མི་ཉག་མགར་ཐར་གྱི་ལྷ་མོའི་ཟློས་གར།


འཇིགས་མེད་བསམ་གྲུབ།
འབྱུང་ཁུངས་དང་བརྒྱུད་རིམ།
        བོད་ཀྱི་ལྷ་མོའི་ཟློས་གར་ནི་རབ་བྱུང་དྲུག་པའི་ནང(1385---1509)བྱོན་པའི་གྲུབ་ཆེན་ཐང་སྟོང་རྒྱལ་པོ་མཆོག་གིས་ལྕགས་ཟམ་བཟོ་སྐྲུན་གྱི་འཁོས་འབྱོར་བསྡུ་ཆེད་དུ་གསར་གཏོད་གནང་བ་ཞིག་ཡིན་པ་ཡོངས་སུ་གྲགས་ལ།  མི་ཉག་ལྕགས་ཟམ(མི་ཉག་གནས་མགོ་དགོན་པའི་ཞོལ་དུ་ཡོད)དང་ཀླུ་ལྡིང་ལྕགས་ཟམ་མམ(泸定桥)རྒྱ་ཡུལ་ལྕགས་ཟམ་བསྐྲུན་པར་གནས་འདིར་ཞབས་ཀྱིས་བཅགས་ཤིང་ལྷ་མོའི་ཟློས་གར་སྣ་ཚོགས་འཁྲབ་པས་མི་རྣམས་ཀྱི་མིག་དབང་རབ་ཏུ་འཕྲོག་ཅིང་དགའ་ཚོར་ཆེན་པོས་ཁོང་ལ་ལྕགས་དང་པང་ལེབ།  ཐག་པ་སོགས་ཀྱི་ཞལ་འདེབས་ཕུལ་བར་གྲགས། 1730ལོར་རྒྱལ་མཆོག་སྐལ་བཟང་རྒྱ་མཚོ་ཞབས་སེན་ནོར་བུའི་འཁྲི་ཤིང་མགར་ཐར་ལྷ་མི་ཀུན་གྱི་ཡིད་ཀྱི་མཆོད་སྡོང་དུ་བཞེངས་སྐབས་མགར་ཐར་བས་བཀྲ་ཤིས་གཞས་པ་དང་རྔོན་པ།  རྒྱ་ལུ།  ལྷ་མོ་འཁྲབ་སྟོན་གྱི་སྒོ་ནས་སྤྱན་གཟིགས་སྲིད་ན་དགེ་བ་ཞིག་གིས་ཐུགས་མཉེས་པར་བྱེད་རབས་འདུག   རྒྱལ་མཆོག་སྐུ་ཕྲེང་བཅུ་གཅིག་པའི་སྐབས་སུ་དར་ཁྱབ་ཏུ་སོང་བའི་ལྷ་སའི་ཞོ་སྟོན་དུས་ཆེན་གྱི་འཁྲབ་སྟོན་དེ་ནོར་བུ་གླིང་ག་རུ(1849)འཆམས་ཤིང་དེ་ནས་ལྷ་མོ་འཁྲབ་སྟོན་ལོ་རེར་འཆར་ཅན་ཡོད་པ་དང་།  སྐབས་དེར་མགར་ཐར་བ་ལྷ་ས་ལ་འགྲོ་བ་མང་ཞིང་དུས་སྟོན་དེར་བརྩི་སྲུང་གི་ཆེད་དུ་མི་ཉག་མགར་ཐར་ལ་སྔར་གྱི་ལྷ་མོ་འཁྲབ་སྟངས་ལ་ཤུགས་རྐྱེན་མི་འདྲ་བ་ཞིག་ཐེབས་ཡོད།  དེའི་རྗེས་སུ་སྐྱབས་རྗེ་སྐལ་བཟང་ཡོན་ཏན(1857--1917)གྱི་སྐབས་སུ་ཟློས་གར་ཆེན་མོ་བརྒྱད་དང་མགར་སྟོང་བཙན།  གཞན་ཡང་སྐྱེ་རབས་ཀྱི་ལེ་ཚན་འགའ་ཡང་འཆམ་རྒྱུ་ཡོད་པར་བཟོས།  འབའ་ལ་ཁ་སྤྲུལ་སྐུ་མགར་ཐར་དགོན་དུ་མཁན་པོར་ཕེབས་དུས(1909)ཀྱང་ཁོང་གིས་འབའ་ཐང་ནས་དར་བའི་ཨ་ཅེ་ལྷ་མོ་འཁྲབ་ལུགས་སློབ་པར་མཛད་རབས་འདུག།
     དུས་ཕྱིས་སུ་སྐུ་ཞབས་མཁས་གྲུབ(འདྲ་གདུགས་དཀར་དགོན་པའི་སྤྲུལ་སྐུ་ཡིན་ལ་ད་ལྟ་མགར་ཐར་འབྲོང་བ་གྲོང་ནས་འཁྲུངས་པའི་མཆོག་སྤྲུལ་བསོད་ནམས་རྒྱ་མཚོའི་སྐུ་ཕྲེང་སྔ་མ་དེ་ཡིན།)རིན་པོ་ཆེས་འཐུས་སྒོ་ཇེ་ཚང་དང་ཉམས་འགྱུར་གང་ཐད་ནས་མི་ཉམས་གོང་དུ་སྤེལ།  དེ་དག་གིས་རྐྱེན་བྱས་ཏེ་མི་ཉག་མགར་ཐར་བས་ལྷ་མོའི་ཟློས་གར་དར་སྤེལ་རྒྱུན་འཛིན་བྱས་པ་དང་སྔ་ཕྱི་ཀུན་ཏུ་ར་རྔ་ཁ་གཙོ་བོར་བྱས་པའི་མི་ཉག་སྟོད་སྨད་བར་གསུམ་ནས་སྦྱོང་མཁན་བྱུང་བ་རྣམས་ལ་ཚུལ་བཞིན་དུ་བསླབས་ཏེ་མི་ཉམས་གོང་འཕེལ་བཏང་།
ཨ་ཅེ་ལྷ་མོ།
     མགར་ཐ ར་དུ་དར་བའི་ཨ་ཅེ་ལྷ་མོའི་འཁྲབ་ལུགས་ལ་རྐང་པའི་སྟངས་སྟབས་དང་ལག་པའི་ལྡེམ་འཁྱུག་སོགས་ནི་མིག་སྔར་བོད་ཁུལ་གྱི་འཁྲབ་སྟོན་གཞན་དང་མི་འདྲ་བར་ཡོད་པ་དང་།  རྣམ་ཐར་གྱི་དབྱངས་དང་བར་མཚམས་མདོ་འཛིན་ནི་བོད་ལྗོངས་ཟློས་གར་ཚོགས་པ་དང་སྐྱོར་མོ་ལུང་ཟློས་གར་ཚོགས་པ་སོགས་དབུས་གཙང་ཁུལ་གྱི་ལྷ་མོ་ཚོགས་པའི་བྱེད་སྟངས་ལྟར་དབྱངས་ལ་འགུག་འདོན་ལུགས་སོགས་བྱིངས་འདྲ་བར་སྣང་།  རྒྱལ་བུ་དོན་ཡོད་དོན་གྲུབ། དྲི་མེད་ཀུན་ལྡན་སོགས་འཁྲབ་གཞུང་བརྒྱད་དང་མགར་སྟོང་བཙན་གྱི་རྣམ་ཐར་ཡང་འཁྲབ་བཞིན་ཡོད།  འོ་ན་རྣམ་ཐར་དེ་དག་འཁྲབ་སྐབས་སུ་ཆ་ལུགས་ཅི་འདྲ་བ་ཞིག་ཡིན་ནམ་ཞེ་ན། བཙུན་མོ་དང་སྲས་མོ་དག་གི་གོས་རྒྱན་ནི་མུ་ཏིག་སྤ་ཕྲུག་དང་གའུ་གསུམ་སྒྲོམ། སྡིག་རྭ་གློ་ཕྲེང་སོགས་ལྷ་ལྕམ་ཆས་གྱོན་པ་དང་།  རྒྱལ་པོ་དང་རྒྱལ་སྲས།  བློན་པོ་དག་གིས་བཀའ་བློན་སོགས་སྐུ་དྲག་དང་གཞུང་ཞབས་པའི་ཆས་བཟུང་བ་དང་།  སྟོང་སྐུ་ཞྭ་མོ་དང་འབུ་དཀྲིས། སོག་བྱིལ།  གཡང་ཏྲིའི་མཐེབ་དཀྲིས།  གཞན་ཡང་མགར་ཐར་བའི་ཆ་ལུགས་ཏེ།  སྔོན་ཆད་ཡིན་ན་སྲམ་གཟིག་གཉིས་བརྩེགས་དང་།  མགོ་ལ་སྟོང་སྐུད་ཆུན་པོར་བ་སོའི་མཐེབ་ཀོར་དང་བྱུ་རུའི་འཕྲ་ལྡན་གྱི་དངུལ་གྱི་སྒྲོག་བརྒྱབ། དངུལ་དང་ཟངས་ཀྱི་གའུ་ལ་གསེར་བྱུག་པ་དང་རིན་པོ་ཆེའི་འཕྲ་དང་ལྡན་པ་དཀྱིལ་མཐོ་གང་ཡས་མས་ཀྱིས་ཚད་ལོངས་པ་ལ་ག་ལུང་གོས་ཆེན་དང་འགོ་སྣམ་ལ་སྟོང་སྐུད་ཀྱི་འཇའ་དང་ཀུ་ཤས་སྒྲིལ་བརྒྱབ་པའི་སྟེང་དུ་དངུལ་ཚགས་པ་ཏྲ་བྱུ་རུའི་འཕྲ་ལྡན་དང་། སྐེ་རྒྱན།  གློ་ཟུང་།  གློ་ཆ།  གྲི་རིང་དང་དངུལ་གྲི། གྲི་ཐུང་བཏགས་པ་དང་།  ཕྲུག་དང་གོས་ཆེན། འབུ་རས་དོར་མ།  བོད་ལྷམ་ཤོལ་ཙེ་སོགས་གྱོན་བཞིན་ཡོད། རྔ་སྦུབ་རོལ་མོའི་ཀློང་ནས་འགྲེལ་བཤད་པ་དེས་ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུམ་བུ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ནོ་ཞེས་པ་དམིགས་བསལ་དབྱངས་ཀྱི་སྙན་པ་ངོམ་བཞིན་གཞས་ཕུད་འབུལ། དེ་ཡང་བོད་ཀྱི་ལྷ་མོའི་འཁྲབ་གཞུང་ཆེན་མོ་བརྒྱད་ལ་མཚོན་ན་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་རྒྱ་ཆེའི་མང་ཚོགས་ཀྱི་སྤྲོ་བ་འཕེལ་བའི་ཁྱད་ཆོས་དང་།  སྒྱུ་རྩལ་གྱི་འཚོ་བཅུད་བཟང་བས་གོ་བསྐོན་བློ་འགུགས་དང་འཚོ་བ་དངོས་ལ་ཉམས་མྱོང་ཟབ་པའི་ཁྱད་ཆོས། བསམ་བློ་དང་ཀུན་སྤྱོད་ཀྱི་ནུས་ཤུགས་ཆེ་བས་ཡ་རབས་སྤྱོད་བཟང་ལ་འགོད་པའི་ཁྱད་ཆོས་དང་ལྡན་ཏེ།  ལས་འབྲས་ཀྱི་རྣམ་བཞག་དང་།  དགེ་སྡིག་སྤང་བླང་། དལ་འབྱོར་རྙེད་དཀའ་དང་རྙེད་ན་དོན་ཆེ་ཞིང་མི་ཚེ་སྐྱིད་ལ་སྦྱོར་བའི་བསླབ་བྱ།  ཉོན་མོངས་དུག་གསུམ་གྱིས་རང་གཞན་བརླགས་པ་དང་།  སྙིང་རྗེ་བྱང་སེམས་ཀྱིས་དོན་གཉིས་འགྲུབ་པའི་ཚུལ་ལས་བརྩམས་ཏེ་འཇིག་རྟེན་མི་ཆོས་ཀྱིས་སྔ་རུ་དང་། དམ་པ་ལྷ་ཆོས་ཀྱིས་ཕྱི་རུ་བྱས་ནས་མཐར་ཐུག་ལེགས་པའི་ས་ལ་འགོད་པར་བྱེད་ནུས་པའི་ཐབས་སུ་དམིགས་ཏེ་འཁྲབ་གཞུང་དེ་དག་གྲུབ།  དེའི་ཕྱིར་ཆོས་ཀྱི་ཕྱོགས་སུ་གཏོགས་པས་སྦྱོར་དངོས་མཇུག་གསུམ་དུ་ཆོས་དང་འབྲེལ་བར་བྱས།  དེ་ནས་འཁྲབ་ཚིག་ཕལ་ཆེར་རྣམ་ཐར་གཏོང་བ་དང་བར་སྐབས་སུ་མདོ་འཛིན་པས་འགྲེལ་བཤད་རྒྱག་པ།  རྒྱལ་པོ་དང་བཙུན་མོ་བྱོན་བཞུགས་བཀའ་འབེབ་དང་།  བློན་ཆེན་བློན་པོ་དག་གི་ཡར་ཞུ་བཀའ་བསྒྲགས།  བླ་མ་དྲང་སྲོང་གི་ཉམས་མགུར།  གདོལ་བ་དམངས་རིགས་ཀྱི་ཁྲོ་བ་དང་སྙིང་རྗེ་བའི་གླུ། བྱ་བྱེའུ་སྤྲེའུ་སོགས་ཀྱི་འཁྲབ་སྟོན་པ་དང་དེའི་འཁྲབ་ལུགས་ལ་དཔག་པའི་རྣམ་ཐར་དབྱངས་མི་འདྲ་བ་བཅུ་ཕྲག་འགའ་གཏོང་རྒྱུ་ཡོད།  རྣམ་ཐར་འཁྲབ་སྟོན་པ་དཀྱུས་མའི་གྲས་ཀྱི་བུད་མེད་དག་གིས་མགོ་ལ་སྐྲ་ལན་སུམ་སྒྲིལ་གཉིས་མདུད་ཀྱི་སྐྲ་གཞུག་གམ་སྐྲ་རྔ་དམར་པོ་བཏང་ཞིང་མགོ་ཆ་བ་སོའི་མཐེབ་ཀོར་ཆ་གཅིག་དང་། དངུལ་གྱི་ཨ་ལུང་རྐང་གཅིག་མ་བྱུ་རུའི་འཕྲ་ལྡན་དགུ།  སྐེ་སྒྲོག་ཨ་ལུང་སུམ་ལྡན།  ལག་གདུབ་དང་ཨ་ལུང་།  གསེར་དངུལ་གྱི་རྣ་ལུང་།  གའུ་དང་སྐེ་རྒྱན།  ཆབ་མ་གློ་ཟུང་དང་དངུལ་གྱི་འོག་པག་སོགས་འདོགས་ལ།  གྱོན་པ་ནི་སྔོན་ཆད་སྲམ་གཟིག་དང་ད་ལྟ་ཕྲུག་དང་ཐེར་མ།  གོས་ཆེན་གྱི་རིགས་བཅས་ཆ་བྱད་ལྟ་ན་སྡུག་ཅིང་ཡིད་དུ་འོང་བར་བྱས་ཤིང་སྐྱེ་བོ་ཀུན་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་ཅིང་མཐོང་འདོད་མིག་གི་བུང་བ་དབང་མེད་དུ་ཤོར་བའི་གནས་ཡོད་པ་དང་། བྲམ་ཟེ་དང་དྲང་སྲོང་གི་ཆས་ནི་རྒྱ་གར་བ་དང་འདྲ་ཞིང་གདོལ་བ་དང་བདུད་བློན་སོགས་ཀྱི་ཆས་ནི་ཏ་ཟིག་པ་དང་ཁམས་ཆས་སྤྲས་བཞིན་འདུག་ཀྱང་དགོས་པ་ཅི་ཡོད་མ་ཚོར།  མཇུག་ཏུ་རྒྱལ་འཛོམས་བྱས་ཤིང་འཆམ་སྐོར་གཅིག་ཏུ་རྒྱལ་པོ་དང་བཙུན་མོ། སྲས་སྲོས་རྣམས་དང་བློན་པོ་སོགས་ཀྱིས་གོ་རིམ་བཞིན་དུ་རྒྱལ་བསྟན་དར་ཞིང་འགྲོ་ཀུན་བདེ་བ། འཕགས་མཆོག་ཕྱག་ན་པདྨོའི་ཞབས་བརྟན་དང་གདན་ས་གསུམ་དང་མགར་ཐར་བྱམས་པ་གླིང་དུ་དགེ་འདུན་གྱི་སྡེ་དབྱར་མཚོ་ལྟར་རྒྱས་ཤིང་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་དུ་བསྐོར་བ་དང་།     ཡངས་པའི་རྒྱལ་ཁམས་ཀུན་ཏུ་བཀྲ་ཤིས་ལུགས་ལེགས་ཡོང་བའི་སྨོན་འདུན་ཚིགས་བཅད་རིམ་པར་བསྒྲགས་མཐར།  དགེ་འདུན་སྡེ་རྣམས་ཡར་ངོའི་ཟླ་ལྟར་འཕེལ། ། ཀུན་ཀྱང་མང་ཐོས་ཚུལ་བཞིན་བསྒྲུབ་ལ་བརྩོན། །ཁྱད་པར་རྒྱལ་བ་གཉིས་པ་ཙོང་ཁ་པའི། །བསྟན་པ་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག་ཅེས་ཤིས་བརྗོད་དབྱངས་ཀྱི་འགྱུར་ཁུགས་ཀྱིས་སྐབས་བསྡུས་སོ། །

       བཀྲ་ཤིས་ཞོལ་པ།   འཆམ་པ་ལྔ་ལས་གྲུབ་པའི་བཀྲ་ཤིས་ཞོལ་པ(བཀྲ་ཤིས་གཞས་པ་ཡང་ཟེར) ཡང་གོང་ལྟར་རྒན་པ་དེས་འགྲེལ་བཤད་དང་རྣམ་ཐར་བསྟོད་ཚིག་གྱེར།  ཡང་གཅིག་གིས་བཀྲ་ཤིས་གཞས་པའི་ངོ་སྤྲོད་དང་རྣམ་ཐར་གཏོང་ཞིང་མི་བོ་ཆེ་དག་བྱོན་པ་ལེགས་ཤིང་སྐུ་ཚེ་མཛད་འཕྲིན་རྒྱས་པ་དང་།  གང་དུ་འཁྲབ་པའི་གནས་དེར་གཞིས་སྡོད་བཀྲ་ཤིས་གཡང་གིས་འཚོ་བ། བྱེས་སུ་དགྲ་ཇག་གི་ཉེར་འཚེ་ཞི་ཞིང་ཅི་བསམ་ལྷུན་གྱིས་འགྲུབ་པ་དང་ཕུན་ཚོགས་སྡེ་བཞིའི་དཔལ་ལ་ལོངས་སྤྱོད་པའི་སྨོན་ཚིག་དབྱངས་སུ་བཀུག  ད་དུང་མཛད་སྒོ་དམིགས་བསལ་བའི་སྐབས་སུ་འབྲས་དཀར་ཞེས་པའི་འཆམ་པ་པོ་གཅིག་གིས་རྟེན་འབྲེལ་རང་འགྲིག་ཏུ་ཡོང་བའི་ཁ་གཡང་མང་པོ་སྒྲོག་ཅིང་མི་རྣམས་དགོད་སྒྲ་ལྷུག་ལྷུག་ཏུ་ཡོང་བར་བྱེད་པའི་ཁྱད་ཆོས་ལྡན་ནོ། །ལོ་སར་གྱི་སྐབས་སུ་གྲོང་ཚོ་སོ་སོར་སེང་གེ་འཆམས་ནས་ནད་མེད་ཚེ་རིང་ཡོང་བ་དང་ཅི་བསམ་ལྷུན་འགྲུབ་ཡོང་བའི་སྨོན་འདུན་ཞུས།
རྔོན་པ།
     རྔོན་པའམ( རྒྱལ་འབག )ཟེར་བ་ཞིག་མི་བཅུ་ལས་གྲུབ་པ་ཞིག་ཡོད་ལ་དེས་ཀྱང་བཀྲ་ཤིས་གཞས་པ་ལྟར་རྣམ་ཐར་གཏོང་། འདི་གཉིས་ནི་རྣམ་ཐར་འཁྲབ་སྟོན་གྱི་སྔོན་འགྲོ་དང་བླ་ཆེན་མི་ཆེན་གང་ཞིག་ཞབས་སོར་འཁོད་པ་དང་།    མཛད་སྒོ་ཆེ་གྲས་ལ་འཆམ་བཞིན་ཡོད།
རྒྱ་ལུ།
      གཞན་ཡང་རྒྱ་ལུ་ཟེར་བ་ཞིག་འཆམ་རྒྱུ་ཡོད་ལ་རྒྱ་ལུ་གཉིས་ཀྱིས་འབུར་ཏོག་དང་སོག་བྱིལ།  སྤ་ཅོག་རྒྱབ་ཏུ་དཔྱང་ཞིང་རྒྱ་ལུ་ཆས་ཇི་བཞིན་དང་ལྷ་མོ་བཅུ་ལ་ལྷ་ལྕམ་ཆས་གསོལ་ཞིང་སྤ་ཕྲུག་མི་གོན་པར་རིགས་ལྔ་ཅོད་པཎ་འདྲ་བ་ཞིག་གོན་རྒྱུ་ཡོད།  རྔོན་པའི་ནང་གི་རྒན་པ་དེས་རྣམ་ཐར་གཏོང་བཞིན་འདོན་རྒྱག་པར་བྱེད་ཅིང་རང་ངོ་སྤྲོད་པ་དང་རྔོན་པ་གཞན་རྣམས་ཀྱིས་རང་རང་གི་མིང་དང་འབྲེལ་བའི་རྣམ་ཐར་སྙན་ཞིང་འཇེབས་ལ་ཡིད་དབང་འཕྲོག་པ་དུ་མ་གྱེར།  རྒྱ་ལུ་གཉིས་ཀྱིས་རྔོན་པ་ལ་གླུ་ཤགས་ངོ་སྤྲོད་དང་འབྲེལ་བའི་བླ་མའི་སྐུ་ཚེ་བརྟན་པ་དང་།  གདན་ས་གསུམ་དང་མགར་ཐར་དགོན་ལ་བསྟོད་ཚིག་སོགས་དྲི་ཟའི་གླུ་ཡི་ཟླ་བོར་འཕེར་བའི་དབྱངས་རྟ་ལྷ་མི་དགྱེས་པའི་དཔལ་དུ་དྲངས་ནས་རྣམ་ཐར་བཏང་བ་སོགས་མི་རིགས་རང་གི་ཁྱད་ཆོས་ལྡན་ཞིང་། སྲོལ་རྒྱུན་རིག་གནས་ཀྱི་གཟི་མདངས་མ་ཉམས་པ།  ས་གནས་རང་གི་མཛེས་ཆོས་ངོམས་པའི་འཁྲབ་སྟོན་ཕུན་སུམ་ཚོགས་པ་ཞིག་ཡོད་དོ། 

རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2016/9/18 བལྟ་ཀློག (37560)