བོད་ཀྱི་ལོ་རྒྱུས་ཐོག་བུད་མེད་ཀྱི་རྒྱལ་པོ་ཐོག་མ་དེ་སུ་གྱུར་ཡོད།


བོད་ཀྱི་ལོ་རྒྱུས་ཐོག་བུད་མེད་ཀྱི་རྒྱལ་པོ་ཐོག་མ་དེ་སུ་གྱུར་ཡོད།

རྩོམ་པ་པོ། འོས་ལངས།

           འདས་ཟིན་པའི་སྔོན་བྱུང་གི་བྱ་བ་དང་། སྔོན་བྱུང་གི་མེས་པོ་དག་ནི་ཤེས་དགོས་པ་ཞིག་སྟེ། སྲིད་པ་རྒན་པོའི་གཏམ་དཔེ་ལ། ལོ་རྒྱུས་ཀྱི་ཚིག་གསུམ་མ་གོ་ན། ཕ་ཨ་ཁུ་ཡིན་རུང་ངོ་མི་ཤེས། ཞེས་པའི་དཔེ་ལྟར་རང་གི་ཡབ་མེས་དག་ངོ་ཤེས་པ་ལ། ཡབ་མེས་ཀྱི་ལོ་རྒྱུས་དང་དེའི་བྱུང་བ་དག་ཤེས་དགོས་པ་ཞིག་རེད། བཙན་པོའི་རྒྱལ་རབས་སྐབས་སུ་བོད་ཀྱི་ཆབ་དཔལ་རིག་གསུམ་ནི་ཨེ་ཤ་ཡའི་ཡང་རྩེར་སོན་ཡོད་པ་དང་། བོད་རྒྱལ་བཙན་པོ་དག་གི་སྟོབས་ཤུགས་ཀྱང་འཛམ་གླིང་སུམ་གཉིས་ལ་ཁྱབ་ཡོད་པ་རེད། དེ་དག་ལས་ཆེས་ཡ་མཚན་པ་ཞིག་དང་། དམིགས་བསལ་དོ་སྣང་བྱ་དགོས་པ་ཞིག་ནི་བོད་རྒྱལ་ཁྲི་འདུས་སྲོང་གི་དུས་རབས་སུ། ཁོང་གི་རྒྱལ་ཡུམ་འབྲོ་བཟང་ཁྲི་མ་ལོད་ཀྱིས་རྒྱལ་སྲིད་སྐྱོང་བ་དེ་རེད། ཁ་བ་རི་བོའི་སྲས་མོ་ཁོང་ནི་བོད་ཀྱི་ལོ་རྒྱུས་ཐོག་བུད་མེད་ཀྱི་རྒྱལ་པོ་ཐོག་མ་དེ་གྱུར་ཡོད།

      དེའི་སྐབས་སུ་བཙན་པོའི་གདུང་རྒྱུད་ཡོད་བཞིན་དུ་རྒྱལ་ཡུབ་ཁྲི་མ་ལོད་ཀྱི་ཕོ་བྲང་ནང་གི་སྲིད་ཅིའི་ཕྱིར་དུ་བཟུང་བ་རེད། ཡང་ན་ཁྲི་འདུས་སྲོང་ལ་རྒྱལ་སྲིད་སྐྱོང་བའི་དཔའ་དང་། སྟོབས་ཤུགས། ཐབས་ཇུས། སྙིང་སྟོབས་མེད་པ་ཨེ་རེད་ཟེར་ན། དེ་ཡང་མ་ཡིན། ཁོང་གི་དམག་དྲངས་ནས་བོད་ཀྱི་མངའ་ཁོངས་རྒྱ་བསྐྱེད་པ། ནང་ལོག་ཕྱི་ལོག་བཏུལ་ཏེ་ཞི་བདེའི་ཆབ་སྲིད་སྤེལ་བ། རྒྱ་དང་ཡུལ་རྩོད་བྱས་དེ་དམག་འཁྲུག་བརྒྱབ་པ་སོགས་བྱས་རྗེས་བཞག་ཡོད་ལ། གཡུལ་ས་ནས་ཚེ་ལས་འདས་པའི་དཔའ་བོ་ཞིག་ཀྱང་ཡིན་པ་རེད། འོ་ན་རྒྱལ་ཡུམ་མཆོག་གིས་སྲིད་འཛིན་དགོས་པ་གང་ཞེ་ན། ༦༧༦ལོར་ཁོང་གི་ཕ་ཡབ་དམ་པ་མང་སྲོང་བཙན་ཚེ་ལས་འདས་ཤིང་། ཁོང་གི་མ་ཡུམ་འབྲོ་བཟའ་ཁྲི་མ་ལོད་དེ་ཡི་སྐབས་སུ་སྦྲུལ་མ་ཡིན་པ་དང་། བཙན་པོ་འདས་ནས་ཉིན་བདུན་འགོར་བ་ན་ཁྲི་འདུས་སྲོང་འཁྲུངས་པ་རེད། དེ་ནི་བོད་ལ་མཚོན་ན་དགའ་འོས་པ་ཞིག་ལོས་ཡིན་ལ། སྐྱོ་འོས་པ་ཞིག་ཀྱང་ཅི་ལ་མིན་དེ། བཙན་པོ་འདས་ཤིང་སྲས་སྐུ་ན་ཆུང་བས་བོད་ཀྱི་རྒྱལ་སྲིད་འཕྲོག་སྙམ་པའི་བློན་པོ་གདུག་རྩུབ་ཅན་དག་གིས་འདོད་ཐོག་རྟ་རྒྱུག་པས། ཕོ་བྲང་ནང་འཁྲུགས་རྩོད་ཡོང་དེ་བདེ་འཇགས་མེད་པ་དང་། བཙན་པོའི་རྒྱལ་སྲིད་འཐོར་རམ་སྙམ་པའི་སེམས་ཁྲལ་སུ་ལ་མེད། དགའ་འོས་པ་ཞིག་ནི་སྐབས་དེར་རྒྱལ་ཡུམ་སྙིང་སྟོབས་དང་ལྡན་པ་འབྲོ་བཟའ་ཁྲི་མ་ལོད་ཀྱིས་ཕོ་བྲང་ཕྱི་ནང་གི་བྱ་བ་མཐའ་དག་བྱས་ཞིང་། མགར་སོགས་བློན་པོ་བློ་གྲོས་ལྡན་པ་དག་དང་མཉམ་འབྲེལ་གྱིས་ཕོ་བྲང་ནང་གི་འཁྲུགས་རྩོད་ཞི་འཇགས་བཏང་བ་དང་། དྲང་དཀར་རྗེ་བོ་སོགས་ངོ་ལོག་པའི་རྒྱལ་ཕྲན་རྣམས་དྲག་པོའི་སྒོ་ནས་ཚར་གཅད། མཐའ་མ་རྒྱལ་ཡུམ་གྱིས་སྲིད་དབང་སྲས་ལ་སྤྲོད།

      དེའི་སྐབས་སུ་མགར་ཚང་གི་བུ་སྤུན་ཚོས་དམག་དོན་བཟུང་ཡོད་པ་ན་འ་ཞ་དང་རྒྱའི་དམག་དཔོན་ཞོའེ་རིན་ཀོས་སོགས་ཕམ་པར་བྱས་པ། མཐར་བཀྲ་མ་ཤིས་པ་ཞིག་བྱུང་བ་ནི་མགར་ཚང་དང་འབྲོ་ཚང་འགལ་བ་ཛ་དྲག་བྱུང་།  དགུང་ལོ་ཉེར་གསུམ་ལོན་པ་ན་མགར་སྤུན་མཆེད་དག་ལ་བཙན་པོས་འགྲན་བཙུགས། མཐར་སྤྱི་ལོ་༧༠༤ལོར་འཇང་ཡུལ་ནས་སྐུ་གྲོངས།  ཁོང་འདས་པའི་ལོ་དེར་སྲས་ཁྲི་ལྡེ་གཙུག་གམ་མེས་ཨག་ཚོམ་སྐུ་བལྟམས།  ཡབ་འདས་མ་ཐག་པ་དང་སྲས་འཁྲུངས་མ་ཐག་ཡིན་པས་སླར་ཡང་རྒྱལ་སྲིད་ཀྱི་བྱ་བ་དག་བཙན་པོ་སྐུ་ནར་མ་སོན་བར་དུ་སྲིད་དབང་ཆ་ཚང་ཨ་ཕྱི་འབྲོ་བཟའ་ཁྲི་མ་ལོད་ཀྱིས་བཟུང་། འབྲོ་བཟའ་ཁྲི་མ་ལོད་ཀྱིས་རྒྱལ་སྲིད་ཀྱི་ཆག་སྒོ་ལ་གཞིག་སྟེ་སྔ་ཕྱི་གཉིས་རྒྱལ་སྲིད་བསྐྱངས་བ་རེད།  ཁོང་ནི་བོད་ཀྱི་སྐྱེས་མ་ཅི་འདྲའི་སྙིང་སྟོབས་ཆེ་བ་ཞིག་ཡིན་ལ། དེང་སང་གི་བུད་མེད་དཔའ་ཆུང་བ། སྙིང་སྟོབས་མེད་པ། གླེང་སྟེགས་ཐོག་ནས་སྐད་ཆ་བཤད་ན་དངངས་སྐྲག་སྐྱེ་བ། ཐ་ན་སྨན་ཁང་ནང་ནད་བཤད་བྱེད་མི་ཕོད་པའི་དེ་འདྲ་བའི་སྡར་མ་ཞིག་ག་ལ་ཡིན་དེ། སྤྱིར་འཛམ་གླིང་ཁྱད་པར་ཨེ་ཤ་ཡའི་བུད་མེད་ཀྱི་སྲིད་འཛིན་ཐོག་མའི་ནང་གི་ཐོག་མ་མ་ཡིན་རུང་། ཆེས་སྔ་བ་ཞིག་ཡིན། ཁྲི་མ་ལོད་ནི་བོད་ཀྱི་ལོ་རྒྱུས་ཐོག་གླེང་རིན་ཡོད་པ་དང་། བྱས་རྗེས་ཅན་ཞིག་ཡིན་པ་རེད།  ཡིད་སྐྱོ་བ་ཞིག་ནི་སྤྱི་ལོ་༧༡༡ལོར་ཐར་སྐུ་མྱ་ངན་ལས་འདས་སོང་།

      དེང་གི་ལོ་རྒྱུས་མི་ཤེས་ལ་ནུབ་ཕྱོགས་གླེང་བར་དགའ་བའི་བོད་ཀྱི་ན་གཞོན་ཚོས། ཨན་ཇེ་ལཱ་མེར་ཁེ་”ཟེར་བའི་བུད་མེད་དེ་འཇར་མན་རྒྱལ་ཁབ་ཀྱི་སྲིད་བློན་སྡོད་ཡོད་པ་དང་། “ཕན་ཅིན་ཧེ་” ཟེར་བའི་སྐྱེས་མ་དེ་ཀོ་རེ་ཡ་ལྷོ་མའི་སྲིད་འཛིན་སྡོད་ཡོད་པ་རེད། བོད་ཀྱི་སྐྱེས་མ་ཁྱེད་ཚོ་ལ་འཇོན་ཐང་དེ་འདྲ་ཡོད་དམ་ཟེར་ནས་ཚིག་ངན་སྨྲ་མཁན་ཚོས་རྒྱལ་ཡུམ་ཁོང་གི་མི་ཚེའི་གོ་རིམ་ལ་གཟིགས་ཙམ་མཛོད་ཅིག །

༢༠༡༦/༡༡/༥ཉིན་སློབ་གླིང་ནས་བྲིས་པའོ།



རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2016/12/11 བལྟ་ཀློག (23642)