རྔ་བ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་མཚམས་སྦྱོར།

རྔ་བ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་མཚམས་སྦྱོར་རགས་བསྡུས།

             སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་ནི་མི་རིགས་ལ་ལྷག་བསམ་དཀར་བའི་རྒྱལ་གཅེས་ཚོང་བ་ཁཱ་ཤཱིའི་ཚེ་རིང་ལགས་ཀྱིས་དམངས་སྒོར་ཁྲི་ང་བཞི་བཏང་ནས་བཙུགས་པ་མ་ཟད་སློབ་གྲྭའི་མཚན་འཛིན་སློབ་གཙོའི་འགན་ཡང་བཞེས། དེ་ཡང་ ༡༩༨༨ ལོའི་ཟླ་ ༤ བར་སློབ་གྲྭ་ལས་འགོ་ཚུགས་ཤིང་། ༡༩༩༠ ལོའི་ཟླ་ ༩ བ་ནས་བཟུང་དངོས་སུ་སློབ་འགོ་ཚུགས་ཏེ་སློབ་གྲྭའི་ཐོག་མའི་མིང་ལ་རྔ་བ་རྫོང་གངས་ལྗོངས་ཚོང་བའི་སློབ་གྲྭ་ཞེས་བཏགས། ༢༠༠༡ ལོའི་ཟླ་༣པར་སྔར་གྱི་གངས་ལྗོངས་ཚོང་བའི་སློབ་གྲྭ་དང་ཀིརྟི་དགོན་སློབ་ཆུང་གཉིས་མཉམ་སྡེབ་བྱས་ཏེ་ད་ལྟའི་རྔ་བ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་དུ་བསྒྱུར། ད་སྐབས་སློབ་གྲྭའི་རྒྱ་ཁྱོན་ལ་མུའུ་ ༣༡ ལྷག་དང་འཛུགས་སྐྲུན་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ ༢༡༠༦༥ ཡོད། དོ་དམ་གྱིས་ཁེ་ཕན་བརྩོན་ལེན་དང་སྤུས་ཚད་ཀྱིས་འཕེལ་རྒྱས་སྙེག་པའི་སློབ་སྒྲུབ་ལམ་ཕྱོགས་ཀྱིས་ལས་ཀ་ཡོངས་རྫོགས་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱུང་ཞིང་། ༢༠༠༢ལོར་རང་རྫོང་གི་ཕུལ་བྱུང་དཔལ་ཡོན་སྡེ་ཁག་དང་དཔེ་སྟོན་སློབ་གྲྭའི་མཚན་སྙན་ཐོབ།  ༢༠༠༣ལོར་ཁུལ་རིམ་པའི་དཔལ་ཡོན་སྡེ་ཁག་གི་མཚན་སྙན་ཐོབ། ༢༠༠༦ལོར་སི་ཁྲོན་ཞིང་ཆེན་གྱི་ལྗང་མདོག་སློབ་གྲྭ་དང་བདེ་འཇགས་སློབ་གླིང་གི་མཚན་སྙན་ཐོབ། ༢༠༡༠ལོར་རྒྱལ་ཁབ་རིམ་པའི་སྔོན་ཐོན་སྒྱུ་རྩལ་སྡེ་ཁག་དང་། ཁུལ་རིམ་པའི་བཅའ་སྡོད་ལམ་ལུགས་ཚད་ལྡན་དོ་དམ་དཔེ་སྟོན་སློབ་གྲྭ།  ཁུལ་རིམ་པའི་སློབ་སྒྲུབ་ལམ་ལུགས་དཔེ་སྟོན་སློབ་གྲྭ།  རྔ་བ་ཁུལ་མེ་ཟོན་བདེ་འཇགས་དཔེ་སྟོན་སློབ་གྲྭ་བཅས་ཀྱི་མཚན་སྙན་ཐོབ་པ་མ་ཟད། ཉེ་རྒྱང་གི་སློབ་སྒྲུབ་འཆར་གཞིའི་ཁྲོད་ཞིང་ཆེན་རིམ་པའི་དཔལ་ཡོན་སྡེ་ཁག་དང་དཔེ་སྟོན་སློབ་གྲྭ་སོགས་ཀྱི་མཚན་སྙན་བརྩོན་ལེན་བྱེད་བཞིན་པའི་སྒང་ཡིན།

རང་རྫོང་གི་གཞི་གཉིས་ལས་ཀའི་གྲུབ་འབྲས་བར་མ་ཆད་པར་སྲ་བརྟན་དང་རྒྱལ་ཁབ་ཀྱི་གཉིས་འཆག་གཅིག་གསབ་སྲིད་ཇུས་ལག་བསྟར་བྱས་པ་དང་བསྟུན་སློབ་ཞུགས་སློབ་མའི་གྲངས་ཀ་ལོ་རེ་བཞིན་ཇེ་མང་དུ་སོང་སྟེ་སློབ་མ་ཡོངས་ལ་གཉིས་འཆག་གཅིག་གསབ་ཀྱི་མཐུན་རྐྱེན་ཐོབ་ཡོད། ད་སྐབས་སློབ་གྲྭར་ཁྱོན་འཛིན་གྲྭ་ ༢༡ དང་སློབ་མ་ ༡༢༤༠ ། དགེ་བཟོ་བ་ ༦༢ ། ཉེ་ ལམ་ལོ་འགའི་རིང་དུ་སློབ་མའི་མཐར་ཕྱིན་ཚད་ཆ་སྙོམས་བརྒྱ་ཆ་བརྒྱ་དང་སློབ་མ་བསྡུ་ལེན་གྱི་ཁྱབ་ཁོངས་ཀྱང་རང་རྫོང་གི་ཡུལ་ཚོ་དང་གྲོང་རྡལ་ཕྱུགས་ར་བཅས་ཉེར་གཅིག་ཟིན་ཡོད། སློབ་གྲྭའི་ཕྱིའི་འཛུགས་སྐྲུན་གྱི་ཐད་ནས་སྔར་བས་འཕེལ་རྒྱས་སུ་སོང་ཡོད་ལ། གློག་ཀླད་ཁང་དང་ཚོད་ལྟ་ཁང་། ཡོ་ཆས་ཁང་། དཔེ་ལྟ་ཁང་།  གདོང་ལེན་རུ་མིའི་བྱེད་སྒོ་ཁང་། རྒྱང་བསྒྲགས་ཁང་། འཕྲོད་བསྟེན་ཁང་སོགས་གཉེར་ཡོད། ཁྱད་ པར་དུ་རྒྱལ་ཁབ་ཀྱི་མཐུན་རྐྱེན་དང་སྤྱི་ཚོགས་ལས་རིགས་སོ་སོའི་རྒྱབ་སྐྱོར་དང་ རོགས་རམ་ལ་བརྟེན་ཚད་གཞི་ཅུང་མཐོ་བའི་དཔེ་མཛོད་ཁང་ཞིག་ཡོད་ལ། ད་ཡོད་དཔེ་ཆ་༣༣༠༠༠ལྷག་དང་ཆ་སྙོམས་སློབ་མ་རེར་དཔེ་ཆ་ ༢༠ ལྷག་ཐོབ་ཐུབ། དཔེ་ལྟ་ཁང་དུ་སློབ་མ་ལྔ་བཅུ་ལྷག་གིས་དུས་གཅིག་ཏུ་དཔེ་ཀློག་བྱེད་པའི་ཆ་རྐྱེན་ ལྡན་པར་མ་ཟད་དཔེ་ཆའི་བདག་གཉེར་གྱི་ཕྱོགས་ནས་ཚང་མ་གློག་ཀླད་ལ་བརྟེན་ནས་གཡར་ལེན་བྱས་ཀྱང་ཆོག་གོ །


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/5/7 བལྟ་ཀློག (8738)