རྫས་ཚ་སྡེ་བས་བོད་ཀྱི་ཟློས་གར་རམ་རྣམ་ཐར་རྒྱུན་འཛིན་བྱེད་བཞིན་པ།

    ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་གི་རྫས་ཚ་སྡེ་བས་ལྷ་མོའི་ཟློས་གར་རམ་བོད་ཀྱི་རྣམ་ཐར་རྣམས་རྒྱུན་འཛིན་དང་དར་སྤེལ་གཏོང་བཞིན་པའི་སྐོར་ངོ་སྤྲོད་མདོར་བསྡུས།

རྫས་ལུང་ཚེ་དར།

རྣམ་ཐར་ཞེས་པ་ནི་སྐྱེས་བུ་དམ་པའི་མཛད་རྣམ་ལོ་རྒྱུས་བརྩམས་ཤིང་དེའི་མཐུ་ནུས་ལས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་སྙེགས་པའི་དཔེ་གཞུང་དེ་ཡིན་ལ། ཟློས་གར་ནི་ལུས་ཀྱིས་གར་འཁྲབ་ཅིང་ངག་ནས་ཚིག་ཟློས་པ་སྟེ། རྣམ་ཐར་གྱི་ནང་དོན་དག་འཁྲབ་ཚན་རེ་རེར་བགོས་ཏེ་འཁྲབ་སྟོན་བྱས་པ་ཞིག་ཡིན། བོད་ཀྱི་ལྷ་མོའི་ཟློས་གར་དེ་ནི་ཐང་སྟོང་རྒྱལ་བོས་ཐོག་མར་སྲོལ་བཏོད་པ་བརྒྱུད་ནས་ཟློས་གར་ཆེན་པོ་བརྒྱད་སོགས་འཁྲབ་པའི་སྲོལ་བྱུང་ཞིང་། དེར་བརྟེན་ནས་ཟློས་གར་གྱི་རིག་གནས་འདི་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ནས་བོད་མིའི་ཤ་གསེང་རུས་གསེང་དུ་འཐིམ་པའི་རྒྱུ་ནོམ་རྩ་ཆེན་ཞིག་ཏུ་གྱུར།

དེ་ཡང་ཏང་གི་ཡང་དག་པའི་སྲིད་ཇུས་ཀྱི་ཉི་འོད་ཕྱོགས་བཞིར་འཕྲོས་ཏེ། རིགས་སོ་སོའི་མི་དམངས་ཀྱིས་རང་རང་གི་རིག་གནས་དང་ཆོས་ལུགས་སླར་གསོ་བྱས་ཤིང་འཕེལ་རྒྱས་ཀྱི་ལམ་ཁ་ལ་གོམ་སྟབས་ཆེན་པོས་བསྐྱོད་བཞིན་པའི་སྒང་དེར། ང་ཚོའི་ཀླུ་ཆུ་རྫོང་རྫས་ཚ་སྡེ་བས་ཀྱང་གོང་རིམ་འགོ་ཁྲིད་དག་གི་དགོངས་དོན་ལག་ལེན་དང་༡༩༨༠ལོར་ཁྲི་ཆེན་རབ་བརྟན་རྒྱ་མཚོ་ཚང་གི་ཐུགས་བཀོད་འོག   ཐོག་མར་བོད་ཀྱི་ལོ་རྒྱུས་ལས་གཟི་འོད་རྣམ་པར་འཕྲོ་བའི་༼  སྲོང་བཙན་སྒམ་པོའི  ༽རྣམ་ཐར་ཏེ། བོད་ཀྱི་རྒྱལ་རབས་སོ་གསུམ་པ་སྲོང་བཙན་སྒམ་པོ་གསེར་ཁྲིར་མངའ་གསོལ་མཛད་ཅིང་སྲིད་དབང་སྲ་བརྟན་བྱས་པ། བློན་ཆེན་ཐོན་མི་རྒྱ་གར་འཕགས་པའི་ཡུལ་དུ་བཏང་ནས་བོད་ཡིག་གསར་བཟོ་མཛད་པ།   ཕྱོགས་བཞིའི་རྒྱལ་ཁབ་དག་ལ་འབྲེལ་ཟམ་འཛུགས་ཕྱིར་བལ་བོ་དང་རྒྱ་ནག་ཐང་གི་ཡུལ་ནས་རྒྱལ་བོའི་སྲས་མོ་སོ་སོ་བཙུན་མོར་བསུས་པ་སོགས་ཀྱི་ལོ་རྒྱུས་འཁྲབ་སྟོན་བྱས་པ་དེ།   ཀླུ་ཆུ་རྫོང་ལྷ་མོ་རུ་འགབ་མ་ནས་རྣམ་ཐར་འཁྲབ་སྟོན་གྱི་འཁྲབ་ཚན་སྒྲ་བླངས་པ་ཞིག་ཡོད་པ་སྐལ་བཟང་ཤེས་རབ་ཀྱིས་ཚུར་ལེན་བྱས་ཤིང་།    དེར་མཐུད་ནས་རྫས་ཚ་སྡེ་བའི་སྡེ་དཔོན་ཡོན་ཏན་བསམ་འཕེལ་གཙོ་བྱས་ཏེ་རྣམ་ཐར་དེ་འཁྲབ་སྦྱོང་བྱས་ཤིང་། ཆོས་སྐྱོང་དང་མགོན་འགྲོ།   ཚེ་དཔག་རྡོ་རྗེ།   ཀུན་རིག   དབང་སྡུད།   མགོན་པོ་བཀྲ་ཤིས།༼  ངང་རྡོ  ༽འཇམ་དབྱངས་ཉི་མ། དགེ་འདུན་སྐྱབས། ཚེ་དཔག་སྐྱབས། ཚེ་རིང་སྐྱབས་སོགས་ཀྱིས་འཁྲབ་སྟོན་པ་བྱས་ཤིང་། རྣམ་རྒྱལ་ཚེ་རིང་དང་མ་ཅིག་སྐྱབས། ལྷ་མོ་སྐྱབས། རིན་ཆེན། ཚེ་གཟུངས་སྐྱབས་བཅས་ཀྱིས་ཞབས་བྲོ་འཁྲབ། སྐབས་དེར་འཁྲབ་སྟོན་པ་དང་འཁྲབ་ཆས་སོགས་ཀྱི་ཆ་རྐྱེན་ཧ་ཅང་ཞན་ཡང་ལྷག་བསམ་དྲོན་མོས་སྣ་དྲངས་ཏེ་ལོ་དེའི་ཟླ་བཞི་བའི་ཚེས་བཅུ་བཞི་ཉིན་ཡུལ་མི་རྣམས་ཀྱི་ སྤྱན་སྔར་དངོས་སུ་སྟོན་ཐུབ་པ་བྱུང་། དེའི་རྐྱེན་བྱས་སྡེ་མི་ཡོངས་རྫོགས་ཀྱི་དད་པ་དང་ལོ་རྒྱུས་ཀྱི་མིག་རྒྱ་བསྐྱེད་ཅིང་། དེའི་རིན་ཐང་ལ་ངོས་ཟིན་གསར་བ་ཐོབ་པར་གྱུར། དུས་དེ་ནས་བཟུང་ལོ་རེའི་ཟླ་བཞི་བའི་ཚེས་དྲུག་ནས་མ་ཎིའི་ཆོས་ཚོགས་དང་ཚེས་བཅུ་བཞི་ལ་རྣམ་ཐར་འཁྲབ་པར་ཐག་བཅད་ཅིང་། ༡༩༨༢ལོ་ནས་བན་དགའ་དང་། ཁྱི་རོ། མགོན་པོ་བཀྲ་ཤིས།༼  ཨ་མདོ  ༽ གདུགས་དཀར་སྐྱབས་སོགས་འཁྲབ་སྟོན་པ་ཇེ་མང་དུ་བཏང་བས། ཁྲི་ཆེན་རབ་བརྟན་རྒྱ་མཚོ་ཚང་གི་ཞལ་ནས་ལོ་རེར་རྣམ་ཐར་འདི་འཁྲབ་ན་བཀའ་འགྱུར་ཚར་གཅིག་ཀློག་པའི་ཕན་ཡོན་ལྡན་པས་འདི་ངེས་པར་རྒྱུན་སྐྱོང་དགོས་ཞེས་དངོས་སུ་གསུངས་སོང་།

༡༩༨༧ལོར་ཅོ་ནེ་རྫོང་བརྒྱ་མཆེད་སྡེ་བ་ནས་གླིང་སྒྲུང་གི་ཡ་གྱལ་༼  ཨ་སྟག་ལྷ་མོ་  ༽སྟེ། གླིང་རྗེ་གེ་སར་རྒྱལ་བོསཨ་སྟག་ལྷ་མོ་གཙོ་བྱས་པའི་ཤི་བོ་དུང་ཕྱུར་བཅོ་བརྒྱད་ཐར་བའི་ལམ་དུ་དྲངས་ཤིང་། འཇིག་རྟེན་གྱི་དགེ་སྡིག་མངོན་པར་སྟོན་པའི་བྱ་གཞག་འཁྲབ་སྟོན་བྱས་པའི་ཟློས་ གར་དེ་ནང་འདྲེན་བྱས་ཤིང་། ལོ་དེའི་ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་ཡང་བསྐྱར་སྡེ་མི་ཀུན་གྱི་སྤྱན་སྔར་འཁྲབ་སྟོན་ཐུབ་པ་བྱུང་། དེ་ཡི་དགེ་སྡིག་སྤང་བླང་གི་རྣམ་གཞག་ཆེན་པོས་རང་སྡེ་བ་གཙོ་བྱས་པའི་མི་སེར་ཀུན་ལ་ཆོས་ལུགས་རིག་གནས་དང་སྡིག་སྤོངས་དགེ་སྒྲུབ་ཀྱི་བསམ་བློའི་སྐུལ་ལྕག་ ངེས་ཅན་ཐོབ་པར་གྱུར།

         ༡༩༩༧ལོར་ཚེ་དཔག་རྡོ་རྗེ་གཙོ་བྱས་ཤིང་ཀུན་རིག་སྐྱབས་དང་མགོན་པོ་བཀྲ་ཤིས་ཆུང་བ། ཚེ་གཟུངས་སྐྱབས། གདུགས་དཀར་སྐྱབས་སོགས་ཀྱིས་རང་སློབ་སྒོས་འཁྲབ་སྟོན་པ་བྱས་པ་དང་། ཞོར་དུ་ལོ་རེ་ནས་ལོ་རེར་འཁྲབ་སྟོན་པ་ཡང་ཇེ་མང་ནས་ཇེ་མང་དུ་བཏང་སྟེ། བོད་ཀྱི་རྣམ་ཐར་ཆེན་པོ་བརྒྱད་ཀྱི་ཡ་གྱལ་༼  འགྲོ་བ་བཟང་མོ  ༽ཞེས་པ་ཟླ་བཞི་བའི་ཚེས་བཅུ་དྲུག་ཉིན་འཁྲབ་ཤིང་འཇིག་རྟེན་གྱི་ཉེས་ལེགས་བདེན་ལུགས་སྟོན་པའི་འཁྲབ་གཞུང་དེས་མི་སེར་མང་པོའི་ཡིད་ཀྱི་དུངས་པ་དྲངས་ཤིང་། དད་པའི་སྤུ་ལོང་གཡོ་བར་བྱས།

འདི་ལྟར་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་གཞུང་དོན་གཞུང་སེམས་ཆེ་བའི་སྡེ་མི་སྐོར་ཞིག་གིས་བླ་མ་རིན་པོ་ཆེའི་བཀའ་གསུང་དང་ལེན་དང་རང་སྡེའི་བདེ་སྡུག་གི་བར་ཆད་སེལ་ཕྱིར། ཆར་ཆུ་རླུང་གསུམ་ལྟ་བུའི་དཀའ་ཚེགས་དང་མི་ཁ། བར་ཆད་མང་པོ་གདོང་གིས་བསུས་ཏེ། ད་ལྟ་ལ་ཐུག་གི་བར་དུ་འབད་པས་རྒྱུན་བསྐྱངས་ཤིང་འོངས་པས། རིག་གྲྭ་གྲུབ་ཆེན་ཚང་། སྡེ་ཁྲི་རིན་པོ་ཆེ་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་ཚང་དང་། རྒྱ་ནག་པ་ཡོན་ཏན་རྒྱ་མཚོ་ཚང་།    ཁྲི་ཆེན་རབ་བརྟན་རྒྱ་མཚོ་ཚང་སོགས་ཀྱི་གཟིགས་སྐྱོང་དང་ཐུགས་ཁུར་གང་མང་ཐོབ་ཅིང་།  སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་ཚང་གིས་ཀྱང་གཟེངས་བསྟོད་ཆེན་པོ་ཐོབ་ཅིང་། མུ་མཐུད་དུ་རྒྱུན་སྐྱོང་དགོས་པའི་རེ་བ་ཡང་ནན་མོ་བཏོན་སོང་། དེ་བཞིན། ལོ་ངོ་འདི་དག་གི་རིང་ལ། ཅོ་ནེ་བརྒྱ་མཆེད་སྡེ་བ་ནས་འཁྲབ་སྟོན་ཐེངས་གཅིག་དང་རྫས་ཚ་རོང་གི་སྡེ་བ་ནས་ཐེངས་གཉིས། ཀ་ཤུལ་སྡེ་བ་ནས་ཐེངས་གཅིག་བཅས་ཉེ་འཁོར་གྱི་སྡེ་བ་འགའ་རེའི་གདན་ཞུ་དང་། དེ་མིན། ཟླ་བཞི་བའི་རང་སྡེ་བའི་ནང་གི་འཁྲབ་སྟོན་སྐབས་སུ་ཕྱོགས་བཞིའི་དད་ལྡན་མང་ ཚོགས་དང་ལྟད་མོ་བ་ལོ་རེ་ནས་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ད་ལྟ་རྫས་ཚ་སྡེ་བའི་གོང་འོག་བར་གསུམ་གྱི་མི་སྣའི་ཡང་དག་པའི་རྒྱབ་སྐྱོར་དང་མཐུན་རྐྱེན་འོག་ནས། རྣམ་ཐར་ཚོགས་པ་འདིའི་རྣམ་པ་ཇེ་ལེགས་དང་ཆུ་ཚད་ཇེ་མཐོར་འགྲོ་བཞིན་བོད་ཀྱི་སྒྱུ་རྩལ་རིག་གནས་ལ་བཀྲག་མདངས་ངེས་ཅན་ཞིག་སྩོལ་བཞིན་མཆིས། 

      འདི་ནི་རྫས་ཚ་སྡེ་བའི་ཁྱད་དུ་འཕགས་པའི་ལོ་རྒྱུས་རིག་གནས་ཀྱི་དན་རྟགས་ཤིག་དང་། མི་རིགས་དང་རྒྱལ་ཁབ་ཀྱི་རིག་པའི་སྐྱེད་ཚལ་ལ་ཕུལ་བའི་གཟུགས་འདས་རིག་གནས་ཀྱི་ལེགས་སྐྱེས་ཤིག་ཀྱང་མ་ཡིན་ནམ།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2015/3/15 བལྟ་ཀློག (35178)