གཅིག བྱིས་པར་རྒྱུས་ལོན་ཅི་ཐུབ་བྱེད་པ།
ཁྱིམ་ལས་ཙག་ཙིག་ལ་བྲེལ་བའི་དུས་མཚུངས་སུ། ཁྱིམ་བདག་གིས་ཁོམ་པ་བཙལ་ཏེ་བྱིས་པར་རྒྱུས་ལོན་བྱེད་པ་དང་། བྱིས་པ་དང་ཕ་མ། བྱིས་པའི་དགེ་རྒན་བཅས་ལ་འབྲེལ་འདྲེས་མང་པོ་བྱས་ནས་བུ་བཅོལ་ཁང་དང་ཁྱིམ་ཚང་དུ་བྱིས་པའི་རྣམ་འགྱུར་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་ཅི་ཐུབ་བྱེད་དགོས། བྱིས་པར་རྒྱུས་ལོན་མང་པོ་བྱས་ནས་གོ་ལོག་ཉུང་ཙམ་ཐེབས་པ་བྱེད་དགོས།
གཉིས། སློབ་གསོ་གཏོང་བའི་ཤེས་བྱ་བསྡུ་ལེན་བྱེད་པ།
སྤྱི་ཚོགས་འཕོ་འགྱུར་འབྱུང་བཞིན་ཡོད་པའི་སྐབས་འདིར་བྱིས་པ་འཚར་ལོངས་འབྱུང་སའི་ཁོར་ཡུག་ཀྱང་འཕོ་འགྱུར་འབྱུང་བཞིན་འདུག་པས། ང་ཚོས་སློབ་གསོའི་བྱེད་སྟངས་ཀྱང་རྒྱུན་ཆད་མེད་པར་དེ་དང་བསྟུན་ནས་ཇེ་ལེགས་སུ་གཏོང་དགོས། ཁྱིམ་བདག་ཅིག་ཡིན་པའི་ཆ་ནས་རང་འགན་གཞན་ལ་མི་བཅོལ་བར་རང་འགུལ་གྱི་སྒོ་ནས་སློབ་གསོ་གཏོང་བའི་ཤེས་བྱ་གསར་བ་བསྡུ་ལེན་བྱེད་དགོས་པ་བཤད་ཅི། སྲོལ་རྒྱུན་སློབ་གསོ་གཏོང་བ་འི་བྱེད་སྟངས་ནི་ཕ་མ་མང་ཆེ་ཤོས་ཀྱིས་དབང་ཤུགས་བེད་སྤྱད་ནས་བྱིས་པར་སློབ་གསོ་གཏོང་བ་དང་། བྱིས་པར་གཅར་རྡུང་བྱེད་པ་ནི་དབང་ཤུགས་སྤྱད་ནས་སློབ་གསོ་གཏོང་བའི་བྱེད་ཐབས་གཙོ་བོ་ཞིག་ཏུ་བརྩི་བཞིན་ཡོད། ཤེས་བྱ་གསར་བ་བསྡུ་ལེན་བྱས་ན་རང་ཉིད་འཚར་ལོངས་འབྱུང་བའི་ཉམས་མྱོང་ལས་ཐར་ཏེ་དུས་ལྟར་རང་གི་སློབ་གསོ་གཏོང་བའི་ལྟ་ཚུལ་དེ་ཇེ་ལེགས་སུ་གཏོང་བར་ཕན་པ་ཡོད།
གསུམ། བྱིས་པའི་སྐད་ཆ་ལ་སུན་སྣང་མེད་པར་ཉན་པ།
གལ་ཏེ་ཁོང་ཁྲོ་ལངས་སླ་བའི་ཁྱིམ་བདག་ཅིག་ཡིན་ན་ཁ་ཏ་སློབ་གསོར་མི་ཉན་པའི་བྱིས་པ་ཞིག་འཕྲད་ཚེ་སློབ་གསོ་གཏོང་སྟངས་ནི་ཐད་དཀར་ཁ་རྡུང་གཏོང་བ་དེ་ཡིན་མོད། འོན་ཀྱང་སློབ་གསོ་གཏོང་སྟངས་བཟང་པོ་ནི་སྔོན་ལ་ཁྱིམ་བདག་རང་ཉིད་ཀྱི་སེམས་ལྷོད་ལ་འབབ་པ་དང་སེམས་རྣལ་ལ་ཕབ་ནས་བྱིས་པར་འདི་ལྟར་སྒྲུབ་པའི་རྒྱུ་མཚན་སོགས་གསལ་བོར་འདྲི་དགོས། ཁྱིམ་བདག་གིས་བྱིས་པའི་བསམ་ཚུལ་རྒྱུས་ལོན་བྱེད་པ་དང་བྱེད་ཐབས་གང་མང་སྤྱད་ནས་གནད་དོན་ཐག་གཅོད་ཐབས་བྱས་ན། བྱིས་པས་དེ་ལྟར་སྒྲུབ་པ་ཁག་མེད་པ་ཤེས་ཐུབ་ལ་ལྡོག་ཕྱོགས་ཀྱི་བློ་དོགས་ཀྱང་སངས་ཐུབ་ངེས་ཡིན།
བཞི། རྫིག་ཉམས་མི་སྟོན་པ།
ཁྱིམ་བདག་ཁ་ཤས་ཀྱིས་བྱིས་པའི་མདུན་དུ་རྫིག་ཉམས་བསྟན་ནས་བྱིས་པར་སློབ་གསོ་གཏོང་རྒྱུར་དགའ། དོན་དངོས་སུ་བཤད་ན་ཁྱིམ་བདག་གིས་དེ་འདྲའི་རྣམ་འགྱུར་མི་འཛིན་པར་བྱིས་པ་ལ་སེམས་ནས་གཅེས་དགོས་པ་ལས་བཙན་ཤེད་ཀྱི་སྐད་ཆ་མི་བཤད་པ་དང་། བྱིས་པར་ལོ་ན་སོན་པའི་མི་ཞིག་ཏུ་བརྩིས་ནས་བརྩི་འཇོག་བྱས་ན་བཟང་།
ལྔ། བྱིས་པར་གནས་ལུགས་བཤད་པ།
རྒྱུན་དུ་བསླབ་བྱ་གནང་བ་ལས་གཞན་ཁྱིམ་བདག་གིས་ད་དུང་གནས་ཚུལ་ངོ་མ་སྤྱད་ནས་བྱིས་པར་གནས་ལུགས་བཤད་དེ། བྱིས་པ་ལ་མི་གཞན་ཞིག་གི་ལྟ་ཕྱོགས་ནས་རང་ཉིད་ཀྱི་བྱ་སྤྱོད་དེས་མི་གཞན་ལ་ཤུགས་རྐྱེན་ཅི་འདྲ་ཞིག་ཐེབས་པ་ཤེས་སུ་འཇུག་དགོས།
དྲུག བྱིས་པར་མྱོང་ཚོར་ལེན་དུ་འཇུག་པ།
གལ་ཏེ་བྱིས་པས་རྒྱུན་དུ་མི་རྒན་པའི་སྐད་ཆར་མི་ཉན་ན་ཉེན་ཁ་མེད་པ་དང་མཇུག་འབྲས་ངན་པ་མི་འབྱུང་བའི་གནས་ཚུལ་འོག་ནས། ཁྱིམ་བདག་གིས་ཀྱང་བྱིས་པར་རང་སྡུག་རང་ཉོ་ཡི་མྱོང་ཚོར་ལེན་དུ་འཇུག་ཆོག རང་ཉིད་ཀྱི་མྱོང་ཚོར་དངོས་བརྒྱུད་ཚེ་ཕ་མའི་སློབ་སྟོན་དེ་ཡང་དག་པ་དང་གལ་ཆེན་ཞིག་ཡིན་པའི་ཤེས་རྟོགས་ཐོབ་ཏུ་འཇུག་ཐུབ།
བདུན། བྱིས་པ་དང་གྲོས་མོལ་བྱེད་པ།
རྒྱུན་དུ་བྱིས་པར་མི་རྒན་པའི་འདོད་བློ་ལྟར་བྱ་བ་བསྒྲུབ་ཏུ་འཇུག་མི་རུང་། གལ་་ཏེ་དེ་ལྟར་བྱས་ན་བྱིས་པ་ལ་སྡུག་བསྔལ་ཡོད་པ་མ་ཟད་ཕ་མ་རང་ཉིད་ལའང་སྡུག་བསྔལ་ཆེ། བྱིས་པའི་ལོ་ན་ཆུང་ནའང་ཁོ་ཚོར་རང་གི་འདོད་པ་ལྟར་སྒྲུབ་པའི་དོན་དག་ཡོད་པས། བྱིས་པ་དང་གྲོས་བྱས་ནས་རང་རང་སོ་སོའི་ལྟ་ཚུལ་བརྗོད་པ་ནི་ཐབས་ལམ་བཟང་པོ་ཞིག་ཡིན་ཤས་ཆེ།
བརྒྱད། སྤོ་ཆེ་བའི་སྐབས་སུ་བྱིས་པར་སློབ་གསོ་མི་གཏོང་བ།
སྤོ་ཆེན་པོ་ལངས་སྐབས་ཁྱིམ་བདག་གིས་རང་ཚོད་མི་ཟིན་པར་སློབ་གསོ་གཏོང་སྲིད་པས། ཁྱིམ་བདག་གིས་རང་སེམས་ལྷོད་དུ་གཏོང་མི་ཐུབ་པའི་སྐབས་རང་ཉིད་ལས་ཡུལ་དངོས་དང་ཁ་བྲལ་ནས། རང་སེམས་ལྷོད་ལ་བབས་རྗེས་བྱིས་པ་དང་ཁ་བརྡ་བཟང་པོ་ཞིག་བྱེད་དགོས།
དགུ། བྱིས་པར་རེ་བ་ཆེན་པོ་བཅངས་པའི་ལྟ་སྟངས་བསྒྱུར་དགོས།
ཁྱིམ་བདག་གིས་རྒྱུན་དུ་བྱིས་པར་རེ་བ་ཆེན་པོ་བཅངས་ནས་རང་ཉིད་ཀྱིས་ཀྱང་བསྒྲུབ་མི་ཐུབ་པའི་དོན་དག་བྱིས་པའི་སྟེང་ལ་བཅོལ་བཞིན་ཡོད། ང་ཚོ་ཚང་མས་ངེས་པར་དུ་ཤེས་དགོས་པ་ཞིག་ནི་བྱིས་པ་ད་རུང་ལོ་ན་ཆུང་བས་ཕྲ་ཆལ་དང་། ཨུ་ཚུགས། བརྗེད་སླ་བ་སོགས་ཀྱི་སྣང་ཚུལ་འབྱུང་བ་ནི་རྒྱུན་དུ་མཐོང་བའི་སྣང་ཚུལ་ཞིག་ཡིན་པ་ཤེས་དགོས། གལ་ཏེ་ཁྱིམ་བདག་གིས་རང་ཉིད་ཀྱི་འདོད་བློ་ལྟར་བྱིས་པར་རེ་བ་བཅངས་ན་བྱིས་པའི་ལོ་ཚོད་སོགས་ལ་བསམ་བློ་གཏོང་དགོས་པ་ལས ། རང་ཉིད་ཀྱི་རེ་འདོད་ལྟར་བྱིས་པའི་བྱ་སྤྱོད་ལ་བལྟ་མི་རུང་།
བཅུ། བྱིས་པར་ཟོལ་མེད་སེམས་པ་གཏོད་དགོས།
ཁྱིམ་བདག་ལ་ལ་ཞིག་གིས་བྱིས་པ་དང་འབྲེལ་འདྲིས་བྱེད་བྱེད་སྐབས་རྒྱུན་དུ་འགན་དཀྲི་དང་ཡང་ན་སྐད་ཆ་བཙན་པོ་བཤད་རྒྱུར་དགའ་བས་དེས་དང་ལེན་བྱེད་དཀའ་བ་རེད། ཁྱིམ་བདག་གིས་བདེན་པ་བདེན་དྲང་གི་སྒོ་ནས་རང་ཉིད་ཀྱི་སེམས་ཁྲལ་དང་བསམ་ཚུལ་སོགས་བྱིས་པར་བཤད་དེ། བྱིས་པའི་བྱ་སྤྱོད་དེས་ཕ་མར་ཡིད་སྐྱོ་བ་དང་ཡང་ན་སེམས་ཁྲལ་བྱེད་པ་དང་འཇིགས་སྣང་སྐུལ་བ་བཅས་བྱིས་པར་ཤེས་སུ་འཇུག་དགོས། བྱིས་པ་ལ་སྐད་ཆ་བཤད་སྟངས་ཡག་པ་དང་རྣམ་འགྱུར་ལེགས་པོ་བཟུང་ན། བྱིས་པས་ཁ་ལེན་ཚིག་བརྩི་བྱེད་པ་དང་ནམ་ཡིན་ཡང་ཕ་མ་ལ་དགའ་ཁོ་ཐག་ཡིན།
རྒྱུན་ལྡན་མིན་པའི་བསམ་ཚུལ་ཞི་འཇགས་སུ་གཏོང་བ།
ལོ་ཆུང་བྱིས་པའི་དུས་ཀྱི་བསམ་ཚུལ་འགྱུར་བག་ལས་མི་ཞིག་གི་ཚེ་གང་བོ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེ་བས་སློབ་གསོ་གཏོང་བའི་ཁྲོད་དུ་དགེ་སྤེལ་སྐྱོན་སྤང་གི་གནད་དོན་ཞིག་ཡོད་ལ་ཆེད་མཁས་པས་ཁྱིམ་བདག་རྣམས་ལ་དེའི་སྐོར་མཉམ་འཇོག་དགོས་པའི་དྲན་སྐུལ་བཏང་བ་གཤམ་གསལ་ལྟར།
ཡག་བཙོག་གི་བསམ་ཚུལ་ཞི་འཇགས་སུ་གཏོང་བ།
ཁྱིམ་བདག་གིས་བྱིས་པའི་སྐྱེ་གཟུགས་བཟང་ངན་ལ་བལྟས་ནས་སྦ་གསང་མེད་པར་ཁོ་ཚོའི་མདུན་ནས་བསྟོད་པ་དང་འཕྱ་སྨོན་བྱེད་ཀྱི་ཡོད། ཁོ་ཚོར་བློ་སྒོ་འབྱེད་པའི་ཁྲོད་དུ་བཞིན་རས་རྒྱུན་ལྡན་མིན་པའི་བྱིས་པས་རང་ཉིད་མི་གཞན་དང་མི་འདྲ་བའི་རང་དམན་དང་རང་རློམ་ཆེ་བའི་བསམ་ཚུལ་འབྱུང་བཞིན་ཡོད། འདི་ལྟ་བུའི་བསམ་ཚུལ་གྱིས་བྱིས་པའི་སེམས་ཁམས་རྒྱུན་ལྡན་ངང་འཚར་ལོངས་འབྱུང་བར་ཕན་ཐོགས་མེད།
ནོར་འཁྲུལ་གྱི་བསམ་ཚུལ་ཞི་འཇགས་སུ་གཏོང་བ།
ཁྱིམ་བདག་ལ་ལ་ཞིག་གིས་བྱིས་པས་བསྒྲུབས་པའི་དོན་དག་རྒྱུན་ལྡན་མིན་པའི་སྣང་ཚུལ་མཐོང་མ་ཐག་སྐྱོན་བརྗོད་དང་དག་བཅོས་བྱེད་ཀྱིན་ཡོད། དཔེར་ན། བྱིས་པ་འགའ་ཞི་ལ་མིག་ཀྲབ་ཀྲབ་བྱེད་པར་གོམས་ཡོད་པས་ཁྱིམ་བདག་གིས་དུས་ནམ་ཡང་བཤད་པ་དང་སྐྱོན་འཛུགས། ཐ་ན་ཁ་རྡུང་གཏོང་་དང་གཤེ་གཤེ་གཏོང་བ་རེད། ཡིན་ནའང་བྱིས་པའི་སེམས་དེ་བས་བྲེལ་འཚུབ་ཆེ་བར་གྱུར་ནས་མིག་ཀྲབ་ཀྲབ་བྱེད་པའི་གོམས་པ་དེ་བསྒྱུར་ག་ལ་ཐུབ།
ནུས་པ་ཐུན་མོང་མ་ཡིན་པ་ལྡན་པའི་བྱིས་པའི་བསམ་ཚུལ་ཞི་འཇགས་སུ་གཏོང་བ།
ཁྱིམ་བདག་མང་ཆེ་བ་ཞི་གིས་བྱིས་པ་ཆུང་དུས་ནས་རྣམ་དག་ཟོལ་མེད་ཅིག་ཡིན་པ་དང་། རང་བཞིན་སྤྱང་པོ་ཡིན་པ་སོགས་གཟེངས་བསྟོད་དང་ཡང་ན་འུད་སྒྲོག་བྱེད་པ། དཔེར་ན། ཁོ་ཚོའི་རྒྱུན་ཚུལ་ལས་འདའ་བའི་རྩིས་རྒྱག་ནུས་པ། བློ་སྐྱོར་ནུས་པ། གླུ་དབྱངས་དང་མཛེས་རྩལ་སོགས་ཀྱི་ཐད་དུ་ལྡན་པའི་ནུས་པ་རང་ཁྱིམ་དུ་བསྟོད་པ་ལས། གཞན་ད་དུང་གཉེན་གྲོགས་སོགས་ཀྱི་ཁྱིམ་དུ་ཡོང་ཚེ་ཆེད་དུ་འཁྲབ་སྟོན་བྱེད་དུ་བཅུག་པ་རེད། བྱ་སྤྱོད་འདི་དག་ལས་བྱིས་པའི་ལང་ཤོར་དང་དྲེགས་ཉམས་ཆེ་རུ་བཏང་བས་བྱིས་པའི་ལུས་སེམས་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཤུགས་རྐྱེན་ཐེབས་སྲིད།
ཁྱད་འཕགས་ཀྱི་བསམ་ཚུལ་ཞི་འཇགས་སུ་གཏོང་བ།
དེང་སྐབས་ཁྱིམ་བདག་མང་ཆེ་བ་ཞིག་གིས་བྱིས་པར་ཐུགས་ཁུར་མང་དྲགས་པའི་འཕེལ་ཕྱོགས་ཤིག་མངོན། གནས་ཚུལ་འདི་ལྟ་བུ་ལོ་མང་སོང་རྗེས་བྱིས་པར་ང་མིན་སུ་ཡིན་གྱི་བསམ་ཚུལ་སྐྱེ་སླ་བ་དང་། དེ་ནས་ཁོ་ཚོའི་རང་གཤིས་གྱོང་བོ་དང་འགན་འཁྲི་མི་ཁུར་བ། དཀའ་སྤྱད་སྡུག་རུས་བྱེད་མི་འདོད་པ། མི་གཞན་ལ་སེམས་ཁུར་མི་བྱེད་པ་བཅས་ཀྱི་སྣང་ཚུལ་འབྱུང་དུ་བཅུག ཁྱིམ་བདག་གིས་རང་གི་བྱིས་པར་དགའ་ཞེན་ཆེ་བ་དེ་མངོན་སུམ་དུ་ཤེས་སུ་མི་འཇུག་པར་བསམ་བཞིན་དུ་བྱིས་པའི་རྒྱུན་ལྡན་མིན་པའི་བསམ་ཚུལ་ཞི་འཇགས་སུ་བཏང་སྟེ། ཁོ་ཚོར་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་སྐྱིད་སྡུག་མྱོང་དུ་འཇུག་པ་དང་། མི་མང་པོ་དང་མཉམ་དུ་འཚོ་བ་སྐྱེལ་བའི་ཁྲོད་འཚར་ལོངས་འབྱུང་དུ་འཇུག་དགོས།
<<མདུན་ལམ>>ལས་བཤུས།
|