བོད་ཀྱི་ན་གཞོན་ཞིག་གློ་བུར་དུ་ཀྲུང་གོའི་སྐར་ཆེན་དུ་གྱུར།

བོད་ཀྱི་ན་གཞོན་དཀོན་མཆོག་ཚེ་རིང་གློ་བུར་དུ་ཀྲུང་གོའི་སྐར་ཆེན་དུ་གྱུར།

                               ཟིན་བྲིས་པ།  དབའ་བཀྲ།

【1】   ཕ་ཡུལ་དང་ནར་སོན་པའི་གོ་རིམ།  

      གཞས་པ་དཀོན་མཆོག་ཚེ་རིང་ནི།    མཚོ་སྔོན་ཡུལ་ཤུལ་ནང་ཆེན་ཟུར་མང་ཉག་ལ་རུ་སྐྱེས་ཤིང་།  རང་ལོ་ཉེ་བཞི་ཡིན།   ཆུང་ཆུང་སྐབས་ས་གནས་གྲོང་གསེབ་ཀྱི་སློབ་ཆུང་དུ་ལོ་རིམ་གསུམ་ཙམ་ལས་འདོན་རྒྱུའི་གོ་སྐབས་མ་བྱུང་བར།   ཁྱིམ་ཚང་གི་འཚོ་གནས་ལ་དཀའ་ཁག་ཡོད་སྟབས་ཕྱུགས་རྫི་རུ་འགྲོ་དགོས་བྱུང་།     ཡིན་ནའང་སྨུག་སྤྲིན་མཚོ་ལྟར་འཁྱིལ་བའི་འཛད་དུ་མེད་པའི་ལྗང་མདོག་གི་རི་ལུང་དག་ནི།  གླུ་པ་དཀོན་མཆོག་ཚེ་རིང་གི་ཆེས་ཐོག་མའི་གླུ་ངག་གི་དབུ་འཁྱུད་འབྲི་སའི་གར་སྟེགས་ཡག་ཤོས་སུ་གྱུར་ཞིང་།   ཕྱུགས་རིགས་དཀར་ནག་དང་རི་དྭགས་ཤྭ་མནའ་སོགས་ཀྱིས་ཁེངས་པའི་མཐོ་སྒང་གི་ཁ་རླུང་ཁྲོད་ནས་ནར་སོང་ཞིང་།   དེ་ནས་རྫོང་དང་ཁུལ་རིམ་པའི་དུས་ཆེན་མང་པོའི་ཐོག་ཏུ་༼ནང་ཆེན་རས་པ་༽སོགས་ལོ་རྒྱུས་ལྡན་པའི་ཞབས་བྲོ་དང་གླུ་གར་མང་དུ་འཁྲབ་ཅིང་དགའ་བསུ་ཐོབ།

དེ་ནས་དཀོན་མཆོག་ཚེ་རིང་༢༠༡༥ལོའི་ལོ་མཇུག་ཅིག་ལ་ཕ་ཡུལ་ནས་ལམ་ལ་ཆས་ཏེ།  པེ་ཅིན་(白京)དུ་གླུ་གར་ཁང་ཞིག་ལ་རྒྱུན་ཞུགས་བྱས་པ་ན།  བོད་ཀྱི་ཡུལ་སྲོལ་གོམ་གཤིས་དང་སྐད་ཡིག་གླུ་གཞས་ཀྱི་ཤེས་ཡོན་ཅུང་ཚད་མཐོ་ནའང་།   སློབ་གྲྭ་རིམ་པ་བརྒལ་མ་ཐུབ་པའི་རྐྱེན་གྱིས་རྒྱའི་སྐད་ཡིག་གི་ཤེས་ཚད་དམའ་བས་དཀའ་སྡུག་ཆེས་མང་པོ་མྱོང་།    དེས་ན་གླུ་གཞས་དང་རྒྱའི་སྐད་ཡིག་ལ་སྦྱོང་བ་བྱ་ཞོར་གར་ཁང་དེ་ནས་གླུ་པ་ཆུང་ཆུང་ཞིག་གི་མིང་ཐོག་ནས་ལས་ཀ་གཉེར་བས།    སྐབས་དེར་ཁོར་སྦྱང་བརྡར་གྱི་ཁྲོད་ནས་རྙེད་པའི་དམིགས་བསལ་ཀྱི་སྒྱུ་རྩལ་ཧ་ལས་སྤྱད་དེ་འདྲ་མེད་ནའང་ལྷན་སྐྱེས་སུ་མངའ་བའི་སྐད་ངག་དང་གཤིས་ཀས་ལས་གྲོགས་དང་དགེ་རྒན་ཚང་མ་ཡི་སྨོན་འཆོར་བ་རྒྱུན་ལྡན་ཡིན།

   

【2】གཟའ་འཁོར་འགྲན་བསྡུར་སྐབས་ཨང་དང་པོ་ཐོབ་པ།

       དེ་ནས་སྟབས་ཡག་པ་ཞིག་ལ།    དཀོན་མཆོག་ཚེ་རིང་གིས་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལེ་ཚན་གྲགས་ཅན་སྐར་འོད་ལམ་ཆེན་(星光大道)ཞེས་པའི་གླུ་གཞས་གར་སྟེགས་ཀྱི་༼གཟའ་འཁོར་འགྲན་བསྡུར་༽ཁྲོད་དུ་འགྲན་ཞུགས་ཀྱི་གོ་སྐབས་ཐོབ་ཅིང་།     འགྲན་བསྡུར་ཁྲོད་ཨང་དང་པོའི་གཟེངས་རྟགས་བླངས།    འགྲན་བསྡུར་གྱི་ཡུལ་ངོས་གཤམ་གྱི་པར་རིས་སུ་གསལ། 


【 3】ཟླ་འཁོར་འགྲན་བསྡུར་སྐབས་ཨང་དང་པོ་ཐོབ་པ།

    དཀོན་མཆོག་ཚེ་རིང་གིས་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལེ་ཚན་གྲགས་ཅན་སྐར་འོད་ལམ་ཆེན་(星光大道)ཞེས་པའི་གླུ་གཞས་གར་སྟེགས་ཀྱི་གཟའ་འཁོར་འགྲན་བསྡུར་ལས་རྣམ་པར་རྒྱལ་ཏེ།    དཔྱད་འདེམ་པ་དང་།  གཙོ་གཉེར་བ།   མང་ཚོགས་བཅས་ཚང་མས་དགའ་བསུ་ཚད་མེད་ཐོབ་པར་བརྟེན།     སྐར་འོད་ལམ་ཆེན་ཚང་གི་ཟླ་འཁོར་འགྲན་བསྡུར་ཁྲོད་ཞུགས་པའི་གོ་སྐབས་ཐོབ་ཅིང་།    འབད་བརྩོན་ཧུར་ཐག་གནང་བས་༼ཟླ་འཁོར་འགྲན་བསྡུར་༽སྐབས་ཨང་དང་པོའི་གཟེངས་རྟགས་བླངས།     སྐབས་དེའི་ཡུལ་ངོས་གཤམ་གྱི་པར་རིས་སུ་གསལ། 



【4】   ལོ་ཕྱེད་འགྲན་བསྡུར་སྐབས་ཨང་དང་པོ་ཐོབ་པ།

      ཡང་སྐྱར་དཀོན་མཆོ་ཚེ་རིང་ལེ་ཚན་དེའི་ལོ་ཕྱེད་འགྲན་བསྡུར་ལ་ཞུགས་ཤིང་།    སྐབས་དེར་ཡང་ཨང་དང་པོའི་གཟེངས་རྟགས་བླངས།  གར་སྟེགས་ཀྱི་ཚད་རིམ་དང་ཡུལ་ངོས་ཀྱི་འཆར་བཀོད་སོགས་ནི་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་གཞི་རྒྱ་ཆེ་ཞིང་།   རྔོམ་བརྗིད་ལྡན།   མ་གཞི་དཀོན་མཆོག་ཚེ་རིང་གིས་རྒྱལ་ནང་གི་སྐད་གྲགས་ཆེ་ཤོས་སུ་གཏོགས་པའི་གླུ་གར་ལེ་ཚན་ཞིག་ནས་བསྟུད་མར་ཨང་དང་པོའི་གཟེངས་རྟགས་ལན་མ་གསུམ་ལ་ཐོབ་ཀྱང་།  ད་རུང་ཁོའི་དམིགས་འབེན་ངོ་མ་ནི་མཇུག་ཏུ་ལུས་ཡོད་དེ།  དེ་ནི་སྐར་འོད་ལམ་ཆེན་(星光大道)ལེ་ཚན་ནས་ལོ་འཁོར་འགྲན་བསྡུར་ཁྲོད་རྣམ་པར་རྒྱལ་ཐུབ་པའི་རྨི་ལམ་གཏོང་བཞིན་ཡོད།   ལོ་ཕྱེད་འགྲན་བསྡུར་སྐབས་ཀྱི་ཡུལ་ངོས་གཤམ་གྱི་པར་རིས་སུ་གཟིགས།




【5】  ལོ་འཁོར་འགྲན་བསྡུར་སྐབས་ཨང་དང་པོ་ཐོབ་པ།

      མཇུག་མཐར་དཀོན་མཆོག་ཚེ་རིང་ཀྲུང་དབྱངས་བརྙན་འཕྲིན་ཁང་གི་སྐར་འོད་ལམ་ཆེན་ལེ་ཚན་གྱི་ལོ་འཁོར་འགྲན་བསྡུར་རུ་ཞུགས་ཐུབ་སོང་།  སྤྱིར་ལོ་འཁོར་འགྲན་བསྡུར་ལེ་ཚན་དེ་ནི།   གཞི་རྒྱ་ཆེ་ཞིང་ཚད་རིམ་ཆེས་མཐོ་བའི་འགྲན་བསྡུར་ཞིག་ཡིན་སྟབས་ལས་སླ་པོར་ཞུགས་ཆོག་ས་ཞིག་མ་ཡིན་པས།    འགྲན་ཞུགས་པའི་ངོས་ནས་ཀྱང་གཟའ་འཁོར་དང་།  ཟླ་འཁོར།   ལོ་ཕྱེད་བཅས་ཀྱི་འགྲན་བསྡུར་ལ་ཞུགས་ཟིན་པ་སྔོན་སོང་གི་ཐོག་ནས་ཨང་རིམ་ཀྱང་ཚད་ངེས་ཅན་ལོན་དགོས་པ་ཞིག་རེད་ལ།   རྒྱལ་ནང་ཙམ་མི་ཚད་པར་རྒྱལ་ཁབ་ཆེས་མང་པོ་ནས་དོ་སྣང་ཚད་མེད་བྱས་ཏེ།  མི་ཚེ་གཅིག་པོ་གླུ་གར་རིག་གནས་ལ་སྦྱང་སྐལ་ཐོབ་པའི་སྐད་གྲགས་ཅན་གྱི་གླུ་པ་གླུ་མ་མང་པོ་ཞིག་འགྲན་ཞུགས་བྱས་ཡོད་པ་རེད།  རེད་དེ།  དགའ་འོས་པ་ཞིག་ལ་༼ལོ་འཁོར་འགྲན་བསྡུར་༽ གྱི་སྐབས་དེར་ཡང་དཀོན་མཆོག་ཚེ་རིང་གི་ཨང་དང་པོའི་གཟེངས་རྟགས་བླངས།    སྐབས་དེའི་ཡུལ་ངོས་གཤམ་གྱི་པར་རིས་སུ་གཟིགས།

【6】 ༢༠༡༧ལོའི་ཀྲུང་དབྱངས་ལོ་སར་དགོང་འཚོགས་སུ་ཞུགས་པ།

      དཀོན་མཆོག་ཚེ་རིང་གློ་བུར་དུ་རྒྱལ་ནང་གི་སྐར་ཆེན་གྲས་སུ་ཐོན་ཏེ་སྐད་གྲགས་ཆེ་བའི་ན་གཞོན་གླུ་པ་ཞིག་ཏུ་གྱུར་སྟབས།    ༢༠༡༧ལོའི་ཀྲུང་གོ་རྒྱལ་ཡོངས་ནས་ཤུགས་རྐྱེན་དང་དོ་སྣང་བྱ་ཡུལ་ཆེས་ཆེ་བའི་ཀྲུང་དབྱངས་ལོ་སར་དགོང་ཚོགས་སུ་གདན་འདྲེན་བྱུང་།    དེས་ན་དཀོན་མཆོག་ཚེ་རིང་ནི།   རང་གི་གླུ་ངག་ལ་བརྟེན་ནས་ཀྲུང་དབྱངས་ལོ་སར་དགོང་འཚོགས་སུ་ཞུགས་ཐུབ་པ་མཚོ་སྔོན་གྱི་ཆེས་ཐོག་མའི་བོད་མི་རུ་ཆགས།    ལོ་སར་དགོང་འཚོགས་དུས་ཀྱི་ཡུལ་ངོས་གཤམ་ནས་པར་རིས་སུ་གཟིགས།


  【7】  ཁོང་ཉིད་དཔྱད་འདེམ་པ་བྱས་པ།

      གཞན་ཡང་དཀོན་མཆོག་ཚེ་རིང་ལོ་ཕྱེད་འགྲན་བསྡུར་ལས་རྣམ་པར་རྒྱལ་ཏེ།  ཨང་དང་པོ་བླངས་རྗེས།  སྐར་འོད་ལམ་ཆེན་ལེ་ཚན་གྱི་གཟའ་འཁོར་དང་ཟླ་འཁོར་འགྲན་བསྡུར་ཐོག་ཏུ་དཔྱད་འདེམས་པར་གདན་འདྲེན་ཞུས་པས།   ཁོང་ཉིད་ཀྱིས་ཀྱང་ཕྱག་ལས་བསྐྱངས།


  【8】 བོད་ཀྱི་རོལ་ཆས་གསར་བཟོ་བྱས་པ།

      དཀོན་མཆོག་ཚེ་རིང་གིས་སྔ་ཕྱི་འཁྲབ་སྟོན་མང་པོའི་སྐབས་སུ།   བོད་གཞས་མང་པོ་བླངས་ཤིང་།   བོད་ཀྱི་ཁྱད་ཆོས་ལྡན་པའི་གྱོན་གོས་དང་རོལ་ཆས་སྤྱད་དེ་ཞབས་བྲོ་ཡང་མང་དུ་རྡུང་།  སྐབས་དེར་རྒྱ་ནག་གི་གྲོང་ཁྱེར་དག་ནས་བོད་ཀྱི་རོལ་ཆས་ཤིག་རྙེད་ཐབས་བྲལ་སྟབས།   ཁོ་རང་གི་ཐུན་མིན་གྱི་ལག་རྩལ་ལ་བརྟེན་ནས་སྒྲ་བརྙན་འབྲུག་མགོ་མ་འགའ་གསར་བཟོ་བྱས་ཏེ།   འགྲན་ཞུགས་སྐབས་དངོས་སུ་བེད་སྤྱོད་བྱས་པ་དང་།    མ་ཟད་རྒྱ་རིགས་མཛེས་མ་དང་གཞོན་ནུ་རྣམས་ལ་བོད་ཆས་སྤྲས་སུ་བཅུག་སྟེ་ཁོ་རང་གི་གླུ་གཞས་ལེན་དུས་བོད་ཀྱི་བྲོ་གར་འཁྲབ་ཏུ་བཅུག་པས།    གཞི་རྒྱ་ཆེ་བའི་གར་ཁང་དེ་ཉིད་ལྟད་མོ་བའི་དགའ་འབོད་ཀྱིས་གད་ལ་ཉེ་བ་ཙམ་བྱས།  


      གལ་སྲིད་སྐུ་ཉིད་ཀྱིས་དཀོན་མཆོག་ཚེ་རིང་གི་སྔ་ཕྱིར་འཁྲབ་སྟོན་བྱས་པའི་བརྙན་དག་ལ་གཟིགས་པར་འདོད་ན།   བརྒྱ་འདུས་(百度)དྲྭ་བ་ནང་དུ་རྒྱག་ཡིག་གི་(更却才仁)ཟེར་བ་རྒྱོབ་ད་ཁོའི་འཁྲབ་ཚན་མང་དག་ཅིག་གཟིགས་ཐུབ་པ་མ་ཟད།   སྐར་འོད་ལམ་ཆེན་(星光大道)འཕྲིན་སྟེགས་དང་དྲྭ་རྒྱ་ཁག་ནས་ཁོའི་འཁྲབ་སྟོན་ཡོངས་རྫོགས་ལྟ་ཐུབ།

འཕྲིན་སྟེགས་སྦྲེལ་གནས།  

cctv_xgdd

wata04494

  མཇུག་ནས་དཀོན་མཆོག་ཚེ་རིང་པེ་ཅིང་དང་།  ཧྲང་ཧེ།   ཧྲིན་ཀྲིང་བཅས་ས་གནས་དུས་སྟོན་འགར་འཁྲབ་སྟོན་ཚར་རྗེས།    བོད་ཀྱི་ལོ་སར་སྐབས་ཕ་ཡུལ་དུ་ལོག་ཆར་ཡོད།


རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2017/2/10 བལྟ་ཀློག (24498)