སྟོང་སྐོར་ཞབས་དྲུང་རིན་པོ་ཆེའི་བཀའ་སློབ།



    སྤྱི་ལོ་ ༢༠༡༤ ༡༠ ༨ ཉིན། ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ། སེར་སྨད་གྲྭ་ཚང་གིས་སྨན་བླའི་ཆོས་ཐོག་དང་། རྩོད་རྒྱུགས་སྤྲད་ལ་ཉེར་བ་ཡིན་པས་དེ་རིང་གི་ཚོགས་འདུའི་ཐོག་སྐད་ཆ་མདོར་བསྡུས་ཤིག་ལས་མང་བོ་ཞུ་རྒྱུ་མིན། དེ་ཡང་། དེ་རིང་གི་ཚོགས་འདུའི་ཐོག་བརྗོད་གཞི་གཙོ་བོ་ནི། ཁང་ཚན་དང་གྲྭ་ཚང་སྐོར་མིན། ཚང་མའི་མཁྱེན་གསལ་ལྟར་སྤྱི་ལོ ༢༠༠༦ ནས་ ༢༠༡༤ བར་མི་ལོ་དགུའི་རིང་གནས་ཚུལ་ཆུང་ཆུང་ཞིག་གིས་རྐྱེན་པས་སྟོང་སྐོར་དགོན་པ་ཁག་གཉིས་ཆགས་སོང་ཡང་ཁ་སང་སྤྱི་ལོ་ ༢༠༡༤ བོད་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཚེས་བཟང་སྐལ་བཟང་གི་ཉིན་མོར་ཕ་ཡུལ་སྟོང་སྐོར་དགོན་དུ་གཅིག་གྱུར་གྱི་རང་བཞིན་ལ་གནས་པའམ་གཞིས་བྱེས་ལྷན་འཛོམས་བྱུང་བས་ངེད་ཅག་ཚང་མས་སྙིང་ཁུང་རུས་པའི་གཏིང་ནས་དགའ་བསུ་བྱ་དགོས་པའི་སྐོར་ཡིན། སྤྱིར་བཏང་སྔར་ལོ་རྒྱུས་ལ་བལྟས་ན་སྐད་ཆ་བཟང་ངན་སྣ་ཚོགས་བཤད་ཡས་ཡོད་ཀྱང་། གཞན་ལ་སྐྱོན་དུ་ལྟ་བའི་སྐད་ཆ་ངན་པ་འདིའི་རིགས་མང་བོ་མ་བཤད་ན་བཟང་གི། བདེན་པའི་ཆ་འགའ་རེ་ཡོད་ན་ཐང་། གནའ་བོའི་གཏམ་དཔེ། མི་སྐྱོན་མེད་འཛམ་བུའི་གླིང་ན་མེད། ཤིང་འཛེར་མེད་རྒྱ་རྫོང་ནགས་ན་མེད་ཟེར་བ་བཞིན། མི་རེ་རེའི་སྟེང་ན་སྐྱོན་ཆ་རེ་ཡོད་ཀྱང་དེ་ཙམ་གྱིས་གཞན་གྱི་སྐྱོན་མཚང་ལ་བརྟག་པ་རྐྱང་པ་བྱ་མི་རུང་། གཞན་པའི་ཡོན་ཏན་གྱི་ཕྱོགས་གླེང་ན་ཕན་ཐོགས་ཡོད་པར་ངེད་ཅག་གིས་ཤ་གཏིང་རུས་གཏིང་ནས་གོ་བ་ཡག་པོ་ཞིག་ལོན་མེད་པའི་དབང་གིས་སྐྱོན་ཕྱོགས་རྐྱང་རྐྱང་བཤད་མྱོང་ཡང་། ད་ལྟར་ངེད་ཅག་ཚང་མས་འདིའི་སྐོར་ལ་བསམ་གཞིག་གནང་དགོས། ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་དང་། མཐུན་སྒྲིལ་གྱི་ཕྱོགས་ལ་ཐུགས་ཁུར་ཡོད་མཁན་ཞིག་ཡིན་ཕྱིན་ཆད་གཞན་ལ་མཐོང་ཆུང་བྱ་མི་རུང་། ད་ལོ་དགོན་གཞུང་གིས་བྱ་བ་ལ་བལྟས་ན་དགའ་བསུ་བྱེད་འོས་པ་ཞིག་ཡིན་བསམ་གྱིན་འདུག ད་ལྟའི་དུས་རང་ཡུལ་དུ་སྐྱེས་ཕོ་མོ་སོགས་དབྱེ་འབྱེད་མེད་པར་ཚང་མས་དགའ་དགའ་སྤྲོ་སྤྲོ་བྱེད་ཀྱིན་འདུག་ཟེར་ནས་སྐད་ཆ་གོ་སོང་། སྤྱིར་བཏང་ལོ་གསར་ཚེས་འགོ་ནས་འདིའི་སྐོར་སེར་སྨད་དགེ་བཤེས་ཉི་མ་མཆོག་དང་། དགོན་དཔོན་བསྟན་འཛིན་རབ་རྒྱས་མཆོག ངེད་ཅག་ནང་ཁུལ་རང་ནས་འགྲིག་པ་བྱུང་ཡོད། ལྷག་པར་དུ་དགེ་བཤེས་མཆོག་གིས་བཟོས་པའི་དོན་ཚན་གཞི་ཅན་གྱི་གྲོས་གཞི་འདི་ལ་ཕྲན་རང་གིས་སྐྱོན་ཆ་མ་མཐོང་བར་རྒྱབ་སྐྱོར་བྱས་པར་མ་ཟད། སྤྱི་ལོ་ ༢༠༡༤ བོད་ཟླ་བརྒྱད་པའི་ཚེས་གཅིག་གི་ཉིན་སྟོང་སྐོར་སྡེ་དགོན་གཉིས་ཀྱི་གནད་ཡོད་མི་སྣ་ཚང་མས་མོས་མཐུན་ཡོད་པའི་རྣམ་པ་བསྟན་ཞིང་། སྤྲོ་བ་དང་བཅས་པའི་སྒོ་ནས་ལག་པ་ཡར་བཏེག་སྟེ་འཐད་པ་ཡོད་ཅེས་རྒྱབ་སྐྱོར་བྱས་པ་འདི་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། སྔ་ནས་འདིའི་སྐོར་འདི་ལྟ་བུའི་ཕུན་སུམ་ཚོགས་པ་ཞིག་འོང་ཐབས་སུ་ཕྲན་རང་གིས་ཡི་གེ་ཐེངས་མང་བོ་བཏང་ཡོད། ཁ་སང་གསར་དུ་གཞིས་བྱེས་ལྷན་འཛོམས་བྱུང་ཡང་འདི་ནི་ཉིན་གཅིག་དང་གཉིས་ཀྱིས་མཇུག་འབྲས་མིན་པར་ངེད་ཅག་ཚང་མས་མི་ལོ་དགུའི་རིང་འབད་བརྩོན་ལྷོད་མེད་བྱས་པའི་མཇུག་འབྲས་ཡིན་བསམ་བཞིན་ཡོད། ཞེས་གསུངས། དེ་ནས། གྲྭ་མང་གི་ཕྱག་ཏུ་ཡི་གེ་མང་བོ་ཞིག་བཞག་སྟེ། སྔར་རང་དགོན་དུ་ཡི་གེ་བསྐུར་ཡོད་པར་ཚང་མ་འདིའི་ནང་དུ་ཡོད་ཚང་མས་ཞིབ་ཏུ་གཟིགས། ཞེས་སོགས་དང་། དེར་མ་ཟད། སྔར་འདས་པའི་དུས་སུ་ང་ལ་དགྲ་བོ་སུ་ཞིག་ཀྱང་མེད། མ་འོངས་པར་སྟོང་སྐོར་དགོན་པ་འདི་ལ་ཕན་ཐོགས་མཁན་ལྷག་བསམ་ཅན་དང་། ཤེས་ཡོན་ཅན་སུ་ཞིག་ཕེབས་ནའང་ངེད་ཅག་ཚང་མས་ཕན་ཚུན་རྒྱབ་སྐྱོར་རོགས་རམ་བྱ་དགོས་པ་ལས་ངོ་རྒོལ་གཏན་ནས་བྱེད་མི་རུང་། ད་ནས་བཟུང་འུ་ཅག་གིས་ཤེས་ཡོན་ཡར་རྒྱས་དང་མཐུན་སྒྲིལ་གྱི་ཕྱོགས་གོ་རྟོག་གསར་བ་ཞིག་མ་ཆགས་རང་ཆགས་ཡིན་པས་དགོན་དཔོན་བསྟན་འཛིན་རབ་རྒྱས་མཆོག་གཙོས་དགོན་པའི་ལས་བྱེད་པ་རྣམ་པ་དང་། དཔེ་ཁྲིད་གནང་མཁན་དགེ་བའི་བཤེས་གཉེན་རྣམ་པ། སྤྱི་ཚོགས་ཁྲོད་དུ་རྩིས་ཐང་ཆེ་བའི་སྨྱུང་གནས་བླ་མ་སོགས་ཀྱིས་མཐུན་སྒྲིལ་གྱི་ཕྱོགས་ལ་སློབ་སྟོན་གྲངས་མེད་གནང་རྒྱུ་དང་། མང་ཚོགས་ངོས་ནས་ཀྱང་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱིས་གསུངས་པ་བཞིན་དང་ལེན་བྱེད་པར་རེ་བ་ཤིན་ཏུ་ཆེ། མདོར་ན། བོད་གངས་ཅན་ལྗོངས་སུ་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་མཁན་ཤེས་ཡོན་ཅན་དང་། ལྷག་བསམ་ཅན། བསམ་བློ་བ་ལྟ་བུའི་སྐྱེས་བུ་དམ་པ་སུ་ཞིག་ཡིན་ནའང་གོང་དུ་བསྐུར་བར་བག་ཆགས་འཐུག་པོ་ཞིག་གནས་ཐབས་སུ་འབད་བརྩོན་བྱ་དགོས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས།
     ཉིན་འགའི་སྔོན་གྲོགས་པོ་ཞིག་གིས་ཁ་པར་ཐོག་ནས་འདིའི་སྐོར་གསུང་བཤད་མང་ཙམ་གནང་འདུག ངས་ཞིབ་འདང་ལྷོད་ལྷོད་ཅིག་བརྒྱབ་རྗེས། ང་ཡང་སྙུག་འཛིན་པ་ཞིག་ཡིན་པའི་ངོས་ནས་སྤྱི་ལོ་ ༢༠༡༤ ༡༠ ༡༨ ཉིན་ཁོམ་སྐབས་དང་བསྟུན་ནས་ཟིན་བྲིས་ཕབ་ཀྱང་དམ་པ་ཁོང་གི་གསུང་དངོས་སུ་མཐོང་ཐོས་མེད་པས་ཅུང་ཟད་རེ་ནོར་བ་ཡོད་ན་དགོངས་དག་ཞུ། སྙིང་གཅེས་གྲོགས་པོ་རྣམས་ལ་ཕན་ཐོགས་པར་སྨོན།


འཕྲིན་འགོད་པ་བློ་སྦྱིན་གྱིས།


རྩོམ་སྒྲིག་པ།  ངེད་དྲ་བ།  སྤེལ་དུས། 2014/10/20 བལྟ་ཀློག (12140)