ཚེ་སྲོག་གཅེས་སྐྱོང་དང་ཁོར་ཡུག་སྲུང་སྐྱོབ།

མཁན་པོ་བསོད་ནམས་དར་རྒྱས་ཀྱིས་འཆད་ཁྲིད་བྱས།

       རྣམ་པ་ཚང་མའི་སྐུ་ཁམས་བཟང་།   དེ་རིང་སྐབས་དང་པོའི་འཛམ་གླིང་གཅེས་སྐྱོང་བགྲོ་གླེང་ཚོགས་འདུ་རུ་ཞུགས་ཐུབ་པར་རང་ངོས་ནས་དགའ་སྤྲོ་ཆེན་པོ་སྐྱེས་སོང་།  རྒྱུ་མཚན་ཡང་།  གཅིག་ནས་དེ་རིང་གི་བགྲོ་གླེང་ཁ་བྱང་དེ་ཚེ་སྲོག་གཅེས་སྐྱོང་དང་ཁོར་ཡུག་སྲུང་སྐྱོབ་འདི་གཉིས་རེད།  གནད་དོན་འདི་གཉིས་ལ་ངས་ནམ་རྒྱུན་རྩིས་མཐོང་ཆེན་པོ་བྱེད་ཀྱིན་ཡོད་པས་ཡིན།  གཉིས་ནས་དེ་རིང་འདིར་ཕེབས་པའི་དབུ་ཁྲིད་དང་སྐུ་མགྲོན།   དགེ་ལས་པ་དང་ཁེ་ལས་པ་ཚང་མ་ཁ་ཞེ་གཉིས་མེད་ཀྱིས་དགེ་ལས་བསྒྲུབ་འདོད་པའི་རང་འདུན་པ་རྐྱང་རྐྱང་ཡིན་ཞིང་།   ཉེ་འཁོར་གྱི་ཉམ་ཐག་པའི་རྒན་རྒོན་དང་དྭ་ཕྲུག   ནད་པ་དང་ལྡོམ་པོ་སོགས་ལ་རོགས་རམ་ཇི་ལྟར་བྱེད་རྒྱུར་ཐབས་བཀོད་དང་།  འཆར་འགོད་བྱེད་པའི་གཞན་ཕན་གྱི་ལྷག་བསམ་ཅན་ཤ་སྟག་ཡིན་པས་སོ།  །

      ཁ་སང་དེ་རིང་གི་འཇིག་རྟེན་འདིའི་སྟེང་དུ།   མི་མང་ཆེ་ཤོས་ཀྱིས་རང་གི་བདེ་བ་ཁོ་ན་དོན་གཉེར་བྱེད་རྒྱུ་ལས།  རྒྱུ་དངོས་དང་དཔལ་འབྱོར་ཇི་ལྟར་འཛོམས་ཀྱང་མཐའ་འཁོར་གྱི་ཉམ་ཐག་པའི་མི་རྣམས་དང་།   སྤྱི་ཚོགས་ལ་སེམས་ཁུར་ཅུང་ཙམ་ཡང་བྱེད་ཀྱི་མེད་པ་རེད།   རྒྱུ་མཚན་དེའི་དབང་གིས།འདི་ལྟ་བུའི་བསྒྲུབ་གཞི་ལ་བགྲོ་གླེང་དང་གྲོས་མོལ་བྱ་རྒྱུར་མིག་སྔར་མཚོན་ནས་བཤད་ན།   དགོས་ངེས་རང་བཞིན་དང་དོན་སྙིང་ཡང་ཆེན་པོ་ལྡན་པ་ཡིན།  དེ་རིང་འདིར་བཞུགས་ཀྱི་རྣམ་པ་ཚང་མ་འཛམ་གླིང་གི་ཡུལ་གྲུ་དང་ས་ཕྱོགས་སོ་སོ་ནས་འོངས་པ་ཡིན་མོད།   འོན་ཀྱང་ང་ཚོ་ཚང་མ་ལ་མ་བགྲོས་རང་མཐུན་གྱི་དམིགས་ཡུལ་གཅིག་ཡོད་པ་དེ་ནི།   ས་སྒང་འདིར་འཕྲད་ཀྱིན་པའི་ཉེན་ཁ་རྣམས་སེལ་ཐབས་དང་།  མི་དང་རང་བྱུང་ཁམས་གཉིས་དོ་མཉམ་སྙོམ་སྒྲིག་བྱེད་རྒྱུ་དེ་ཡིན།   ནང་བསྟན་མི་སྣ་ཞིག་གི་ངོས་ཐད་ནས་བཤད་ན།   ཁོར་ཡུག་སྲུང་སྐྱོབ་ཀྱི་རྨང་རྐང་ངམ་རྩ་བ་ནི་ཚེ་སྲོག་གཅེས་སྤྲས་བྱ་རྒྱུ་འདི་རེད་སྙམ།

     ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ཡིན་ནའང་མིའི་རིགས་རྐྱང་བའི་ཚེ་སྲོག་ཙམ་མིན་པར།  སྲོག་ཆགས་ཚང་མའི་ཚེ་སྲོག་ལ་བྱམས་སྐྱོང་དང་གཅེས་སྤྲས་བྱེད་རིགས་ཤིང་།   དེའི་ཕྱོགས་ནས་སྐད་ཆའང་བཤད་ཐུབ་དགོས།   འཛམ་གླིང་སྟེང་གི་ཆེས་རིན་ཐང་དང་ལྡན་པ་ནི་ཚེ་སྲོག་ཡིན་ལ།   རྒྱ་ཡུལ་དུ་སྐད་གྲགས་ཆེ་བའི་ཉན་ཁྲི་བླ་མས་ཚེ་ཐར་སྲོག་བླུའི་རྣམ་གཞག་ལས།འཇིག་རྟེན་གྱི་ཆེས་རིན་ཐང་ཆེ་བ་ནི་ཚེ་སྲོག་དང་།   གནམ་འོག་གི་ཆེས་གདུག་རྩུབ་ཆེ་བ་ནི་སྲོག་གཅོད་པའོ།   །ཞེས་གསུངས་ཡོད།   དེར་བརྟེན་མི་དང་སྲོག་ཆགས་གང་ཞིག་ལ་མཚོན་ཡང་སྲོག་གཅོད་རྒྱུ་ནི།    ཆེས་གདུག་རྩུབ་དང་གཏུམ་དྲག་གི་ལས་ཀ་ཞིག་རེད།   མི་ལ་ལ་ཞིག་གིས་སྲོག་ཆགས་གསོད་པ་དང་མི་གསོད་པ་གཉིས་ནི་རྩ་བ་ནས་མི་འདྲ་སྟེ།   སྲོག་ཆགས་དེ་ཚོས་གཏམ་སྨྲ་མི་ཤེས་ལ་མི་ལྟ་བུའི་ཤེས་རབ་ཀྱང་མེད་ཅེས་སྙམ་སྲིད་ཀྱང་།   འདིའི་ཐད་ལ་དུས་རབས༡༨པའི་དབྱིན་ཇིའི་མཚན་ཉིད་རིག་པ་བ་པིན་ཤིན་(边泌Jeremy Bentham 1748~1832)གྱིས་སུན་འབྱིན་གྱི་ཚུལ་དུ།   སྲོག་ཆགས་གསོད་པ་དང་མི་གསོད་པའི་བར་གྱི་རྩ་བའི་ཁྱད་པར་ནི།  སྲོག་ཆགས་དེ་དག་ལ་ཤེས་རབ་ཡོད་མེད་དང་གཏམ་སྨྲ་བའི་ནུས་པ་ཡོད་མེད་ལ་བལྟ་རྒྱུ་མིན་ལ།   དེ་ནི་བདེ་སྡུག་གི་ཚོར་བའི་ནུས་པ་ཡོད་མེད་ལ་བལྟ་དགོས་ཞེས་བཤད་ཡོད།   གནས་ལུགས་འདི་ཤིན་ཏུ་གཙོ་ཆེ་བས་རྣམ་པ་ཚོས་སེམས་ལ་བཟུང་ན་ཕན་ཐོགས་ཆེན་པོ་ཡོད་པ་རེད།  བདེ་སྡུག་གི་ཚོར་བ་སྲོག་ཆགས་ཚང་མར་ང་ཚོ་དང་འདྲ་བར་ཡོད་པ་ཤེས་དགོས་ཤིང་།  དེ་དག་ལ་གནོད་པ་བསྐྱལ་ན་སྡུག་བསྔལ་དང་།སྲུང་སྐྱོབ་བྱས་ན་བདེ་བར་འགྱུར་བ་ཡིན་པ་དེའི་རྒྱུ་མཚན་གྱིས།ང་ཚོ་མིའི་རིགས་ཀྱིས་གང་བྱུང་དུ་སྲོག་ཆགས་ཀྱི་ཚེ་སྲོག་ལ་རྡོག་རྫིས་དང་མནར་གཅོད་གཏན་ནས་བྱེད་མི་རིགས་པ་ཡིན།   འཕགས་པ་ཀླུ་སྒྲུབ་ཀྱིས་ཤེར་ཕྱིན་ཆེན་མོའི་ནང་དུ།   སྲོག་གཅོད་གོང་ན་སྡུག་གཞན་མེད།།

    དགེ་བའི་ནང་ནས་སྲོག་སྐྱོབ་མཆོག    །ཅེས་གསུངས་ཤིང་།     ནང་ཆོས་ཀྱི་ལྟ་བ་ལྟར་བཤད་ན།   སྲོག་གཅོད་པ་ནི་སྡིག་པ་རྣམས་ཀྱི་ནང་ནས་ཆེས་ཚབས་ཆེ་བ་དེ་ཡིན་ལ།   སྲོག་སྐྱོབ་པའམ་སྲོག་བླུ་བ་ནི་དགེ་བ་རྣམས་ཀྱི་ནང་ནས་ཆེས་ཕན་ཡོན་ཆེ་བ་དེ་ཡིན་ནོ།  །ཐེངས་འདིའི་བགྲོ་གླེང་ལས་གྲོས་ཆོད་བྱུང་བ་ལྟར་ན།    ལོ་རེའི་སྤྱི་ཟླ་བདུན་པའི་ཚེས་བཅུ་བདུན་ཉིན་དེ་འཛམ་གླིང་གཅེས་སྐྱོང་ཉིན་དུ་གཏན་ལ་ཕབ་ཡོད།༼༧༡༧༽དེ་ཡང་རྒྱ་སྐད་དུ་(亲一亲)ཞེས་པའི་སྒྲ་ལས་གཅེས་གཅེས་བྱས་པའི་དོན་ཐོན་གྱིན་ཡོད་པས་གཅེས་སྐྱོང་ཞེས་པའི་དོན་དུ་གཏན་ཁེལ་བྱས་ཡོད།   ང་ཚོས་ཉེ་འཁོར་གྱི་མི་རྣམས་ལ་བྱམས་སྐྱོང་བྱ་དགོས་པ་མ་ཟད་།  སྲོག་ཆགས་རྣམས་ལའང་མི་ལྟར་དུ་བྱམས་སྐྱོང་བྱ་རྒྱུ་ཧ་ཅང་གལ་ཆེ་བ་ཡིན།   ངས་དེ་རིང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་དགེ་སེམས་ཅན་གྱི་མི་སྣ་ཡོངས་ལ།   ལོ་རེའི་ཟླ་བདུན་པའི་ཚེས་བཅུ་བདུན་ཉིན་སྲོག་བླུ་དང་།    བཤས་རའི་ནང་གི་སྲོག་ཆགས་རྣམས་སྐྱོབ་དགོས་པའི་འབོད་སྐུལ་བྱས་པ་ཡིན་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སའི་གོ་ལའི་ཁོར་ཡུག་ཚོགས་ཆེན་དུ།   ལོ་བཅུ་གཉིས་ལོན་པའི་བུ་མོ་ཞིག་གིས་སྐར་མ་དྲུག་གི་རིང་ལ་གཏམ་བཤད་འདི་འདྲ་ཞིག་བྱས་ཡོད་དེ།   ཁོ་མོས་བཤད་རྒྱུར།   དེ་རིང་ངས་འདི་ནས་འཛམ་གླིང་ཐོག་གི་ལྟོག་སྐོམ་མྱོང་བཞིན་པའི་བྱིས་པ་ཚོའི་ཚབ་བྱས་ཏེ་སྐད་ཆ་བཤད་ཀྱིན་ཡོད་ཅིང་།  རྒྱུ་མཚན་ནི་དེ་དག་གི་ངུ་སྐད་སུས་ཀྱང་ཚོར་གྱིན་མེད་ལ།   གཉིས་ནས་ས་སྒང་འདིའི་སྟེང་ནས།  ཉིན་ལྟར་ངན་གསོད་བྱེད་བཞིན་པའི་སྲོག་ཆགས་དག་གི་ཚབ་བྱས་ཏེ་སྐད་ཆ་བཤད་ཀྱིན་ཡོད།   རྒྱུ་མཚན་ནི་དེ་དག་ལ་འགྲོ་ཆོག་སའི་གནས་ཤིག་མེད་པས་ཡིན།   ཞེས་བཤད།

     སྐད་ཆ་འདིར་མི་ཤེས་ལྡན་དང་སྙིང་རྗེ་ཅན་ཞིག་ཡིན་ན་མཐོང་ཆེན་བྱེད་འོས་པ་རེད།   དུས་རབས་ཉེར་གཅིག་པའི་སྐབས་འདིར།   སྔོན་ཆད་དང་བསྡུར་ན་མི་རྣམས་གདུག་རྩུབ་ཧ་ཅང་ཆེ་སྟེ།   མི་གཅིག་པོ་ལས་གཞན་གྱི་ཚེ་སྲོག་གང་ཡིན་ཡང་སྣང་མེད་དུ་གསོད་གཏུབ་བྱེད་ཀྱིན་པ་འདི་ནི།  ང་ཚོ་ནང་པ་བའི་སྤྱོད་ལམ་དང་མི་མཐུན་པ་མ་ཟད་འཇིག་རྟེན་མི་ཆོས་དང་ཡང་མི་མཐུན་པ་ཞིག་ཡིན།  གནའ་སྔ་མོའི་མི་རྣམས་ལ་རྒྱུན་དུ་སྲོག་ཆགས་བྱམས་སྐྱོང་གི་འདུ་ཤེས་ཤིག་ཡོད་པ་རེད།  ང་ཚོས་ད་ལྟ་དེ་ལྟར་བྱེད་མི་ཐུབ་པའི་རྒྱུ་མཚན་ཅི་ཡིན་ནམ།   སི་ལོ་ཝེ་ཉི་ཡ་རྒྱལ་ཁབ་ཀྱི་སྲིད་འཛིན་སྔོན་མ་ཏུར་ནོ་ཧྥུ་སི་ཁུ་(Dr. JanezDrnovsek, 1950—2008)ནི་རླབས་ཆེན་གྱི་དཀར་ཟས་རིང་ལུགས་པ་ཞིག་ཡིན།   ཁོས་སྲོག་ཆགས་གསོད་པར་ངོ་རྒོལ་ཆེན་པོ་བྱས་ཤིང་།    སྲོག་ཆགས་ཀྱི་ཁེ་དབང་དང་ཐོབ་ཐང་ལ་བཟུང་བའི་ལྟ་བ་ནི་མི་མང་ཆེ་བ་ཞིག་གི་བསམ་བློའི་རྟོག་བཀོད་ལས་བརྒལ་ཞིང་།   ང་ཚོས་ཡིད་སྨོན་དང་སློབ་སྦྱོང་བྱ་དགོས་པའི་གནས་ཤིག་ཏུ་གྱུར་ནས་ཡོད།  དེར་བརྟེན།   ངས་དེ་རིང་གི་གོ་སྐབས་འདི་བརྒྱུད་དེ་འཛམ་གླིང་ཡོངས་ལ།  ཚང་མས་འབད་པ་ལྷུར་ལེན་གྱིས་ཚེ་སྲོག་གཅེས་སྤྲས་ཀྱི་བྱེད་སྒོར་ཞུགས་ནས།   མི་ཙམ་དུ་མ་ཟད།  སྲོག་ཆགས་ཚང་མའི་ཚེ་སྲོག་ལ་གཅེས་སྤྲས་དང་བརྩེ་སྐྱོང་བྱ་དགོས་ཤིང་།  གལ་ཏེ་སྲོག་ཆགས་ལ་གཅེས་སྤྲས་བྱ་ཐུབ་ན་ཁོར་ཡུག་སྲུང་སྐྱོབ་ནི་རང་བཞིན་ཤུགས་ཀྱིས་འགྲུབ་འོང་སྟེ།རྒྱུ་མཚན་ནི་ཕྱིའི་ཡུལ་ནི་ནང་སེམས་ཀྱི་འཕྲུལ་བ་ཙམ་ཞིག་ཡིན་པས་སོ།   །

     ཚེ་སྲོག་གཅེས་སྤྲས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་འོས་འགན་རླབས་ཆེན་ནི།  ས་སྒང་འདིར་འཚོ་བཞིན་པའི་ང་ཚོ་མི་ཐམས་ཅད་ལ།   ཁྱབ་མཉམ་དུ་ཡོད་པས་ཚང་མས་འབད་པ་བྱེད་རོགས།  བཀའ་དྲིན་ཆེ།


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/3/5 བལྟ་ཀློག (35113)