་རྒྱལ་གཅེས་སྲང་ལམ་གྱི་རང་ཤག་མེ་ཏོག་གི་དགའ་ཚལ་ཡིད་དུ་འོང་བ་ནས། 


  ལྗོར་ལྗི་ཝ་ཤིང་ཁྲོན།
  (George Washington)ཨ་རི་མངའ་སྡེ་མཉམ་འབྲེལ་གྱི་སྲིད་འཛིན་དང་བོ། སྤྱི་མཐུན་རང་ལུགས་པ། (༡༧༨༩–༡༧༩༧)།དམག་དཔོན་གྱི་སྙིང་སྟོབས་དང་ཆབ་སྲིད་ཀྱི་མཁྱེན་རྩལ་ཟུང་འབྲེལ་ཐོག དབྱིན་ཇིའི་རྒྱལ་ཁོངས་ཀྱི་གཞིས་ཆགས་ཁག་བཅུ་གསུམ་རྒྱལ་ཁབ་གསར་བ་ཞིག་གི་ངོ་བོར་གཅིག་བསྒྲིལ་མཉམ་འབྲེལ་བཏང་སྟེ།མ་འོངས་སྲིད་འཛིན་དག་གི་ཆེད་དུ་ཆབ་སྲིད་འཛིན་སྐྱོང་གི་སྲོལ་བཟང་ཞལ་ཏ་དང་། ཁ་མིག་ཡར་ལྟོས་ཀྱི་ཚད་གཞིར་འོས་པའི་གཤིས་སྤྱོད་དྲ་མ་དེ་འདྲ་ཕྱི་འཇོག་མཛད་ཅིང་།སྐུ་ཚེིའི་འཕེན་པ་རྫོགས་རྗེས༼ཐོག་མར་དམག་འཁྲུགས་ཀྱི་ནང་དང༽། ༼ཐོག་མར་ཞི་བདེ༽། ༼ཐོག་མར་རྒྱལ་ཁབ་ཀྱི་སེམས་ནང་གནས་པ༽།  ཞེས་སྐུ་ཚེ་ཧྲིལ་བོའི་ལོ་རྒྱུས་དང་འབྲེལ་བའི་ཁྱད་ཆོས་གསུམ་གྱི་སྒོ་ནས་བསྟོད་བསྔགས་བྱས་ཡོད།  ཁོང་གི་ལྡོག་མིང་ལ༼རྒྱལ་ཁབ་ཀྱི་ཕ་ཡབ༽ཅེས་འབོད།  ལྗོར་ལྗི་ཝ་ཤིང་ཁྲོན་མཆོག་ནི། སྤྱི་ལོ༡༧༣༢ལོའི་ཟླ༡ཚེས༢༢ཉིན།བིར་ལྗི་ནེ་ཡ(Virginia)ས་ཁུལ་གྱི་ས་བདག་དང་། རྩི་ཤིང་སྐྱེད་འཛུགས་མཁན་ཞིག་གི་རྒྱུད་དུ་སྐུ་འཁྲུངས།དགུང་གྲངས་བཅུ་གཅིག་ཐོག་ཡབ་འདས་གྲོངས་སུ་སོང་སྟངས། རང་གི་གཅེན་པོ་ལོ་རིན་སི་ཞེས་འབོད་པའི་ལྟ་སྐྱོང་རོགས་རམ་འོག་ནར་སོན།   ཁོང་གིས་སྔོན་འགྲོའི་འབྲི་ཀློག་དང་ཨང་རྩིས་ཙམ་ཐུགས་སྦྱོང་བྱས་པ་ལས། མཐོ་སློབ་སོགས་འགྲིམས་མ་མྱོང་།   ཨང་རྩིས་ཀྱི་ལག་རྩལ་གྱིས་རང་ཉིད་སྔ་མོ་ཞིག་ནས་ས་བརྟག་མཁན་ནམ། ས་ཚད་འཇལ་མཁན་དང་ས་བཀྲ་བཟོ་བའི་ལས་སུ་ཁྲིད་ཡོད།  ཁོང་དགུང་གྲངས་བཅུ་ཡས་མས་ཤིག་ལས་མ་སོན་པའི་ལོ་ན་ཕྲ་མོའི་དུས་ནས། གཞིས་ཀ་ཆགས་མ་མྱོང་བའི་མི་མེད་ལུང་སྟོངས་ཀྱི་བིར་ལྗི་ནི་ཡའི་བྲག་ཟུར་སྔོན་སྔོན་མོའི་རི་ཚོགས་ལ་བརྟག་པ་མཛད་ཅིང་།   སྤྱི་ལོ༡༧༥༢ལོར་ས་གནས་ཀྱི་དམག་དཔུང་ནང་ཞུགས་ཏེ། ཨོ་ཧ་ཡོ་ས་ཁུལ་གྱི་གཙང་བོའི་གྲོང་སྡེ་ཞེས་པའི་ནང་།    དབྱིན་ཇི་དང་ཧྥ་རན་སིས་ས་རྩོད་དམག་འཁྲུགས་ཀྱི་ཐོག་ཕེབས་ནས།   རང་སྲོག་བློས་གཏོང་གིས་འཐབ་འཛིངས་དྲག་པོ་བྱས་ཏེ་ས་ཁུལ་དེ་བཞིན་དབྱིན་ཇིར་ཐོབ་པའི་རོགས་དན་བྱས་ཡོད།  རང་ཉིད་ཀྱི་ཉམས་མྱོང་ཕྱོགས་སྡེབ་ཀྱི་རྩིས་གསར་ཞིག་པར་སྐྲུན་ཞུས་པ་ནས་བཟུང་། མཚན་སྙན་དར་ཁྱབ་ཆེན་པོ་བྱུང་འདུགདགུང་ལོ་ཉི་ཤུ་རྩ་དྲུག་ཐོག བིར་ལྗི་ནེ་ཡའི་མི་མང་རྣམས་ཀྱིས་༼གྲོང་མིའི་ཁང་བ༽ཞེས་པའི་ཁྲིམས་བཟོ་ལྷན་ཚོགས་སུ་འདེམས་བསྐོ་བྱས།སྤྱི་ལོ༡༧༥༩ལོར། ཁྱོ་ག་དང་ཁ་གྱེས་པའི་བུད་མེད་ཕྲུ་གུ་གཉིས་ཅན།   འབྱོར་ལྡན་མ་མར་ཏ་བྷྲེན་རེ་ཇི་ཁ་གྲིའི་སི(MarthaDandridge Custis)ཞེས་པ་དང་མཉམ་པོར་གཉེན་སྒྲིག་བྱས།   མོན་ཏྲི་བིར་ནོན(Mount Vernon)དུ་ཁྱིམ་ཚང་གི་གཞིས་ཀ་གསར་དུ་བཅས།  གྲོང་གསར་གྱི་ཁྲིམས་བཟོ་བ་ཞིག་ཡིན་པའི་ཆ་ནས།   དྲང་བདེན་མ་ཡིན་དབྱིན་ཇིའི་ཁྲིམས་ལུགས་ལ་ངོ་རྒོལ་གྱི་བསྒྲགས་གཏམ་ཐེངས་མང་སྤེལ་ཞིང་།   སླད་མར་གླིང་ཆེན་གྱི་གྲོས་ཚོིགས་དང་གཉིས་ཀྱི་བིར་ལྗི་ནི་ཡའི་འཐུས་ཚབ་ཀྱང་གནང་ཡོད།   ཚོགས་འདུ་དེ་དག་གིས་གླིང་ཆེན་ཡོངས་ཀྱི་དམག་དཔུང་།དབྱིན་ཇི་དང་རྒྱབ་འགལ་ལྡོག་ཕྱོགས་ཀྱི་ལམ་དུ་སྣེ་ཁྲིད་བྱས་ཤིང་།  ཁོང་གིས་དམག་གི་སྒྲིག་ཆས་སྤྲས་ནས་ཚོགས་འདུ་དེ་དག་གི་ནང་ཕེབས་པས།   སྤྱི་ལོ༡༧༧༥ལོར་ཚོགས་འཐུས་སྤྱི་མོས་དགུང་ལོ་ཞེ་གསུམ་ལ་ཕེབས་པའི་ན་གཞོན་དེ་ཉིད།   གླིང་ཆེན་ཡོངས་ཀྱི་ཆེས་མཐོའི་དམག་གི་སྤྱི་ཁྱབ་བཀོད་འདོམས་པར་བསྐོ་བཞག་གནང་།  ཁོང་དམག་གི་དབུ་ཁྲིད་དུ་བདམས་ཐོན་རྒྱལ་ཁ་དེས། ཨ་རི་ལྷོ་ཕྱོགས་པ་ཚོ་ཨ་རི་ནུབ་ཕྱོགས་པ་དག་གིས་སྣེ་ཁྲིད་པའི་གསར་བརྗེ་ངོ་རྒོལ་གྱི་དམག་འཁྲུགས་ནང་མཉམ་སྐྱོད་ཡོང་བའི་ཤུགས་རྐྱེན་སྣོན་མ་ཞིག་ཐེབས་པ་རེད།   ཝ་ཤིང་ཁྲོན་གྱིས་གླིང་ཆེན་ཡོངས་ཀྱི་དམག་དབང་དེ་ཉིད་འཆང་སྟེ།   ལོ་བར་དྲུག་གི་རིང་དབྱིན་ཇིའི་དམག་ཤུགས་ལ་ཁ་ཐད་ཀྱི་གཡུལ་འཐབ་དྲག་པོ་གནང་།  རང་བཙན་རྩོད་ལེན་གྱི་གཡུལ་ངོ་དེ་དག་ནང་། ཁོང་གི་དམག་དཔུང་ལ་ཕམ་ཉེས་ཀྱི་དཀའ་སྡུག་ཐེངས་མང་བྱུང་མྱོང་ལ།   གལ་གནད་ཅན་གྱི་རྒྱལ་ཁའང་མང་བོ་ལེན་མྱོང་བ་རེད། སྤྱི་ལོ༡༧༨༡ཟླ༡༠ཚེས༡༩ཉིན། ཧྥ་རན་སིའི་རོགས་རམ་ལ་བརྟེན།   ཁོང་གིས་སྣེ་ཁྲིད་པའི་དམག་དཔུང་གིས། བིར་ལྗི་ནི་ཡའི་ཡོར་ཁི་ཁྲོན(Yorktown)ཞེས་པར་དགྲ་བོའི་ཕྱོགས་ཁག་མཐའ་ནས་བསྐོར་ཏེ།བཙན་གནོན་གྱི་གཡུལ་ལས་རྣམ་པར་རྒྱལ། དེ་ནས་ལོ་གཉིས་ཀྱི་རྗེས་སུ་ཁོང་དམག་རུ་ལས་རྒས་ཡོལ་སྔར་ལམ་སྐུ་སྒེར་གྱི་འཚོ་བར་ཕྱིར་ལོགདབྱིན་ཇི་དང་ཝ་ཤིང་ཁྲོན་གཉིས་པར་ཞི་ཆིངས་བཞག་ནས་ལོ་དྲུག་རིམ་པས་འདས། དུས་ཚོད་དེའི་ནང་སྔོན་མའི་གཞིས་ཆགས་ཁག་ཕྱོགས་བསྒྲིལ་གྱིས་མངའ་སྡེ་ཁག་ལ་དབང་ཆ་སྒེར་བདག་ཡོད་པའི་ཡིག་ཆ་ཞིག་གཏན་འབེབས་ལག་བསྟར་བྱས་པ།   དཔེར་ན། མངའ་སྡེ་སོ་སོར་རང་ཉིད་ཀྱི་ཤོག་དངུལ་པར་འགྲེམས་བྱས་པ་དང་།   འཐུས་ཚབ་སྤྱི་མཐུན་གྲོས་ཚོགས་སུ་གཏོང་བ་ལས།རྒྱལ་ཁབ་ཀྱི་འཛིན་སྐྱོང་གཙོ་འཛིན་དེ་འདྲ་མི་འདུག འོན་ཏེ། ཁྲིམས་བཟོ་ལྷན་ཚོགས་དེར་དཔྱ་ཁྲལ་བསྡུ་རུབ་བྱེད་པའི་དབང་ཚད་མེད་པ་དང་།   མངའ་སྡེ་དང་སྤྱི་མཐུན་སྲིད་གཞུང་གཉིས་ཀས་ཨ་སྒོར་ས་ཡ་མང་བོ་ཞིག གསར་བརྗེ་ངོ་རྒོལ་གྱི་དམག་གྲོན་དུ་བཏང་བའི་སྐྱིན་ཚབ་སྤྲོད་ཐུབ་ཀྱི་མེད་པ་དང་།མི་མང་ནང་འཁྲུགས་ཀྱི་མགོ་ལངས་ནས་མངའ་སྡེ་རྣམས་ཀྱི་གནས་སྟངས་གཅིག་ལས་གཅིག་ལྷག་སྐྱོ་བོར་ཆགས་པས།རྒྱལ་ཁབ་ཅིག་གི་ངོ་བོར་གནས་རྒྱུ་དེ་ཧ་ཅང་གི་དཀའ་ངལ་ཆེན་པོ་ཞིག་འོག་ཚུད་འདུག དེར་བརྟེན།   སྤྱི་ལོ༡༧༨༧ལོར་འཐུས་མི་ཚང་མ་སྤེ་ལ་སྒྲོ་སྤེའི་ཡ(Philadelphia)མཉམ་འཛོམས་ཐོག དཀའ་ངལ་དེ་རིགས་སེལ་ཐབས་གྲོས་བསྡུར་ཐག་གཅོད་བྱས།ཝ་ཤིང་ཁྲོན་མཆོག་བིར་ལྗི་ནི་ཡའི་འཐུས་ཚབ་གནང་སྟེ། གལ་གནད་ཅན་གྱི་ལྷན་ཚོགས་དེའི་ཐོག་ཕེབས་ཤིང་།   ལྷན་ཚོགས་ནས་ཁོང་ཚོགས་འདུའི་དབུ་བཞུགས་སུ་འདེམས་བསྐོ་བྱས། ཚོགས་འདུ་དེ་ཟླ་བཞིའི་རིང་སྐོང་ཚོགས་ཀྱིས་ཨ་རི་མངའ་སྡེ་མཉམ་འབྲེལ་གྱི་རྩ་ཁྲིམས་གཏན་འབེབས་མ་ཟིན་བཏབ།ཡིག་ཆ་དེས་སྤྱི་མཐུན་སྲིད་གཞུང་གི་དབང་ཤུགས་དང་བཀོད་དབྱིབས་ཏེ། སྤྱི་མཐུན་ཁྲིམས་ཁྲིམས་ཁང་གི་བརྒྱུད་རིམ་དང་།ཁྲིམས་བཟོ་ལྷན་ཁང་། སྲིད་འཛིན་ཁང་བ་བཅས་གཏན་འབེབ་མཛད་པ་དང་། དེ་ཉིད་ད་ལྟའི་སྲིད་གཞུང་གི་རྨང་གཞིར་ཆགས་ནས།མུ་མཐུད་ལག་བསྟར་ཞབས་འདེགས་ཞུ་བཞིན་པ་རེད། སྐབས་དེར་མངའ་སྡེ་དགུའི་སྲིད་གཞུང་གིས་གྲོས་གཏན་དེར་གུས་བརྩི་དང་ལེན་གྱིས།སྤྱི་མཐུན་སྲིད་གཞུང་གསར་བའི་ནང་འཛུལ་ཞུགས་བྱས་པ་དང་། རྩ་ཁྲིམས་དེ་ཉིད་ཀྱི་ལམ་སྟོན་རྗེས་འབྲིངས་འོགསྤྱི་ལོ༡༧༨༩ལོར་མངའ་སྡེ་སོ་སོས་སྲིད་འཛིན་འདེམས་སྐོ་བྱེད་མཁན་གྱི་འཐུས་ཚབ་འོས་འདེམས་གནང་སྟེ།འཐུས་ཚབ་རེས་འོས་ཤོག་གཉིས་རེ་འཕངས་པར། ལྗོར་ལྗི་ཝ་ཤིང་ཁྲོན་མཆོག་ལ་འོས་གྲངས༦༩ཐོབ་སྟེ།སྲིད་འཛིན་དང་། ལྗོན་ཨ་བྷྲམ་མཆོག་ལ(John Adams)འོས་ལྷག་མཐོ་ཤོས་ཐོབ་སྟེ། སྲིད་འཛིན་གཞོན་པར་འདེམས་ཐོན་བྱུང་འདུགལོ་བཞིའི་རྗེས་ཁོང་གཉིས་ཆ་སླར་ཡང་སྲིད་འཛིན་བགྲེས་གཞོན་དུ་བདམས་ཐོན་བྱུང་ཞིང་། སྲིད་འཛིན་རིམ་ཕེབས་ཀྱི་གྲས་ནས་སྤྱི་མོས་མགྲིན་དབྱངས་གཅིག་གྱུར་གྱིས་སྲིད་འཛིན་དུ་བསྐྱར་འདེམས་བྱུང་བ་ནི།ཝ་ཤིང་ཁྲོན་གཅིག་པུ་དེ་ཡིན་པར་གྲགས། ཝ་ཤིང་ཁྲོན་ཐོག་མར་སྲིད་འཛིན་དུ་འོས་འདེམས་བྱུང་རྗེས།ཆིབས་རྟ་དང་མཚོ་གྲུ་བརྒྱུད་ནོས་ཡོག་གྲོང་ཁྱེར་དུ་སྲིད་འཛིན་མངའ་གསོལ་གྱི་རྟེན་འབྲེལ་མཛད་སྒོར་ཕེབས་ཤིང་།དེ་རྗེས་ནོས་ཡོག་དེ་བཞིན་རྒྱལ་ཁབ་ཀྱི་རྒྱལ་སར་ཆགས། ལོ་རྗེས་མའི་ནང་རྒྱལ་ས་དེ་འཕྲལ་སེལ་སྤེ་ལ་བྷྲོ་སྤེའི་ཡར་གནས་སྤོས་པ་དང་ཆབས་ཅིགཁོང་གིས་གཏན་འཇགས་རྒྱལ་ས་བཞེངས་སྐྲུན་གྱི་འཆར་བཀོད་གནང་རོགས་ཞུས་པ་དང་། སྲིད་འཛིན་མཛད་འགན་མཇུག་མ་གྲུབ་པའི་སྔ་རོལ་དུ།སྤྱི་མཐུན་སྲིད་གཞུང་དེ་བཞིན་གྲོང་ཁྱེར་དེ་གར་གནས་སྤོས་ནས། གྲོང་ཁྱེར་གྱི་མིང་དུའང་ཝ་ཤིང་ཁྲོན་ཞེས་ཁོང་བར་ཆེ་བསྟོད་ཀྱི་ཚུལ་མིང་བཏགས་པ་ཞིག་རེད།ཁོང་ཨ་རི་མངའ་སྡེ་མཉམ་འབྲེལ་གྱི་སྲིད་འཛིན་དང་བོ་དེ་ཡིན་པའི་ཆ་ནས། འབྱུང་འགྱུར་སྲིད་འཛིན་དག་རྗེས་འབྲིངས་མིག་ལྟོས་བྱ་ཡུལ་གྱི་དཔེ་ཚད་དང་ཞལ་ཏ་དེ་འདྲ་གནང་བ།དཔེར་ན། མགྲོན་པོ་དང་མཇལ་འཕྲད་སྐབས། ལམ་སེང་ཕྱི་ལོགས་སུ་ཕེབས་ནས། དབུ་གུག་ནས་གུས་བཀུར་བྱེད་ལུགས་ཀྱི་རྣམ་འགྱུར་དང་།ལག་འཇུ་བྱེད་སྟངས། བཀའ་དྲུང་ཚོགས་འདུ་ནས་དཀྱུས་མའི་སློབ་སྟོན་ཞུ་བ་སོགས། ད་ལྟའང་མཛད་འཆར་གྱི་སྙིང་བོ་ལྟ་བུར་འཛིན་བཞིན་པ་རེད།དེ་བཞིན་ཁོང་གིས་ཇི་ལྟར་བྱས་ནས་ཆིངས་ཡིག་གྲོས་མཐུན་འཇོག་སྟངས། ཁྲིམས་ཡིག་གང་ཞིག་གི་དབང་གིས་བཀག་རྒྱ་གཏོང་ལུགས།དཔེོར་ན། ཆེས་མཐོའི་ཁྲིམས་དཔོན་ལ་མཐའ་གཅིག་ཏུ་ལོ་ན་མཐོ་ཤོས་དེ་མ་དགོས་པར། ཁྲིམས་དཔོན་དགུ་ལས་འོས་ལྡན་སུ་ཞིག་ཕེབས་ཀྱང་ཆོག་པ།སྲིད་འཛིན་ནས་རང་གི་སློབ་སྟོན་པར་སུ་ཞིག་ཐད་ཀར་བདམས་ཀྱང་འདེམས་དབང་ཡོད་པ། སྲོལ་རྒྱུན་གྱི་གཏམ་བཤད་སྤེལ་ལུགས་སོགས།མདོར་ན། ཁོང་གིས་སྲིད་འཛིན་མངའ་གསོལ་གྱི་རྟེན་འབྲེལ་གཏམ་བཤད་ནས། མངའ་སྡེ་མཉམ་འབྲེལ་གྱི་ཚོགས་ཆེན་འཕྲིན་སྐུར།སྲིད་འཛིན་གསར་རྙིང་གི་དབང་ཆ་སྤྲོད་ལེན་སོགས་ཀྱི་ལམ་སྲོལ་གཏན་འབེབས་ཞུས་པས་མ་ཚད། སྤྱི་མཐུན་ཁྲིམས་དཔོན་ཐོག་མར་བསྐོ་བཞག་དང་།ཁྲིམས་ཡིག་ཕྱག་རྟགས་བསྐྱོན་ལུགས། སྲིད་གཞུང་གི་སྔོན་འགྲོའི་ཞབས་འདེགས་དངུལ་དང་དངུལ་ཁང་གི་འགྲོ་སྟངས།ཡུ་རོབ་རྒྱལ་ཁབ་དང་ཨ་རིའི་བར་འཐབ་འཁྲུགས་མ་དགོས་པའི་ཐབས་ཇུས་རྒྱུན་འཁྱོངས་གནང་འདུགཁོང་སྲིད་དོན་གྱི་ཚོགས་པ་མང་བོར་ཐུགས་མ་དགྱེས་མོད། རང་གིས་སྲིད་འཛིན་ཀྱི་ལས་འགན་ཁུར་རྒྱུན་རིང་།སྤྱི་མཐུན་རང་ལུགས་དང་ལྟ་སྤྱོད་མ་མཐུན་པའི་སྲིད་དོན་ཚོགས་པ་མང་བོ་ཞིག་ཀྱང་བྱུང་འདུགདེ་ལྟར་ཁོང་གིས་ལོ་བར་བརྒྱད་རིང་མིག་དཔེར་འོས་པའི་སྲིད་འཛིན་གྱི་ལམ་སྲོལ་གསར་བ་དང་།མཛད་འགན་ཡོངས་རྫོགས་རྒྱལ་ཁའི་ངང་མཇུག་གྲུབ་སྟེ་རང་ཉིད་ཀྱི་ལྕམ་དང་མཉམ་པོར། སྤྱི་ལོ༡༧༩༧ལོར་གཞིས་ཀ་མོན་གྲི་བིར་ནོན་དུ་བགྲེས་ཡོལ་ལ་ཕེབས་ཤིང་།གནམ་གཤིས་ཧ་ཅང་སྐྱོ་བོའི་ནང་ཆིབས་རྟ་ཞོན་ནས་རང་གི་ས་ཆ་དང་། དངོས་ཟོག་ཁག་ལ་ལྟ་སྐོར་ཡུན་རིང་བྱས་རྐྱེན།མིད་པའི་ནད་གཞི་དཀྱུས་མ་ཞིག་གིས་ཟིན་པ། ཇེ་སྡུག་ཏུ་སོང་སྟེ་སྨན་པ་དག་གིས་ལུས་ཀྱི་ཁྲག་ཤུགས་ཐེངས་གསུམ་ཙམ་འཐེན་པ་སོགས།གསོ་བཅོས་ཀྱི་ཐབས་ཤེས་ཡོད་དགུ་བཏོན་རུང་། དྲག་སྐྱེད་མ་བྱུང་བར་སྤྱི་ལོ༡༧༩༩ལོའི་ཟླ༡༢ནང་འདས་གྲོངས་སུ་སོང་འདུགཁོང་ནི་བྲན་གཡོག་ཧ་ཅང་མང་བོ་ཡོད་པའི་ཕྱུག་ཆེན་ཞིག་ཡིན་མོད། རང་ཉིད་ཀྱིས་བཀོད་མངགས་ཞལ་ཆེམ་ལྟར།ལྕམ་མར་ཏ་མཆོག་སྐུ་གཤེགས་རྗེས་བྲན་གཡོག་ཚང་མར་རང་དབང་གློད་གྲོལ་བཏང་འདུག

ལྗོན་ཨ་བྷྲམ།
  (John Adams)ཨ་རི་མངའ་སྡེ་མཉམ་འབྲེལ་གྱི་སྲིད་འཛིན་གཉིས་པ། སྤྱི་མཐུན་རང་ལུགས་པ། (༡༧༩༧-༡༨༡༠)ལྗོན་ཨ་བྷྲམ་མཆོག་གིས་ཨ་རི་མངའ་སྡེ་མངའ་སྡེ་མཉམ་འབྲེལ་གསར་བཞེངས་དང་། དེ་ཉིད་བདེ་འཇགས་རྒྱུན་རིང་འཚོ་གནས་ཐུབ་པར་དམིགས་བཀར་གྱི་མཛད་རྗེས་ཤིག་བསྐྲུན་ཡོད།ཁོང་ནི་སྲིད་འཛིན་ཝ་ཤིང་ཁྲོན་མཆོག་གི་རྒྱུན་འཛིན་ནམ། དེ་ཉིད་ཀྱིས་ལམ་སྟོན་གནང་བའི་གལ་ཆེན་གྱི་རྒྱལ་དོན་གཙུག་བཅིངས་གནང་མཁན་ཞིག་རེད།ཁོང་གིས་རང་གི་རྒྱལ་ཁབ་དེ་བཞིན་ཧྥ་རན་སིའི་དམག་འཁྲུགས་ལས་གཡོལ་བའི་ཐབས་ཤེས་རོགས་དན་གང་ལེགས་གནང་སྟེ།རྒྱལ་ཁབ་ཀྱི་རྨང་གཞི་ཕྱོགས་ཡོངས་ནས་སྲ་བརྟན་ཚགས་ཚུད་ཡོང་ཐབས་འབད་བརྩོན་ལྷོད་མེད་ཞུས་འདུགལྗོན་ཨ་བྷྲམ་མཆོག་ནི་སྤྱི་ལོ༡༧༣༥ལོ་ཟླ༡༠ཚེས་༣༠ཉིན། མ་སེ་ཆོས་སེའི་དབྱིན་ཇིའི་མངའ་ཁོངས་ཀྱི་གཞིས་ཆགས་བྷིན་རན་ཁྲི་རིས་ཏེ།ད་ལྟའི་ཁོན་སིའི་ཞེས་འབོད་པའི་ས་གནས་སུ། གོ་བཟོ་དང་ཞིང་ལས་སོ་ནམས་པ་ཞིག་རྒྱུད་དུ་སྐུ་འཁྲུངས།ལྡོག་མིང་ལ་༼ཨ་རིའི་རང་བཙན་གྱི་ཕ་ཡབ༽ཞེས་འབོད། དཔེ་དེབ་ཀློག་སྦྱོང་དང་། རི་དྭགས་རྔོན་པ།མཚོ་གྲུ་བཟོ་གཏོང་། ཤེལ་རྡོའི་རིགས་ཀྱི་རྩེད་ཆས་སོགས་ནི། ཁོང་དགས་མོས་ཆེ་སའི་གཤིས་སྤྱོད་ཡིན་འདུགསྤྱི་ལོ༡༧༥༥ལོར་སྙན་གྲགས་ཅན་གྱི་སློབ་ཆེན་ཧ་ཝར་སྒྲིའི་ནང་། ལོ་བར་བཅུ་གཉིས་རིང་གི་ཁྲིམས་ལུགས་སློབ་སྦྱོང་མཐར་ཕྱིན།དེ་ནས་མ་སེ་ཆོས་སིའི་ཁྲིམས་བཟོ་ལྷན་ཚོགས་སུ་ཁྲིམས་དོན་ཞབས་འདེགས་ཞུས། ཧྥེ་ལ་སྒྲོ་ཧྥེ་ཡར་སྐོང་འཚོགས་བྱས་པའི་གྲོས་ཚོགས་དང་གཉིས་ཀྱི་ཚོགས་འཐུས་སུ་ཕེབས་ནས།གཞིས་ཆགས་རྣམས་ལ་དབྱིན་ཇིའི་འོག་ནས་རང་བཙན་རྩོད་ལེན་སེམས་ཤུགས་བསྟུན་མར་སྤེལ་ཞིང་།ཁོང་གི་དགོངས་འཆར་ལྟར་ཝ་ཤིང་ཁྲོན་གླིང་ཆེན་གསར་བའི་དམག་དཔུང་གི་སྤྱི་ཁྱབ་བཀོད་འདོམས་པར་བསྐོས་པ་དང་།ཨ་རིའི་རང་བཙན་ཁུངས་སྐྱེལ་གྱི་ཡིག་ཆ་རྩོམ་པའི་རོགས་དན་ཀྱང་མཛད། ངོ་རྒོལ་དམག་འཁྲུགས་ཀྱི་སྐབས།ཁོང་ཡོ་རོབ་ཁུལ་དུ་ཧྥ་རན་སིའི་ཨ་རིའི་དོན་གཅོད་དང་། དམག་འཁྲུགས་མཇུག་གྲུབ་རྗེས་ནེ་ལྡིར་ལན་སྒྲི་དང་།དབྱིན་ཇི་གཉིས་ཀར་ཨ་རིའི་གཞུང་ཚབ་ཆེན་མོའི་ཕྱག་ལས་གནང་། ནེ་ལྡིར་ལན་སྒྲིར་བཞུགས་རྒྱུན་རིང་།ཨ་རིའི་ངོ་རྒོལ་དམག་འཁྲུགས་ཀྱི་ཐེབ་རྩར། གལ་གནད་ཆེ་བའི་དངུལ་བུན་བསྐྱི་གཡར་གྱི་གོ་སྒྲིག་རོགས་སྐྱོར་གནང་བ་དང་།སླད་ནས་ཞི་བའི་གྲོས་ཆིངས་འཇོག་རོགས་ཞུས་པ་མ་ཟད། ཞི་ཆིངས་དེས་ཆེན་པོ་དབྱིན་ཇིའི་དང་ཨ་རི་དམག་འཁྲུགས་ཀྱི་མཇུག་བསྡུས་འདུགཨ་རི་མངའ་སྡེ་མཉམ་འབྲེལ་གྱི་སྲིག་གཞུང་གསར་བ་དབུ་བརྙེས་ནས། ཁོང་རང་ཡུལ་དུ་ཕྱིར་ཕེབས་ཤིང་།མང་མོས་འོས་འདེམས་གནང་བ་བཞིན་ཝ་ཤིང་ཁྲོན་གྱི་སྲིད་འཛིན་མཛད་འགན་བཞེས་ཐེངས་གཉིས་ཀར།སྲིད་འཛིན་གཞོན་པའི་ལས་འགན་ཁུར་འདུག་མོད། ཁོང་ཕྱག་ལས་དེར་ཐུགས་དེ་ཙམ་དགྱེས་མི་འདུགཁོང་གིས་མི་མང་ཚོས་སྲིད་འཛིན་ལ་ཆེ་བསྟོད་ཀྱི་ཚིག༼མཆོག་གམ་གོང་མ༽ཞེས་འབོད་འོས་ཚུལ་བཤད་འདུག་ཀྱང་།དེ་ལས་བཟློག་སྟེ་མི་མང་དག་གིས་ཁོང་རང་ཉིད་ལ༼རྒྱག་པ་ཟླུམ་པོ༽དང་། ༼འཆོར་འདོད་ཅན་ནམ་ཡག་དགའ༽ཞེས་ལྡོག་མིང་སྣ་ཚོགས་པས་འབོད་པར་གྲགས།སྤྱི་ལོ༡༧༩༦ལོར་ཁོང་མང་གཙོ་མི་སེར་རང་ལུགས་པ། ཐོ་མ་སི་ལྗ་ཧྥིར་སོན་ལས་འདེམས་ཤོག་གསུམ་ལས་མང་བ་ཉིད་ཀྱིས་སྲིད་འཛིན་དུ་འོས་འདེམས་བྱུང་།
   གྲོགས་པོ་རྙིང་བ་ཁོང་གཉིས་ཀས་ཝ་ཤིང་ཁྲོན་གྱི་ཆབ་སྲིད་འཛིན་སྐྱོང་ཐུན་མོང་དུ་སྤྱོད་སྐབས།ཕན་ཚུན་ཁ་དབང་འཐེན་རྒྱོང་མང་བོ་ཞིག་བྱས་འདུག གང་ལྟར་ཡང་། ཨ་སྒྲམ་མཆོག་གིས་སྲིད་འཛིན་གྱི་ལས་ཁུར་ཐེངས་གཉིས་པ་ཁུར་རྒྱུའི་འཆར་བཀོད་འདོན་སྒང་།ལྗ་ཧྥིར་སོན་ལ་འོས་གྲངས་མང་ཤོས་ཐོབ་སྟེ་ཁོང་ཕམ་འདུག ལྗོན་ཨ་སྒྲམ་མཆོག་གིས་ཨ་རིའི་སྲིད་འཛིན་གྱི་མཛད་འགན་བཞེས་རྒྱུན་རིང་།གསར་བརྗེ་ངོ་རྒོལ་སྐབས་ཧྥ་རན་སི་དང་མཉམ་པོར་མཐུན་ཕྱོགས་ཀྱི་འབྲེལ་ལམ་ཞིག་ཡོད་པ། དེ་ཉིད་རྒྱུན་འཁྱོངས་གནང་སྟེ་དམག་འཁྲུགས་བྱ་མ་དགོས་པའི་ཐབས་ཇུས་གཙོ་འདོན་ཞུས་པ་ཆབས་ཅིགཆེན་པོ་དབྱིན་ཇི་དང་ལྷན་དུའང་མཐུན་ལམ་བཙུགས་ཐུབ་པ་ནི། ཁོང་གི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཏུ་བརྩི་ཆོག་སྟེ།སྐབས་དེར་ཡོ་རོབ་ཀྱི་རྒྱལ་ཁབ་སྟོབས་ལྡན་དེ་གཉིས་ཆར་མཐུན་ལམ་འཛུགས་རྒྱུ་ནི། ཧ་ཅང་གི་རྙོག་འཛིངས་ཅན་གྱི་དཀའ་གནད་ཅིག་རེད།ཇི་ལྟར་ན། ཧྥ་རན་སི་དང་དབྱིན་ཇི་གཉིས་ཕན་ཚུན་ལོ་བར་མང་བོའི་རིང་། མངའ་ཐང་འཐབ་རྩོད་ཀྱི་དམག་གྱོད་ད་དུང་འཁྲུན་ཐག་ཆོད་མེད་སྟབས།ཨ་རིས་དབྱིན་ཇིར་གྱེན་ལོག་ངོ་རྒོལ་གྱི་དམག་འཁྲུགས་བྱེད་སྐབས། ཧྥ་རན་སིས་གོ་སྐབས་དེ་བཟུང་ནས་ཨ་རིར་རོགས་སྐྱོར་བྱས་ཏེ་གཡུལ་རྒྱལ་བྱུང་བས།ཨ་རི་དང་མཉམ་པོར་དབྱིན་ཇིར་འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་བྱུས་ཤིག་འཛིན་བཞིན་ཡོད་པ་དང་།ཨ་རི་ཕྱོགས་ནས་ཨ་རིའི་ནང་དུ་དབྱིན་ཇིའི་མི་འབོར་ཧ་ཅང་ཆེན་པོ་ཡོད་པ་དང་། དབྱིན་ཇི་ཚོ་ཕན་ཚུན་གཅིག་གིས་གཅིག་ལ་ལར་ཞེན་ཆེ་ཁར།དམག་ཤུགས་ཀྱང་བཙན་ཐག་ཆོག་ཡོད་སྟབས། དེ་དང་མཉམ་པོར་དམག་འཁྲུགས་བྱ་མ་དགོས་པའི་ཐབས་ཤེས་གཙོ་འདོན་བྱེད་ཀྱིན་ཡོད་པས།གཅིག་ལ་མཐུན་ལམ་བཟུང་ན་གཅིག་ཤོས་མ་དགའ་བའི་གནས་སྟངས་ཐབས་རྡུགས་ཤིག་གི་འོག་ཡོད་པ་རེད།དེ་ལྟར་མོད་ཀྱི་ཁོང་གིས་དེ་གཉིས་ཀར་མཐུན་ལམ་བསྟུན་མཁས་ཀྱི་སྲིད་ལུགས་གྲུང་བོ་ཞིག་ལག་བསྟར་བྱས་འདུགསྤྱི་ལོ༡༨༠༡ལོར་ཁོང་བགྲེས་ཡོལ་དུ་རང་ཁྱིམ་མ་སེ་ཆོས་སེའི་ནང་ཕྱིར་ལོག་ཕེབས་ཤིང་། དགུང་གྲངས་དགུ་བཅུ་བར་འཚོ་བཞུགས་གནང་བ་དང་།གཉེན་སྒྲིག་ཞུས་ནས་མི་ལོ་ལྔ་བཅུ་ང་བཞི་སོང་སྟབས། ཨ་རིའི་སྲིད་འཛིན་རིམ་ཕེབས་ཀྱི་གྲས་ནས་ཚེ་ཐག་རིང་ཤོས་དང་།གཉེན་སྒྲིག་གི་ཕྱི་ཐག་རིང་ཤོས་དེའང་ཁོང་ཡིན་པར་གྲགས་ལ། ཁོང་ལྕམ་གཉིས་ཀྱི་བར་ཕན་ཚུན་སེམས་ཐག་ཤིན་ཏུ་ཉེ་བོ་དང་།གུས་བཀུར་གྱི་མཐུན་ལམ་རྨད་དུ་བྱུང་བ་ཞིག་ཡོད་པར་བཤད། ཁོང་གིས་སྲིད་འཛིན་མཛན་འགན་མཇུག་གྲུབ་རྗེས།ཐོ་མ་སི་ལྗ་ཧྥིར་སོན་དང་གསར་བརྗེ་ངོ་རྒོལ་སྐབས་ཀྱི་གྲོགས་པོ་རྙིང་བའི་འབྲེལ་ལམ་བཟང་བོ་སླར་ཡང་བསྐྱར་གསོ་མཛད་དེ།ཕན་ཚུན་དགའ་ཉེ་མཐུན་ཕྱོགས་ཀྱི་ཕྱག་བྲིས་རྒྱུན་མར་གནང་ཞིང་། ཁོང་གིས་ཆེས་ཐ་མའི་གསུང་དུའང༼ཐོ་མ་སི་ལྗ་ཧྥིར་སོན་ནི་ད་དུང་ཤུལ་དུ་འཚོ་བཞུགས་གནང་ཡོད༽ཅེས་ཁོང་ལ་ཡིད་ཆེས་གདེངས་འཇོག་གི་གསུང་ཕེབས་འདུགའོན་ཏེ། སྟབས་མ་ལེགས་པ་ཞིག་ལ། ཐོ་མ་ཤི་ལྗ་ཧྥིར་སོན་ནི་ཁོང་སྐུ་མ་གཤེགས་པའི་སྔ་རོལ་གྱི་དུས་ཚོད་ཐུང་ངུ་ཞིག་གི་ནང་སྐུ་གཤེགས་འདུག་པ།ཁོང་ནས་མཁྱེན་རྟོགས་བྱུང་མེད་པར་བཤད། ཟུར་མཆན། སྲིད་འཛིན་ཨ་སྒྲམ་དང་ལྗ་ཧྥིར་སོན་གཉིས་ཆ་སྐར་གྲངས་ཁ་ཤས་ཀྱི་སྔ་ཕྱི་ཙམ་ལས།ཉི་མ་གཅིག་གི་ནང་སྐུ་གཤེགས་འདུག


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2013/12/30 བལྟ་ཀློག (26646)