གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན།

     2014.9.15ཉིན་མདོ་སྨད་ཁྲི་འདུ་ལྷ་ཡི་གྲོང་ཁྱེར་དུ་གངས་ལྗོངས་གྲུབ་མཐའ་ཁག་དྲུག་གི་མཁས་དབང་རྣམ་པས་གྲུབ་མཐའ་རིས་མེད་དང་།  གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན་བསྡུས་ཤིང་། གསེར་རྟའི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས།   ས་སྐྱ་པ་རྫོང་སར་མཁན་ཆེན་ཕུན་ཚོགས་རྣམ་རྒྱལ།  དགེ་ལྡན་པ་ཀིརྟིའི་དགེ་བཤེས་བརྩོན་འགྲུས། བཀའ་བརྒྱུད་པ་དཔལ་སྤུངས་མཁན་ཆེན་དོན་གྲུབ་བཀྲ་ཤིས།   ཇོ་ནང་པ་དགེ་བཤེས་དངོས་གྲུབ་དཔལ། རྙིང་མ་པ་ཡ་ཆེན་སྤྲུལ་གསང་སྔགས་བསྟན་འཛིན།   བོན་པོ་བ་སྣང་ཞིག་སྐྱབས་མགོན་བཅས་ཚོགས་ཞུགས་མཛད་དེ་བཀའ་སློབ་མང་བོ་གནང་འདུག

ཚོགས་འདུ་འདིའི་དགོངས་དོན་གནད་བསྡུས་དང་གྲོས་འདེབས་ཀྱི་གྲོས་ཆོད་ཡི་གེ

གྲོས་ཆོད་དང་པོ།

        ནང་པ་སངས་རྒྱས་པའི་དགེ་འདུན་པ་སྤྱི་དང་། སྟོན་པ་དང་། ཆོས་ལ་ཡིག་ངག་གང་རུང་གི་ལམ་ནས་ངན་སྨད་དང་སྐུར་འདེབས་ཀྱི་ལས་རིགས་ལ་ཞུགས་ཚེ་སློབ་གསོ་གནང་རྒྱུ་སོགས་ཐབས་ལམ་འཇམ་པོས་བསྒྱུར་བཅོས་བྱེད་དུ་འཇུག་རྒྱུ་དང་། དེས་ཀྱང་བསྒྱུར་བཅོས་མ་བྱས་ན་དགེ་འདུན་པ་སྤྱིའི་སྒྲིག་འཛུགས་ཀྱི་ལམ་ནས་གནས་དབྱུང་གི་ལས་ལ་སྦྱར་རྒྱུ། གནས་ནས་བྱུང་ཟིན་པ་གྲུབ་མཐའ་དང་ཆོས་བརྒྱུད་ཁག་གཞན་གྱིས་ཡར་མི་བསྡུ་རྒྱུ།

གྲོས་ཆོད་གཉིས་པ།

        དགོན་པ་སོ་སོའི་ནང་བླ་སྤྲུལ་མཁན་གསུམ་དང་མཁའ་འགྲོ་སོགས་ཀྱི་ཐོབ་ཐང་ངོས་ལེན་མེད་པར་རྒྱ་ཡུལ་སོགས་སུ་རང་དགར་བླ་སྤྲུལ་མཁན་གསུམ་དང་མཁའ་འགྲོ་སོགས་ཀྱི་མཚན་སྙན་བེད་སྤྱོད་བྱས་ཏེ་གཞན་ལ་མགོ་བསྐོར་གཏོང་བར་སྔོན་འགོག་ཡོང་བར་གདན་ས་ཁག་དྲུག་དང་ཆོས་སྡེ་གཉིས་ཀྱིས་གཅིག་གྱུར་གྱི་དཔང་ཡིག་ཚད་ལྡན་ཞིག་གཏན་ལ་འབེབ་རྒྱུ་དང་། དཔང་ཡིག་སྟེར་མཁན་གྱི་མི་སྣ་ཚད་ལྡན་རྩ་འཛུགས་བྱ་རྒྱུ། དེ་དག་ལ་སྤྲུལ་སྐུའི་དཔང་ཡིག་དགོས་པའི་རེ་བ་བཏོན་ཚེ་ངོས་འཛིན་ཚད་ལྡན་བྱས་ཡོད་མེད་དང་། ངོས་བཟུང་ཟིན་ཡང་བསམ་སྤྱོད་ཀྱི་ཐད་ནས་དཔང་ཡིག་སྟེར་འོས་མིན་ལ་ཞིབ་བཤེར་ནན་མོ་མཛད་དགོས།

གྲོས་ཆོད་གསུམ་པ།

        རབ་བྱུང་རྣམས་ཀྱིས་དགེ་འདུན་པ་སྤྱིའི་དོན་མ་ཡིན་པར་རང་དོན་དུ་ཚོང་བྱེད་པ་སོགས་དཔལ་འབྱོར་རྩོལ་སྒྲུབ་དང་གཞན་ཡང་དམེ་བྱེད་པ། སྤྱོད་ཡུལ་མ་ཡིན་པའི་གནས་སུ་ཞུགས་པ་དག་གིས་མཚོན་ཁྱིམ་པ་སུན་འབྱིན་གྱི་རྒྱུར་འགྱུར་བ་དག་སྔོན་འགོག་ཡོང་བར་དགོན་པ་དེར་གཏོགས་ཀྱི་རབ་བྱུང་རྣམས་ཐབས་ཤེས་སྣ་ཚོགས་ལ་བརྟེན་ནས་བཤད་སྒྲུབ་གང་རུང་དུ་བསྡུ་ཅི་ཐུབ་བྱ་རྒྱུ་དང་། གནས་སྐབས་བསྡུ་མ་ཐུབ་པ་རྣམས་ལ་ལོ་རེར་ཟླ་གཅིག་ཡན་གྱི་དུས་ཚོད་ངེས་ཅན་ཞིག་གཏན་ཁེལ་བྱས་ཏེ་སློབ་གསོའི་གསབ་སྦྱོང་འཚོགས་རྒྱུ།

གྲོས་ཆོད་བཞི་བ།

ཕམ་པ་འཆབ་བཅས་ཀྱིས་གོས་པའི་གང་ཟག་རྣམས་གནས་དབྱུང་བྱ་རྒྱུའི་ལག་ལེན་ཡོད་པའི་དགོན་པ་རྣམས་ཀྱིས་སྔར་བཞིན་རྒྱུན་སྐྱོང་གནང་རྒྱུ་དང་། དེ་འདྲའི་ལག་ལེན་མེད་པའི་དགོན་པ་དག་གིས་ད་ཕྱིན་ཕམ་པ་འཆབ་བཅས་བྱུང་བའི་གང་ཟག་འབྱུང་ཚེ་དམ་ཆོས་འདུལ་བའི་གཞུང་བཞིན་གནས་དབྱུང་གི་ལས་ལ་སྦྱར་རྒྱུ།

གྲོས་ཆོད་ལྔ་བ།

        སྤྲུལ་སྐུ་ངོས་འཛིན་བྱེད་སྟངས་ནི་ངོས་འཛིན་བྱེད་མཁན་དེ་ཐོབ་དང་གོ་ས་ལ་མ་ལྟོས་པར་སྡེ་དགོན་ཀུན་གྱིས་བློ་ཁེལ་ངེས་ཀྱི་མ་དགོན་རང་གི་སྐྱེས་ཆེན་དམ་པ་ཞིག་མ་གཏོགས་ངོས་འཛིན་མི་གནང་རྒྱུ། གཞན་ཡང་སྡེ་དགོན་ཡོངས་ཀྱིས་བསམ་བློ་གཅིག་གྱུར་ཡིན་པ་མ་གཏོགས་གང་ཟག་རེ་ཟུང་གིས་སྒེར་གཅོད་ཀྱི་ལམ་ནས་ཞུ་མི་ཆོག་པ་དང་། གལ་ཏེ་ཞུས་ཀྱང་ངོས་འཛིན་མི་བྱ་རྒྱུ། ངོས་བཟུང་ཡང་རང་ལོ་ཉེར་ལྔ་མ་ལོན་བར་དུ་ཁྲི་འདོན་དང་དཔང་ཡིག་སྟེར་བ་བཅས་ཀྱི་བྱེད་སྒོ་མེད་པར་དགེ་བའི་བཤེས་གཉེན་བསྟེན་ནས་སློབ་སྦྱོང་བྱེད་དུ་འཇུག་རྒྱུ།

གྲོས་ཆོད་དྲུག་པ།

       དགེ་ཚུལ་སློང་གི་སྡོམ་པ་སྟེར་ལུགས་ཀྱི་ཕྱོགས་ནས་སྡོམ་པ་གནང་མཁན་དག་གིས་སྒྲུབ་བྱེད་ཀྱི་ཆོ་ག་བློ་ལ་ཐོན་ངེས་ཤིག་དང་། བསྒྲུབ་བྱའི་ངོས་ནས་རང་ལ་ཡོ་སྤྱད་ཚང་དགོས་པ་རྣམས་ཚང་དགོས་ཤིང་། དགེ་ཚུལ་གྱིས་རགས་པ་བཅུ་དང་དགེ་སློང་གིས་ཕམ་ལྷག་བཅུ་བདུན་གྱི་སྡོམ་བློ་ལ་ཡོད་ཅིང་དོན་ངེས་པར་བྱ་བ་ཞིག་མ་མཐའ་ཡང་དགོས། གལ་ཏེ་བསྲུང་བྱའི་ཚིག་དོན་རྣམས་བློར་མ་ངེས་ཚེ་རེ་ཞིག་སྡོམ་པ་མི་སྟེར་བར་བསྲུང་བྱ་རྣམས་བསླབ་ཏུ་གཞུག་རྒྱུ།


རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/9/18 བལྟ་ཀློག (44379)