སྤྲུལ་སྐུ་རྒྱ་མཚོས་མཉམ་འབྲེལ་རྒྱལ་ཚོགས་སྟེང་གནངས་པའི་གསུང་བཤད།

སྤྲུལ་སྐུ་རྒྱ་མཚོས་མཉམ་འབྲེལ་རྒྱལ་ཚོགས་སྟེང་གནངས་པའི་གསུང་བཤད།

《 ནང་ཆོས་སློབ་གསོ་ནི་འཚེ་མེད་ཞི་བདེའི་སློབ་གསོ་ཡིན》


     མཉམ་འབྲེལ་རྒྱལ་ཚོགས་ཀྱི་བསླབ་གཞི་ཚན་ཁག་གི་ལས་སྣ་རྣམ་པ།  འཛམ་གླིང་གི་ས་གནས་སོ་སོ་ནས་ཕེབས་པའི་གྲོགས་པོ་ལྷན་རྒྱས། ཚང་མའི་སྐུ་ཁམས་བཟང་།

     དེ་རིང་རྒྱལ་སྤྱི་མཉམ་འབྲེལ་ཚོགས་པའི་བསླབ་གཞི་ཚན་ཁག་གི་རྩ་འཛུགས་བྱས་པའི་སྤོ་འགུལ་སློབ་གསོའི་རེས་གཟའི་ཚོགས་འདུར་ཞུགས་ཐུབ་པར་ཤིན་ཏུ་དགའ་སྤྲོ་ཆེ། ང་རང་ཡང་སྤོ་འགུལ་དྲ་ལམ་ལ་དངོས་གནས་སྤྲོ་བོ་ཡོད་ལ། ཉིས་སྟོང་བརྒྱད་ཀྱི་ལོར་དྲ་ལམ་དུ་ཞུགས་པ་ནས་བཟུང་། བརྙན་ལམ་སྣ་ཚོགས་ནས་རྩོམ་ཡིག་དང་དཔེ་དེབ།བརྙན་རིས་སོགས་བརྒྱུད་སྤེལ་བྱས་པར་བརྟེན། ད་ལྟའི་བར་དུ་ང་ལ་དད་མཁན་མི་འབོར་ཁྲི་སུམ་སྟོང་ལྷག་ཡོད་པར་མ་ཟད། རྩོམ་ཡིག་རེ་རེ་ཀློག་མཁན་གྱི་གྲངས་འབོར་ཆ་སྙོམས་ཀྱིས་མི་ཁྲི་ལྔ་སྟོང་ནས་ཁྲི་བདུན་སྟོང་བར་དུ་སླེབས། ཧི་མ་ལ་ཡ་རི་རྒྱུད་ཀྱི་ཆེས་མཐའ་འཁོབ་ཀྱི་ཆོས་ལུགས་ཀྱི་མི་སྣ་ཞིག་ལ་ཆ་མཚོན་ན། བརྡ་འཕྲིན་གྱི་ཚན་རྩལ་གསར་བ་བརྒྱུད་དེ་གནའ་རབས་ཀྱི་ངོ་མཚར་བའི་ཆོས་ལུགས་དར་སྤེལ་དང་དྲ་རྒྱའི་དད་ལྡན་གྱི་མང་ཚོགས་ལ་དཔལ་ཡོན་སྤེལ་བར་དོན་སྙིང་གལ་ཆེན་བསྐྲུན།དེ་རིང་སློབ་སྦྱོང་བྱེད་པའི་འདི་འདྲའི་སྐལ་བ་ཡག་པོ་ཞིག་བྱུང་བས། ང་རང་ལའང་སྐུལ་མ་ཆེན་པོ་ཐེབས་སོང་། གཤམ་ནས་ངས་ནང་ཆོས་ཀྱི་སློབ་གསོ་ཏོག་ཙམ་ཚང་མའི་སྙན་ལམ་དུ་འབུལ་རྒྱུ་ཡིན་པས། ལྷན་རྒྱས་ལ་ཕན་ཏོག་ཙམ་འདོགས་ཐུབ་པར་སྨོན།

     སྟོན་པ་ཐུགས་རྗེ་ཅན་གྱིས། སེམས་ཅན་ཐམས་ཅད་ལ་འཚང་རྒྱ་བའི་རྒྱུ་ཡོད་པར་མ་ཟད། ཚང་མའི་ཚེ་སྲོག་ནི་འདྲ་མཉམ་ཡིན། ང་ཚོའི་འཇིག་རྟེན་ལ་འདྲ་མཉམ་མཁོ་བ་སོགས་ཀྱི་གསུང་བྲིན་པོ་མང་བོ་གསུངས་ཡོད། འདྲ་མཉམ་ཡོད་ན་ད་གཟོད་ཞི་བདེ་རྣལ་མ་འབྱུང་ཐུབ།མི་ལོ་སྟོང་ཕྲག་གཉིས་དང་ལྔ་བརྒྱའི་གོང་རོལ་དུ།སྟོན་པ་མཉམ་མེད་ཤཱཀྱ་ཐུབ་པ་ནི་གནའ་བོའི་རྒྱ་གར་གྱི་རྒྱལ་སྲས་ཤིག་ཡིན་ལ། ཁོང་གིས་འཁོར་བའི་སྡུག་བསྔལ་མཐའ་དག་རྩ་དོར་དང་སེམས་ཁོང་གི་ཞི་བདེ་དངོས་མ་འཚོལ་ཆེད། རྒྱལ་སྲིད་མི་གཙང་མཆིལ་མ་བཞིན་དོར་ནས་ཆུ་བོ་ནཻ་རཉྫ་ནའི་འགྲམ་གྱི་བྱང་ཆུབ་ཤིང་དྲུང་ནས་ཏིང་ངེ་འཛིན་ལ་མངོན་པར་བཞུགས་ཏེ་དཀའ་བ་སྣ་ཚོགས་ཁྱད་དུ་གསད། སེམས་ཉིད་འོད་གསལ་གྱི་རང་བཞིན་རྟོགས། འདི་ལྟར་རྒྱལ་སྲས་མཆོག་གིས་ཞི་བདེ་ལ་བརྟེན་ནས་བཞི་བཅོམ་དྲུག་ལྡན་གྱི་གོ་འཕངས་ཐོབ། དེ་དང་མཉམ་དུ་ཁོང་གིས་འཇིག་རྟེན་པར་སྲིད་ན་དཀོན་པའི་སྟོང་ཉིད་དང་སྙིང་རྗེའི་ཐབས་ལམ་ལ་བརྟེན་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་ཤེས་རིག་འདི་ཉིད་ཕངས་མེད་དུ་འགྲོ་བ་མིའི་རིགས་ལ་ཤུལ་དུ་བསྐྱུར་བས། ས་ཡི་གོ་ལའི་ཁྱིམ་གཞི་ཆེན་མོ་དང་ང་ཚོའི་མི་ཚེ་ཆེས་མཐོའི་བདེ་སྐྱིད་ཀྱི་ལམ་བུར་བསྙེགས་ཐུབ་ལ། འཛམ་གླིང་ཡོངས་ལ་མཚོན་ན་ཡང་ཞི་བདེ་ངོ་མ་ནི་སེམས་ཀྱི་ཞི་བདེ་ཡིན། སེམས་ཞི་བདེར་གྱུར་ན་ཁྱིམ་ཚང་དང་སྤྱི་ཚོགས་ཞི་བདེར་འགྱུར་ཐུབ།འཛམ་གླིང་ཡོངས་རྫོགས་ཀྱང་ཞི་བདེར་འགྱུར་ཐུབ་པ་རེད།

     ང་རང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་འབྲོག་ཁྱིམ་གཅིག་ནས་སྐྱེས་པ་ཡིན། གངས་རིའི་ལྗོངས་ཀྱི་རི་མཐོ་ས་གཙང་དང་སྔོ་ལྗང་གི་མཚོ་མོའི་ཕང་ནས་འཚར་ལོངས་བྱུང་བའི་བུ་དང་བུ་མོ་དེ་དག་གིས་མི་རབས་ནས་མི་རབས་སུ་ནང་ཆོས་ཀྱི་སློབ་གསོ་མྱོང་བཞིན་ཡོད། ངས་ཤེས་གསལ་ལྟར་ན། ལོ་ངོ་བརྒྱ་སྟོང་མང་བོར་མིའི་རིགས་ཐུན་མོང་ལ་ནང་ཆོས་དར་བའི་འཛམ་གླིང་གི་ས་ཆ་གང་རུང་དུ་ནང་ཆོས་ཀྱིས་འཁྲུག་རྩོད་ཆེན་པོ་བསླངས་མེད་ལ། ནང་ཆོས་ཀྱི་བསླབ་བྱས་འདས་ཟིན་དང་ད་ལྟ། མ་འོངས་གང་རུང་དུ་བགྲང་གིས་མི་ཟིན་པའི་འགྲོ་བ་མིའི་རིགས་ལ་ཞི་བདེ་དང་འཇིག་རྟེན་ལ་བྱམས་བརྩེའི་འོད་སྣང་གིས་མཛེས་པར་བརྒྱན་ཡོད།

     ཚན་རྩལ་རིག་གནས་འཕེལ་རྒྱས་ཀྱིས་གནམ་ས་བླ་འོག་བསྒྱུར་བའི་དུས་རབས་སུ། གྲོང་ཁྱེར་དུ་འཚོ་བའི་མི་མང་བོ་འཚོ་བ་རོལ་མི་ཤེས་པ་ཞིག་ཏུ་ཆགས་ཀྱིན་ཡོད་པར་མ་ཟད། མི་རྣམས་ཀྱིས་རང་ཉིད་ཀྱི་འཚོ་བའི་ཁ་ཕྱོགས་འབོར་གྱིན་མཆིས། གལ་ཏེ་འཚོ་བའི་འགྱུར་བ་བཙོག་པོར་ཆགས་ཚེ། རྣམ་པར་ཤེས་པ་ཡང་བཙོག་པོར་ཆགས་ལ།ཚེ་སྲོག་ཀྱང་དེ་དང་བསྟུན་ནས་རིན་ཐང་མེད་པ་ཞིག་ཏུ་ཆགས་ཀྱིན་ཡོད། མིའི་རིགས་ཀྱིས་ཆ་འཕྲིན་གྱི་དུས་རབས་ཀྱི་གོམ་སྟབས་ཁྲོད་བླ་སྲོག་འབོར་གྱིན་ཡོད་ལ། མི་ཚེའི་ཁ་ཕྱོགས་ཀྱང་འབོར་གྱིན་མཆིས། ནང་ཆོས་ཀྱིས་ལས་རྒྱུ་འབྲས་དང་འཁོར་བའི་ལྟ་བ།འགྲོ་བ་མཐའ་དག་འདྲ་མཉམ་དུ་ལྟ་བཞིན་ཡོད། ཚེ་སྲོག་ཡོད་ཚད་ནི་རིམ་པ་མི་འདྲ་བའི་ངོས་ན་འཚོ་བཞིན་པའི་ཚེ་སྲོག་ཡིན་ལ། བདག་ཅག་གི་སྟོན་པས་འཇིག་རྟེན་གྱི་དངོས་པོ་ཡོད་ཚད་འདྲ་མཉམ་དུ་ལྟ་བ་དང་ཕན་ཚུན་སྲུང་སྐྱོབ་དང་བརྩི་བཀུར་བྱེད་ཀྱིན་ཡོད། ང་ཚོར་ཞི་བདེའི་འཚོ་བའི་ཐབས་ལམ་དང་སེམས་ཁམས་ལྷད་མེད་ཅིག་མཆིས་ན། ད་གཟོད་འཛམ་གླིང་ཞི་བདེར་གནས་ཐུབ། 

     དེར་བརྟེན་ང་ཚོའི་འཇིག་རྟེན་ལ་བྱམས་དང་སྙིང་རྗེ་མཁོ་ལ། ཞི་བདེ་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། བཟོད་པ་དང་སྙིང་རྗེ་ཆེན་པོ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས། 

     ཟླ་མེད་སྟོན་མཆོག་གིས།བྱ་དངོས་ཡོད་ཚད་ནི་འགྲོ་བ་སེམས་ཅན་གྱི་ལས་ལ་བརྟེན་ནས་གྲུབ་པ་དང་། དེར་བརྟེན་ང་ཚོའི་འཇིག་རྟེན་གྱི་རིག་གནས་དང་དད་མོས། རིན་ཐང་གི་ལྟ་བ་གང་ཞིག་ཡིན་རུང་། ཡོད་ཚད་ལ་བརྩི་བཀུར་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་དགོས་པར་མ་ཟད།འཛམ་གླིང་གི་སྣ་མང་རིག་གནས་བསྡུ་ལེན་བྱེད་དགོས་ལ། མི་སྒེར་གྱི་འཕེལ་རྒྱས་ལའང་བརྩི་འཇོག་བྱེད་དགོས། 

     ནང་ཆོས་ནི་བྱམས་བརྩེ་རྒྱུན་སྤེལ་དང་སྙིང་རྗེ་དང་ཤེས་རབ་ཀྱི་གོ་རིམ་ཞིག་ཀྱང་ཡིན། གོ་རིམ་འདིའི་ཁྲོད་མི་ཁ་ཤས་ཤིག་གིས་ཁྱོད་ལ་གཞན་ཕན་གྱི་བསམ་བློ་ཡོད་ན་དཀྱུ་ས་ནོར་སོང་། ཡང་མི་ལ་ལས་ད་རུང་འདི་ལྟར་བཤད་སྲིད་དེ། མིས་ངེས་པར་དུ་རང་ཉིད་ལ་བརྩེ་དགོས། ངེས་པར་དུ་རང་གི་རྒྱལ་ཁབ་དང་ཁེ་ཕན་སྲུང་དགོས།དོགས་གཞི་འདི་འདྲ་ལ་ཁ་གཏོད་དུས། ང་ཚོས་སོམ་ཉི་བྲལ་བར་འགྲོ་བ་སེམས་ཅན་ལ་བརྩེ་བ་སྐྱེས་ལ། ང་ཚོས་བརྩེ་བ་དང་སྙིང་རྗེ་ཡང་རྒྱུན་འཁྱོངས་བྱེད་ཐུབ།

     འཛམ་གླིང་སྟེང་གི་སྤྱི་དམངས་ལ་ཕན་འདོགས་པའི་ཚོགས་པ་གང་ཞིག་ཡིན་རུང་།  མིའི་རིགས་ཐུན་མོང་གི་བདེ་སྐྱིད་ཀྱི་ཆེད་ཡིན་ལ།ང་ཚོ་ནི་མིའི་རིགས་ཀྱི་དངོས་པོ་དང་འཚོ་བ།སློབ་གསོ།ཁེ་དབང་གི་བརྩེ་བ་དང་ཞབས་ཞུ་ལ་བརྟེན་ནས་ཡོང་བར་མ་ཟད། སེམས་སྟེང་ནས་མིའི་རིགས་ཀྱི་དུས་ཡུན་རིང་བོའི་སྡུག་བསྔལ་འཇོམས་དགོས་ན། ངེས་པར་དུ་སྡུག་བསྔལ་སྐྱེ་བྱེད་ཀྱི་རྒྱུ་དེ་རྩ་བ་ནས་འབྱིན་དགོས། འདི་ནི་སྟོན་པ་ཐུགས་རྗེ་ཅན་གྱི་ཆོས་ལུགས་ཀྱིས་ཐག་གཅོད་བྱེད་དགོས་པའི་གནད་དོན་གཙོ་བོ་དེའང་ཡིན། ནང་ཆོས་ནི་ང་ཚོ་སམས་ཀྱི་ཟབ་སར་འགྲེངས་ནས་བརྩེ་བར་འགྲོགས་པ་དང་བརྩེ་བ་སྟེར་བ། ད་རུང་རང་ཉིད་ཀྱི་རྣམ་ཤེས་ཀྱི་འགྲོ་ཡུལ་འཚོལ་བའི་ཆོས་ལུགས་ཤིག་ཡིན་ལ། མི་ཡོད་ཚད་བདེ་སྐྱིད་ཀྱི་ལམ་དུ་ཁྲིད་བྱེད་ཞིག་ཀྱང་ཡིན།

     ནང་ཆོས་ཀྱི་བརྩེ་བ་ནི་སྙིང་རྗེ་ཡིན། ང་ཚོས་སྙིང་རྗེའི་བསམ་བློས་འཇིག་རྟེན་ལ་བརྩེ་བ་སྟེར་དུས། ཁེ་ཕན་གྱི་ཆེད་དུ་བསླངས་པའི་འཐབ་འཛིང་དང་དམར་གསོད་ཀྱང་མཚམས་འཇོག་སྲིད་ལ། འཁྲུག་རྩོད་ཀྱིས་ཁྱིམ་ཚང་དང་བྱིས་པར་བསྐྱལ་འོང་བའི་སྡུག་བསྔལ་གྱི་རྒྱུན་གཅོད་ཐུབ། ང་ཚོས་ཁ་གཏོད་ས་ནི་ཟིང་འཁྲུག་གིས་བརླགས་པའི་འཇིག་རྟེན་གཏན་ནས་མིན། ང་ཚོ་ཁོར་ཡུག་ལ་དགའ་དུས། ད་གཟོད་མི་དང་རང་བྱུང་ཁམས་ཀྱང་ཞི་བདེའི་ངང་འཚོ་ཐུབ།

     ང་ཚོའི་འཇིག་རྟེན་མ་འོངས་པར་འོད་སྣང་དང་མུན་ནག་གི་ཕྱོགས་སུ་བསྐྱོད་པར་གང་གིས་ཀྱང་ལྡོག་མི་ནུས། དེ་ནི་ང་ཚོ་ས་ཡི་གོ་ལའི་ཐུན་མོང་གི་འཇིག་རྟེན་དུ་གནས་པའི་སྤྱི་དམངས་རེ་རེའི་ནང་སེམས་དང་འབྲེལ་བ་ཞིག་ཡིན་པས། བྱམས་བརྩེ་ནི་ཆེས་ལེགས་པའི་སློབ་གསོ་ཡིན། བྱམས་བརྩེ་དང་བྲལ་བའི་འཇིག་རྟེན་དུ་སྡུག་བསྔལ་གྱི་རྒྱུན་མི་ཆད། བྱམས་བརྩེ་དང་བྲལ་བས་མི་རྣམས་གདུག་རྩུབ་ཅན་དུ་གྱུར། སྟོན་པ་ཐུགས་རྗེ་ཅན་གྱི་ཆོས་ལུགས་ནི་ཤེས་རབ་དང་སྙིང་རྗེ་ཡིན་ལ། ང་ཚོའི་ལུས་སེམས་གཉིས་ཀའི་མཐར་ཐུག་གི་བརྩེ་སེམས་དྲོན་མོ་དེའང་ཡིན།

     མཇུག་མཐར་ང་ཚོས་ངེས་པར་དུ་ནང་ཆོས་ནི་ཤེས་རབ་དང་འཚེ་མེད་ཞི་བའི་ཆོས་ལུགས་ཤིག་ཡིན་པ་རྟོགས་དགོས། 

     སྟོན་པ་ཐུགས་རྗེ་ཅན་འཇིག་རྟེན་དུ་ཞལ་བཞུགས་གནངས་དུས་ཀྱང་ཁོང་གིས་བསྟན་པའི་ཆོས་ལུགས་ལ་དད་མོས་བྱེད་དགོས་པར་བསྟན་མེད་ལ། ཆོས་ལུགས་ཕན་ཚུན་བར་དུ་འཁྲུག་རྩོད་བྱེད་དགོས་པའང་བསྟན་མེད། ནང་ཆོས་ནི་ཆོས་ལུགས་གཅིག་པུ་ཙམ་མ་ཡིན་པར་སྟོན་པ་ཤཱཀྱ་ཐུབ་པའི་སློབ་གསོ་ནི་འགྲོ་བ་སེམས་ཅན་གྱི་རེ་འདོད་སྐོང་བྱེད་དང་འོད་སྣང་འདྲེན་བྱེད་ཀྱི་ཞི་བདེའི་སློབ་གསོ་ཞིག་ཡིན། ཁོང་གིས་བསྟན་པའི་བདེན་གྲུབ་ཀྱི་ལམ་ནི་དད་མོས་ལ་བརྟེན་པའི་འཇིག་རྟེན་པའི་ཉམས་མྱོང་ལས་བར་བརྒལ་ཆེན་པོ་བྱས་ལ། འཇིག་རྟེན་ཐུན་མོང་གི་མཚན་ཉིད་རིག་པའི་ལྟ་བ་དང་མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་ཞིག་ཀྱང་ཡིན། ནང་ཆོས་ཀྱིས་ཁྱོད་བདེན་ཁྱོད་ནོར་གྱི་ཐད་ལ་བསྙེགས་འདེད་མི་གཏོང་། མཚན་ཉིད་རིག་པས་ཚན་རིག་གི་ནོར་འཁྲུལ་ཏེ་ཡང་ན་འདས་པའི་ནོར་འཁྲུལ་དང་ད་ལྟའི་ནོར་འཁྲུལ་ལ་བསྙེགས་འདེད་གཏོང་། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ལུགས་ནི་བདེན་པ་དང་འཁྲུལ་བར་གཏད་པ་ཞིག་མིན་ལ། དེ་ནི་ནང་སེམས་ཀྱི་ཆེས་ཟབ་པའི་གནས་ལུགས་རྟོགས་པར་བསྙེགས་འདེད་གཏོང་བ་ཞིག་ཡིན། ཤེས་རབ་ཀྱིས་བྱ་དངོས་མང་བོར་ཁ་གཏད་ན་ང་ཚོས་མཐོང་བཏུབ་པ་ནི་བརྗོད་མི་ཚར་བའི་སྤྲོ་སྣང་དང་འདྲ་མཉམ། འཛུམ་མདངས་ཀྱི་སློབ་གསོ་ཡིན།

     ང་ཚོའི་བྱིས་པའི་སློབ་གསོ་ནི་མི་དང་མི་བར་གྱི་འབྲེལ་འདྲིས་དང་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་འདྲིས་ཡིན་ལ། དོན་དངོས་སུ་དེ་ནི་སེམས་ནས་བརྡོལ་བའི་ཟུར་མི་འདྲ་བ་དང་ལྟ་བ་མི་འདྲ་བ་ཡིན།ནང་སེམས་ཀྱི་འདོད་བློ་མ་རྫོགས་པ་དང་འདྲ་མཉམ་མིན་དུས།ཁྲོང་ཁྲོ་དང་ཞེ་སྡང་འབྱུང་སླ་བར་མ་ཟད། མི་དང་མིའི་བར་དུ་བར་ཐག་དང་འགལ་བ། རྒྱལ་ཁབ་དང་རྒྱལ་ཁབ་བར་དུ་འཁྲུག་རྩོད་འབྱུང་བ་སླ་བ་རེད།

     འཛམ་གླིང་ནི་ང་ཚོའི་ཁྱིམ་གཞི་ཆེན་པོ་ཞིག་ཡིན་པས། རྒྱལ་ཁོངས་དང་ཤ་མདོག་མི་འདྲ་བའི་མི་གང་ཞིག་ཡིན་རུང་ཚང་མ་ཁྱིམ་མི་གཅིག་གི་མི་ལྟར་མ་ཡུམ་སའི་གོ་ལའི་ཕང་ནས་འཚར་ལོངས་འབྱུང་བཞིན་ཡོད། གལ་ཏེ་མི་ཚང་མས་འདྲ་མཉམ་གྱི་སེམས་ཁམས་ཤིག་ལ་བསྙེགས་འདེད་བཏང་ན། ནང་སེམས་ལ་བདེ་སྐྱིད་ཀྱི་འོད་སྣང་འགོག་མེད་དུ་འཕྲོ་ཐུབ་ལ། ང་ཚོ་ནི་མིའི་རིགས་ལ་དགའ་བ།སེམས་ཅན་ལ་དགའ་བ། སའི་གོ་ལར་དགའ་བ་ཞིག་ཏུ་འགྱུར་སྲིད་ལ། འཚོ་བའི་ཁྲོད་ནས་བཟོད་སྒོམ་དང་ཕན་ཚུན་རོགས་རེས་བྱེད་པ་ཞིག་ཏུའང་འགྱུར་ཐུབ་པས། སྟོན་པ་ཐུགས་རྗེ་ཅན་གྱིས་གྲུབ་འབྲས་ཆུང་ངུ་ཞིག་ལ་བསྙེགས་འདེད་གཏོང་གིན་མེད་ལ། རྟོགས་སད་ཀྱི་ཀློང་གི་འཚེ་མེད་ཞི་བདེ་ལ་བསྙེགས་འདེད་གཏོང་གིན་ཡོད།

     ནང་ཆོས་ཀྱིས་ང་ཚོ་ཤེས་རབ་ཀྱི་སེམས་ཉིད་ཁྲོད། ཚེ་སྲོག་གི་འགྱུར་བ་སྣ་ཚོགས་འགྱུར་མེད་བརྟན་བརླིང་ངང་གནས་པ་དང་། སྡུག་བསྔལ་དང་མི་བདེ་བ་མེད་པར་ལུས་སེམས་ཞི་འཇགས་དང་དགའ་སྤྲོའི་ངང་གནས་སུ་འཇུག་ཐུབ།དེ་ནི་ཕྱི་རོལ་གྱི་ཉི་འོད་འཕྲོས་ནས་མུན་ནག་འཇོམས་པ་ལྟ་བུ་ཞིག་མིན་ལ། ཁྱོད་དང་ངའི་སེམས་སྟེང་གི་འོད་སྣང་གིས་རྨོངས་པའི་མུན་པ་མཐའ་དག་དྲུང་ནས་འབྱིན་པ་རེད།

     ང་ལ་མཚོན་ནས་བཤད་ན། ང་ནི་ཞི་བདེའི་ཞབས་ཞུ་སྒྲུབ་མཁན་ཞིག་ཡིན། སྟོན་པ་ཐུགས་རྗེ་ཅན་གྱི་རྗེས་སུ་འབྲངས་ནས་ཞི་བདེ་དང་བྱམས་བརྩེའི་བསླབ་བྱ་བརྒྱུད་སྤྲོད་བྱེད་མཁན་ཞིག་ཡིན། མིའི་རིགས་ཀྱི་སེམས་ཞི་བདེ་ཡིན་ན། ནང་སེམས་ལ་བྱམས་པ་དང་བརྩེ་བས་ཁེངས་པར་མ་ཟད།སྡུག་བསྔལ་མཐའ་དག་རང་ཞིར་འགྲོ་བ་དང་ནང་སེམས་ལ་བྱམས་པ་དང་སྙིང་རྗེའི་བྱིན་གྱིས་བརླབས་ཏེ། ང་ཚོའི་ནང་སེམས་ལ་རྟོགས་པ་རྒྱས་ནས་འདོད་དོན་སྨིན་སྲིད། སྟོན་པ་སངས་རྒྱས་ཀྱི་ཆོས་ལུགས་ནི་ཞི་བདེ་ཆ་ཚང་སྟོན་པའི་ཆོས་ལུགས་ཡིན།དཔེར་ན་ཉི་འོད་དང་འདྲ།འོད་སྣང་ཡོད་པའི་ས་ཆ་གང་ཏུའང་མུན་པ་གཏན་ནས་འབྱུང་མི་སྲིད། ང་ཚོའི་འཛམ་གླིང་དུ་ཞི་བདེས་ཡོངས་སུ་ཁྱབ་པ་དང་བྱམས་བརྩེའི་འོད་སྣང་གིས་ཕྱོགས་ནས་ཕྱོགས་སུ་ཁྱབ་ཐུབ་བོ།།


སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།



རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2017/4/4 བལྟ་ཀློག (22901)