མགར་ཨ་མེས་​ལགས་ཀྱི་རྡོ་འབུམ་བསྐྱར་བཞེངས་བྱེ​​ད་བཞིན་པ།

མགར་ཨ་མེས་ལགས་ཀྱི་རྡོ་འབུམ་སླར་གསོ་དང་བསྐྱར་བཞེངས་བྱེད་བཞིན་པ།

       དེ་ཡང་མགར་ཡེ་ཤེས་དབང་པོ་ནི་གངས་ཅན་སཱ་ལའི་སྨན་ལྗོངས་ཞེས་གྲགས་པའི་ཡུལ་གྲུ་གནས་མཆོག་སྒ་སྟོད་ཇོ་བོའི་ཉེར་འགྲམ་ཉ་མཚོ་སྡེ་བ་རུ་ཡབ་མགར་ག་དཀྲོག་དང་ཡུམ་སྤགས་བཟའ་ཕྱུག་སྐྱིད་གཉིས་ཀྱི་སྲས་སུ་1902ལོ་འཁྲུངས་ཤིང་1987ལོ་སྐུ་བཤེགས།  དུས་རབས་དེའི་སྐབས་འཚོ་བའི་ཆ་རྐྱེན་ཅི་འདྲ་ཞན་ཡང་ཁོང་ནི་དམ་པའི་ཆོས་ལ་དད་ཅིང་དགེ་སྡིག་ལས་འབྲས་ལ་ཡིད་ཆེས་དང་དྲང་བདེན་གྱི་རྒྱ་མ་སྲུང་བའི་ཡ་རབས་ཚུལ་ལྡན་གྱི་མི་ཞིག་ཡིན་པ་མ་ཟད་རྡོ་རྐོ་སྒྱུ་རྩལ་ལ་མཁས་པའི་མགར་ཨ་མེས་ཡེ་ཤེས་དབང་པོ་ཡིས་སྟོད་སྒ་ཡུལ་ཉ་མཚོ་སྡེ་བའི་ས་ཆ་གང་མང་ལ་ཁོང་གིས་རྡོ་བརྐོས་ལས་བཞེངས་པའི་རྡོ་འབུམ་མང་བོ་ཡོད།    སྤྱིར་བཙན་པོ་མགར་གྱི་མེས་པོ་གོང་མའི་མཛད་རྗེས་ལ་རྒྱུན་སྐྱོང་དང་གུས་བཀུར་བྱས་ནས་མགར་ཨ་མེས་ཡེ་ཤེས་དབང་པོའི་རྡོ་རྐོ་སྒྱུ་རྩལ་དེ་འཛིན་སྐྱོང་སྤེལ་གསུམ་དང་བཙན་པོ་མགར་གྱི་ཡབ་མེས་བཟང་པོའི་སྲོལ་བཟང་དང་ལག་རྩལ་ཤེས་རིག་རྣམ་དཔྱོད་སོགས་ལ་རྒྱུད་འཛིན་བྱ་གང་ཐུབ་བྱེད་ཆེད་མགར་ཨ་མེས་རྡོ་འབུམ་བསྐྱར་བཞེངས་སླར་གསོ་བྱེད་བཞིན་ཡོད།

      སྤྱི་ལོ་༢༠༡༥ལོ་ཟླ་༢པའི་ཚེས་༡༤དང་རབ་གནས་ཤིང་རྟ་ལོ་བོད་རྒྱལ་ལོ་༢༡༤༡ལོ་ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔའི་ཉིན་ཆུ་དམར་ལེབ་རྫོང་འབའ་དགོན་ཡུལ་ཚོ་དམར་ཤུལ་སྡེ་བ་རུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཏེ་ད་ལྟའི་བར་རྡོ་འབུམ་དེ་ལ་མདོ་སྡེ་བསྐལ་བ་བཟང་པོ་དང་ཐར་མདོ་སོགས་དང་།  མ་ཎི་འབུར་མ་ཚར་༡༡༠༠རྡོ་དྲུག་འབྲི་དྲུག་ཚར་༥༠མ་ཎི་དཀར་ཆེན་ཚར་༡༨༠༠༠བཅས་ཡོད།  ད་དུང་མུ་མཐུད་དུ་རྒྱ་ཇེ་ཆེར་གཏོང་བའི་བསམ་པ་དང་འདུན་པ་ཡོད་པས་འབྲེལ་ཡོད་མགར་གྱི་སྤུན་གྲོགས་དང་རྒྱ་ཆེའི་ཆོད་དད་མང་ཚོགས་ཀྱིས་རྒྱ་མཚོའི་ནང་དུ་ཆུ་ཐིགས་བཞིན་རྡོ་བརྐོས་མ་ཎི་སོགས་འབྲེལ་འཇོག་འདོོད་མཁན་ཡོད་ན་གཤམ་གྱི་ཁ་པར་ལ་འབྲེལ་ཆོག

འབྲེལ་ཡུལ། 18297062221

མགར་ཨ་མེས་རྡོ་འབུམ་གཞུང་སྒྲུབ་ཁང་ནས།

མགར་ཨ་མེས་ཡེ་ཤེས་དབང་པོའི་ལོ་རྒྱུས་མདོར་བསྡུས།

     དེ་ཡང་མགར་ཡེ་ཤེས་དབང་པོ་ནི་གངས་ཅན་སཱ་ལའི་སྨན་ལྗོངས་ཞེས་གྲགས་པའི་ཡུལ་གྲུ་གནས་མཆོག་སྒ་སྟོད་ཇོ་བོའི་ཉེར་འགྲམ་ཉ་མཚོ་སྡེ་བ་རུ་ཡབ་མགར་ག་དཀྲོག་དང་ཡུམ་སྤགས་བཟའ་ཕྱུག་སྐྱིད་གཉིས་ཀྱི་སྲས་སུ་1902ལོ་འཁྲུངས་ཤིང་1987ལོ་སྐུ་བཤེགས། ཁོང་མྱི་སར་བསོད་འཕེལ་གྱི་བུ་མོ་བཀྲ་ཤིས་མཚོ་མོ་དང་བཀྲ་སྒྲོན་མ་བུ་གཉིས་ལྷན་དུ་བསྡད་ནས་ཁྱིམ་ཐབ་བཟུང་ཁྱིམ་ལ་བྱིས་པ་མང་ཞིང་འཚོ་བའི་ཆ་རྐྱེན་ཞན་པས་ཉ་མཚོ་བསམ་འགྲུབ་དབང་རྒྱལ་གྱི་སྐབས་སུ་དེ་ཚང་གི་གཡོག་པོ་བྱས།

     ཁྱོན་མགར་ཡེ་ཤེས་དབང་པོ་ཚང་ལ་བཟའ་ཚང་མི་འགོ་18-15ཡོད་ཁོང་ཁྱིམ་ལ་མི་གྲངས་མང་བ་དང་འཚོ་བའི་ཆ་རྐྱེན་ཞན་པ་བཅས་དཀའ་ངལ་ཅི་འདྲ་འཕྲད་ཀྱང་དམ་པའི་ཆོས་ལ་དད་ཅིང་དགེ་སྡིག་ལས་འབྲས་ལ་ཡིད་ཆེས་དང་དྲང་བདེན་གྱི་རྒྱ་མ་སྲུང་བའི་ཡ་རབས་ཚུལ་ལྡན་གྱི་མི་ཞིག་ཡིན་པ་ཀུན་གྱིས་གླེང་།

      གཞན་ཡང་ཉ་མཚོ་བསམ་འགྲུབ་དབང་རྒྱལ་གྱི་གཡོག་པོ་བྱས་སྐབས་འདམ་ཨ་མི་བཀྲ་ཤིས་དར་ཐང་ནས་རྐང་ཐང་དུ་ལྷ་སར་ཐེངས་ལྔ་ལ་གནས་བསྐོར་མཆོད་མཇལ་དུ་སོང་པ་མ་ཚད་རྡོ་རྐོ་སྒྱུ་རྩལ་ལ་མཁས་པའི་མགར་ཨ་མེས་ཡེ་ཤེས་དབང་པོས་བརྐོས་པའི་རྡོ་ཡོད་སའི་གནས་རྣམས་ནི་ཆོས་བཟང་མཆན་ལུང་། ཉ་འབྲུ་པད་ཁང་། ཆོས་ལུང་མདའ། རྫ་དཀར་དང་རྫ་དམར་ལྷས་ཡག རྫ་ནག  ལུ་ཆུང་སྲང་། ཉིན་ཤུལ་ཕུ་ཆོག་སུམ་མདོ་དང་མོ་རི་སྣ་མགོ་ད་དུང་ཡོ་ཆེན་མདའ་དང་ཟིལ་དཀར་ལྷ་རྩེ་ཁ་བཅས་ལ་ཐར་མདོ་དང་བདེ་སྨོན་མ་ཎི་དང་ས་ཚྭ་ཁྲི་ཁང་སོགས་གང་མང་བཞེངས་མྱོང་བའི་དད་ལྡན་གཤའ་མ་ཞིག་ཡིན་ནོ། །


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2016/10/31 བལྟ་ཀློག (27328)