རུས་མིང་གི་བདག་དབང་བཤད་པ།


རུས་མིང་གི་བདག་དབང་བཤད་པ།

དམངས་ཁྲིམས་ཁེ་དབང་སྲུང་བའི་གོ་ཆ།

        རུས་མིང་ནི་རང་བྱུང་མི་སོ་སོ་ཁྱད་པར་འབྱེད་བྱེད་ཀྱི་བརྡ་རྟགས་ཙམ་ཡིན་ལ། རང་བྱུང་མི་སྐྱེ་མ་ཐག་ནས་བཟུང་སོ་སོར་རང་རང་གི་རུས་མིང་རེ་ཡོད་པ་མ་ཟད། རུས་མིང་དེ་མི་གཞན་པས་ཤེས་ཚོར་བྱུང་བ་ནས་བཟུང་། དེས་རུས་མིང་དེ་ལ་བརྟེན་ནས་ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་ཁོངས་མི་གཞན་དག་དང་འབྲེལ་འདྲིས་སྣ་ཚོགས་བྱས་ཏེ་རང་ཉིད་ཀྱི་ངོ་སོ་དང་ལ་རྒྱ་ལ་སོགས་པའི་སྣང་བརྙན་བཞེང་སྐྲུན་བྱེད་པ་ཡིན། ༼དམངས་ཁྲིམས་སྤྱི་སྲོལ༽གྱི་དོན་ཚན་གོ་དགུ་པར། སྤྱི་དམངས་ལ་རང་མིང་ཐོབ་དབང་ཡོད་ཅིང་། རང་མིང་གཏན་ཁེལ་དང་། བེད་སྤྱོད། གཏན་འབེབས་ལྟར་རང་མིང་བརྗེ་བ་བཅས་ཀྱི་ཁེ་དབང་ཡོད། སྐྱེ་བོ་གཞན་གྱིས་ཐེ་ཇུས་དང་། མིང་རྐུ་ཁྱེར། ལྐོག་བརྫུ་བཅས་བྱས་མི་ཆོག་ཅེས་གཏན་འབེབས་བྱས་ཀྱང་། རུས་མིང་གི་ཁེ་དབང་ཞེས་པ་ནི་རང་བྱུང་མིར་ཁྲིམས་ལྟར་རང་ཉིད་ཀྱི་མིང་འདོགས་དབང་དང་མིང་བཀོལ་སྤྱོད་བྱེད་དབང་། གཏན་འབེབས་བྱས་དོན་ལྟར་རང་ཉིད་ཀྱི་རུས་མིང་བརྗེ་དབང་དང་རུས་མིང་གི་ཁེ་དབང་ལ་གཞན་གྱིས་གནོད་འཚེ་གཏོང་རིགས་བཀག་འགོག་བཅས་བྱེད་དབང་ཡོད་པའི་ཁེ་དབང་ལ་ཟེར།

        རུས་མིང་གི་ཁེ་དབང་ནང་རྣམ་གྲངས་གསུམ་འདུས་ཏེ།

༼༡༽རུས་མིང་འདོགས་དབང་།

༼༢༽རུས་མིང་བཀོལ་སྤྱོད་བྱེད་དབང་།

༼༣༽རུས་མིང་བརྗེ་དབང་བཅས་ཡོད།

        དོན་ཚན་བརྒྱ་དང་ཉི་ཤུ་པར། སྤྱི་དམངས་ཀྱི་རུས་མིང་བདག་དབང་དང་། བརྙན་པར་གྱི་བདག་དབང་། མིང་གྲངས་ཀྱི་བདག་དབང་། གཟི་བརྗིད་མཚན་སྙན་གྱི་བདག་དབང་བཅས་ལ་བཙན་གནོད་བྱུང་ན་གནོད་འཚེ་གཏོང་མཚམས་འཇོག་རྒྱུ་དང་། མིང་གྲགས་སླར་གསོ་བྱ་རྒྱུ། མིག་ལྟོས་ཤས་རྐྱེན་བསལ་རྒྱུ། དགོངས་བསལ་ཞུ་དགོས་རྒྱུ་བཅས་ཀྱི་བླང་བྱ་འདོན་དབང་ཡོད་པ་མ་ཟད། སྐྱིན་ཚབ་འཇལ་དགོས་པའི་བླང་བྱ་ཡང་བཏོན་ཆོག་ཅེས་པའི་གཏན་འབེབས་བྱས་ཡོད།


རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2016/8/7 བལྟ་ཀློག (4637)