དགེ་སློབ་བར་གྱི་འབྲེལ་ལམ་སློབ་གསོ་གླེང་བ།

ཞོགས་པ།


    སྤྱིར་ན་ཀུན་གྱི་རྣ་བར་ལན་གྲངས་བརྒྱ་སྟོང་མང་བོར་ཟློས་མྱོང་བའི་སློབ་གསོ་ཞེས་པའི་ཐ་སྙད་འདིར་དོན་གྱི་ཐོབ་བྱ་གྲངས་ལས་འདས་པ་ཞིག་ཡོད་པའི་ནང་ནས་བྱེ་བྲག་གི་རྣམ་པར་བབས་ཏེ་བསམ་བློའི་སྒོ་འབྱེད་ཀྱི་གཞུང་དང་དེའི་དྲུང་དུ་འདུས་སྡོད་བྱེད་པའི་ཚོགས་སྤྱི་ག་གེ་མོའི་ལག་ལེན་དང་འབྲེལ་བ་དམ་ཟབ་ཡོད་པའི་སློབ་གསོའི་གནས་བབ་རེ་གླེང་ན། གཞུང་གང་ལ་སློབ་པའི་སློབ་མ་དང་།  དེའི་སྣེ་ཁྲིད་པར་འགན་འཁུར་གནང་བའི་དགེ་མིང་འཛིན་པ་དག་ལ་སློབ་གསོའི་གོ་དོན་དང་། དེའི་ངོ་བོ་བྱེད་ལས་སོགས་ལ་བསམ་གཞིག་བྱེད་སྟངས་ཤིག་ངེས་པར་གླེང་དགོས་ཡོད། དེས་ན་ངས་དེ་རིང་འདི་བརྗོད་འདོད་པ་ནི། ད་ལྟའི་དགེ་རྒན་དང་སློབ་མའི་བར་གྱི་ཕན་ཚུན་གུས་བརྩི་དང་རྒྱས་ལོན་བྱེད་པའི་སྐོར་ནས་བསམ་ཚུལ་ཞིག་བཏོན་ན་བསམ་བྱུང་། ད་ནི་བརྗོད་འདོད་པ་གང་གི་གནས་བབས་དངོས་དེ་གླེང་བྱར་བྱ། དེ་ནི་གང་ཡིན་ནམ་ཞེ་ན། འདི་ལྟ་སྟེ། ད་ལྟའི་སྤྱི་ཚོགས་སུ་སྲོལ་རྒྱུན་སློབ་གསོའམ་བག་ཆགས་རྙིང་རུལ་ཞིག་གིས་བསམ་བློར་བཙན་རྒོལ་ཐེབས་པའི་དགེ་རྒན་དང་སློབ་མའི་ཚོགས་ཀྱིས་ཕན་ཚུན་ལ་འབྲེལ་བ་འཛིན་སྟངས་ནི་དུས་མཐུན་གྱི་སློབ་གསོའི་ནུས་པས་སོ་སོའི་བསམ་བློའི་ཕྱི་ནང་གསང་གསུམ་ལ་སྒུལ་ཤུགས་སྟེར་བའི་འདུ་ཤེས་འཛིན་སྟངས་ལས་རིང་དུ་གྱེས་ཏེ་དགེ་རྒན་གྱིས་རང་ཉིད་སློབ་མའི་སྣེ་ཁྲིད་པ་ཡིན་ན་དཔེ་ཆ་འདོན་སྐྱོར་དང་རྒྱུགས་གཞི་བློར་འཛིན་བྱེད་དུ་འཇུག་པ་ལས་གཞན་སློབ་མའི་ཀུན་སྤྱོད་དང་སེམས་ཁམས་སོགས་སུ་རྒྱས་ལོན་བྱས་ཏེ་སློབ་མའི་བསམ་བློའི་བཟོ་སྐྲུན་དང་མི་གཞི་ཇུས་འགོད།  ཀུན་སྤྱོད་གཙང་བསྒྱུར་དང་འདུ་ཤེས་འཛུགས་སྐྲུན་སོགས་ཕྱོགས་ཐམས་ཅད་ཀྱི་སྒོ་གླེགས་ཕྱེ་བའི་འགན་ལེན་པ་ལྟ་བུར་བསམ་གཞིག་བྱེད་ཐུབ་ཀྱི་མེད་ལ། སློབ་མ་ཚོས་ཀྱང་དགེ་རྒན་ནི་དབང་དང་ཐོབ་ཀྱི་ངོས་ནས་བཀུར་བྱའི་ཡུལ་ཙམ་ལས། རང་ཉིད་ཀྱི་རྨོངས་པ་ཀུན་སེལ་དང་འདུན་ལམ་གསར་བཏོད། འདུ་ཤེས་ལེགས་བཅོས་དང་མི་ཚེའི་མེ་ལོང་ལྟ་བུར་དུས་ནམ་ཡང་བསམ་མྱོང་མེད་པས། རྣམ་པ་ཀུན་ཏུ་ཕྱོགས་གཉིས་ཀའི་ཆ་རུ་ཞན་ཆ་གྲངས་ལས་འདས་པ་ཞིག་འོང་གི་ཡོད།

དེ་ལྟར་གོམས་གཤིས་རང་ག་བ་ཞིག་གཙུག་ཏུ་བཀུར་ནས་ཉི་མ་འགྲོ་ཐབས་བྱེད་པའི་དགེ་སློབ་ཚོ་ནི་དུས་དང་གནས་སྐབས་ཀུན་ཏུ་འཕེལ་རྒྱས་ཀྱི་རྣམ་པ་ཞིག་རང་སྟེང་ནས་མངོན་ཐབས་མེད་ལ། ཅུང་ཙམ་ཡོད་པ་ཡང་མཐུས་སྒོ་མ་ཚང་བའི་ཡོན་ཏན་ཕྱོགས་རེ་བ་ཙམ་ལས་མ་འདས་པ་ཞིག་ཏུ་འདུག་གོ།། དེས་ན་ཚུལ་ཇི་ལྟར་དགེ་སློབ་ཟུང་འབྲེལ་གྱིས་སྒོ་ནས་འཕེལ་རྒྱས་དང་ཡར་ཐོན་ལ་ལག་འཇུ་བྱེད་དགོས་སམ་ཞེ་ན།དེ་ནི་ཕན་ཚུན་ཡིད་ཆེས་དང་བརྩེ་བ་། ལྷག་བསམ་དང་བདག་གཅེས། བཀུར་བརྩི་དང་རྒྱས་མངའ་སོགས་ཚོགས་པའི་མཐུན་རྐྱེན་རྣམས་སྔོན་དུ་སོང་བའི་སྟེང་ནས། དགེ་རྒན་གྱིས་སློབ་མའི་ཕྱོགས་ཡོངས་ལ་འགན་ཁུར་ཡོད་པ་དང་། སློབ་མས་ཀྱང་དགེ་རྒན་ནི་དབང་ཆའི་ཤུགས་ཙམ་གྱིས་བཀུར་བ་མ་ཡིན་པར། མི་གཤིས། ཡོན་ཏན།བསམ་བློ། བྱམས་སྐྱོང་སོགས་དགེ་རྒན་གྱི་ཕྱོགས་ཐམས་ཅད་སློབ་མས་སེམས་གཏིང་ནས་དང་ལེན་བྱེད་ཐུབ་པ་ཞིག་འོང་རྒྱུ་ནི་ཆེས་གལ་ཆེན་དུ་མཐོང་ཞིང་། དེ་ཙམ་མ་ཡོད་ཀྱང་དགེ་སློབ་ཕན་ཚུན་གྱི་འབྲེལ་ལམ་ཀུན་ཏུ་བཀུར་བརྩི་དང་བྱམས་སེམས་ཀྱིས་ཁྱབ་པའི་འཚོ་བ་གང་དེའི་ཕྱི་ནང་བར་གསུམ་དུ་བརྩེ་བའི་བག་ཆགས་ཀྱི་རྣམ་པའི་གཟི་འོད་འབར་བ་ཞིག་ཡོད་པའི་རྒྱས་མངའ་དང་འབྲེལ། གང་སློབ་བྱའི་ལས་སུ་འཇུག་པར་བྱས་ཏེ། བསླབ་གཞི་གང་ཡིན་ཡང་དགེ་རྒན་གྱིས་སློབ་མའི་སེམས་ཁམས་རྒྱས་ལོན་ཐུབ་པའི་ཆ་རྐྱེན་ཐོག་ནས་ཁྲིད་ཐབས་སྣ་ཚོགས་སྤྱད་དེ་སློབ་མའི་སློབ་སྦྱོང་གི་འབྲས་བུ་སྤྱི་སྡོམ་སྐབས་སུ་སློབ་མའི་འཕེལ་རྒྱས་ཀྱི་ཚད་གཞི་ལས་རང་གི་སློབ་ཁྲིད་ཀྱི་སྤོས་ཚད་འཇལ་རྒྱུ་ནི་ཤིན་ཏུ་ནས་མཉམ་འཇོག་བྱ་ཡུལ་ཞིག་ཡིན་ལ། ད་དུང་སློབ་མའི་བསམ་བློའི་འཕོ་འགྱུར་དང་མི་གཞིའི་ཡག་ཉེས། རང་བཀུར་གཞན་བསྟུན་སོགས་འདུ་ཤེས་འཛིན་སྟངས་ཚུན་ཆད་ཡར་རྒྱས་ཀྱི་ངོ་བོར་བསྒྱུར་ཐུབ་ཀྱི་ཡོད་མེད་ཀྱང་དུས་ཚོད་ངེས་ཅན་ཞིག་གི་ནང་དུ་དགེ་རྒན་གྱིས་རྒྱས་ལོན་བྱེད་པར་རིགས་ཤིང་། གལ་ཏེ་ཕྱོགས་ཐམས་ཅད་ནས་དེ་ཙམ་འཕེལ་རྒྱས་མ་བྱུང་ཚེ། དགེ་རྒན་གྱིས་སློབ་མའི་སྐྱོན་ཆ་རྐྱང་བར་བལྟས་ཏེ་སྡིགས་དམོད་དང་གཏིང་འཛིན་གྱི་སློབ་གསོ་ཁོ་ན་མ་བཀོད་པར། བྱམས་བརྩེ་དང་ཤ་ཚའི་ངང་ནས་སློབ་མའི་སེམས་ཁམས་དང་གནས་བབས་སོགས་སུ་སྔར་ལས་ལྷག་པའི་རྒྱས་ལོན་བྱེད་རྒྱུ་ནི་སློབ་མར་འགན་ཁུར་གནང་བའི་དགེ་རྒན་ཞིག་གི་འོས་འགན་ཡིན་ཞིང་། སློབ་མས་ཀྱང་དུས་ཚོད་དེའི་ནང་དུ་དགེ་རྒན་གྱིས་ཁྲིད་སྟོན་སྒྲིག་འགོད་དང་འབྲེལ་བའི་གནས་ཚུལ་གྱིས་རང་གི་སློབ་སྦྱོང་ལ་ཕམ་ཁ་བྱུང་བ་ཡིན་ན།  དགེ་རྒན་ལ་གསལ་བོར་ཞུ་དགོས་པར་མ་ཟད། རང་ཉིད་ཀྱི་བྱ་བ་བསྒྲུབ་ཉེས་དང་འབྲེལ་བ་ཡོད་ན་ཡང་དགེ་རྒན་ལ་སྦ་གསང་མེད་པར་ཞུས་ཏེ་དགེ་རྒན་ལ་བློ་འདོན་དང་ཇུས་འགོད་བྱེད་དུ་འཇུག་པར་རིགས་སོ། །

  དེ་ལྟར་ཕན་ཚུན་གྲོས་བསྡུར་དང་བསམ་ཚུལ་བརྗེ་བའི་ཆ་རྐྱེན་ཚོགས་པ་མེད་པར་སློབ་མའི་མི་གཞི་དང་བསམ་བློའི་སྤོས་ཚད་ཀྱི་ཆ་ནས་དགེ་རྒན་གྱི་བློར་མ་བབས་ཚེ་ལེགས་ཉེས་ཚད་འབྱེད་ཀྱི་བསམ་གཞིག་སྔོན་དུ་མ་སོང་བར་ཐམས་ཅད་ལ་འཕྱུག་རྟགས་རྒྱག་པ་ནི་སློབ་མའི་ཡོན་ཏན་སྣ་ཚོགས་ཀྱི་འཕེལ་རྒྱས་ལ་བཀག་འགོག་བྱས་ཏེ་སློབ་མ་ཡང་དགེ་རྒན་རང་གི་ཡོན་ཏན་དང་མི་གཞིའི་ཚད་ཐིག་ལས་བརྒལ་བར་འབུར་བཅོམ་གྱི་ཉེས་པ་བཟོ་སྲིད་ལ། སློབ་མས་ཀྱང་མི་སྤྱོད་ལས་འདས་པའི་སྐད་ཆ་དང་བསམ་བློ་སོགས་ཚུར་ལེན་བྱས་ཏེ་དགེ་རྒན་ལ་ཅི་བྱེད་རང་དབང་གི་རྩིས་ཐང་དགོས་ཚུལ་སོགས་ཀྱི་སྒོ་ནས་གུས་མེད་དོན་ནོར་གྱི་རྣམ་འགྱུར་སྟོན་པ་ནི་དགེ་རྒན་གྱི་བྱམས་བརྩེ་དང་ལྷག་བསམ་ལ་རྡོག་པས་བརྫིས་པ་ཡིན་ནོ། །

གལ་ཏེ་དགེ་རྒན་གང་ཞིག་ལ་སྐྱོང་བྱའི་སློབ་མ་མང་ཙམ་མཆིས་ན་དེ་དང་འབྲེལ་ཏེ་སློབ་གསོའི་ཐམས་ལམ་ཡང་མང་ཙམ་བཀོད་དགོས་ཏེ། མི་རེ་རེ་ལ་ཁམས་དང་མོས་པ་མི་འདྲ་བའི་དབང་གིས་སློབ་གསོའི་ཐས་ལམ་ཡང་སོ་སོའི་སེམས་ཁམས་དང་མཐུན་མིན་སྣ་ཚོགས་ཤིག་ཡོད་པར་ངེས།  དེའི་ཕྱིར།  དགེ་རྒན་གྱིས་བྱེད་ལས་འཕེལ་རྒྱས་ཀྱི་ནུས་པ་འདོན་པར་ངེས་པའི་སློབ་གསོ་མང་ཙམ་མ་བཀོད་པར་སློབ་གསོ་སྣ་གཅིག་གིས་སློབ་ཚོགས་ཤིག་སྐྱོང་བར་མཛད་ན་སློབ་མ་རེ་འགའ་ལས་ཡར་རྒྱས་འབྱུང་མི་སྲིད། དེ་ནི་སྣ་གཅིག་ཅན་གྱི་སློབ་གསོ་དེ་བློར་མི་འཕྲོད་པའི་རིགས་ལ་སྣ་གཅིག་སློབ་གསོ་དེས་གོང་འཕེལ་གྱི་ནུས་པ་འདོན་མ་ཐུབ་པའི་རྟགས་ཤིག་ཡིན།  དེས་ན་དགེ་རྒན་གྱིས་སློབ་མ་རེ་རེའི་ཁམས་དང་མོས་པར་རྒྱས་ལོན་ཡོད་པའི་ཐོག་ནས་ཚང་མར་ཕན་ངེས་པའི་ཐབས་ལམ་སྣ་ཚོགས་ཤིག་གིས་སློབ་མ་རྣམས་བྱམས་ཀྱིས་སྐྱོང་བ་ནི་རླབས་ཆེ་བའི་དགེ་རྒན་ཞིག་གི་ལས་དོན་ཡིན་ལ།  གཞན་མོས་པའི་དབང་གིས་སློབ་གསོའི་ནུས་པ་འདོན་མ་ཐུབ་པ་དང་འབྲེལ་ཏེ་སློབ་མ་རེ་ཟུང་ཤེས་རབ་ཀྱིས་དབུལ་བར་བསམ་ནས་སློབ་མ་དེའི་རིགས་ལ་དེ་ཙམ་རེ་བ་མེད་པར་ཡིད་ཆད་འབྱུང་བ་ནི་ཕྱོགས་གཞན་ཞིག་ནས་བལྟས་ན་དགེ་རྒན་རང་ལ་ལྷག་བསམ་ཕྱོགས་རེ་བ་ཞིག་ལས་ཀུན་ཁྱབ་ཀྱི་བྱམས་བརྩེ་མེད་པའི་རྟགས་ཤིག་ཀྱང་ཡིན་སྲིད་།  དེ་ལྟར་དགེ་རྒན་དང་སློབ་མས་ཕན་ཚུན་ལ་བསྟུན་ཤེས་ཀྱི་སྒོ་ནས་དགེ་སློབ་ཟུང་འབྲེལ་གྱིས་ཤེ་བྱ་གང་དེའི་ཡང་སྙིང་སྔོག་འདོན་མི་བྱེད་པར་དགེ་རྒན་གྱིས་སློབ་མར་ཐེག་དཀའ་བའི་འགན་ཁུར་བཞག་ཅིང་།  སློབ་མས་ཀྱང་བློར་མི་འབབ་བཞིན་དུ་སྒྲིག་ལམ་འཁུར་ཐབས་ཙམ་གྱིས་དུས་འདའ་བར་བྱས་ན། ནམ་ཞིག་དགེ་སློབ་དབྱེ་བ་མེད་པར་ཕམ་ཁ་བཟོད་མི་བསྲན་པ་ཞིག་ལས་ཐོབ་བྱ་གང་ཡང་མེད་པར་འགྱུར་ངེས་པས་ན། ད་ལྟ་ནས་ཐམས་ཅད་ཀྱིས་ཀུ་ཡངས་པོ་ཞིག་གི་སྒོ་ནས་འཕེལ་རྒྱས་དང་རྒྱལ་ཁའི་འབྲས་བཟང་ལ་བརྩོན་སེམས་ཀྱི་གོ་ཆ་བགོ་བར་རིགས་སོ། །


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/4/18 བལྟ་ཀློག (11031)