བོད་ཀྱི་ཁྲོམ་རའི་དོ་དམ་རིག་པ་ནི་ཇི་ཞིག་ཡིན་འོས།

བོད་ཀྱི་ཁྲོམ་རའི་དོ་དམ་རིག་པ་ནི་ཇི་ཞིག་ཡིན་འོས།

བོད་ཀྱི་ཁྲོམ་རའི་དོ་དམ་རིག་པ་ནི་ཇི་ལྟ་བུ་ཞིག་ཡིན་འོས།

 ----------མི་འགྱུར་རྡོ་རྗེ།

དོན་ཚན་དང་པོ།

དང་པོ།ཁེ་ལས་ནི་མི་བུ་རང་གི་རིན་ཐང་ལྟ་བའི་མངོན་གྱུར་བྱེད་སྟངས་ཞིག་ཡིན།

ཁེ་ལས་པ་ཞིག་གིས་ཁེ་ལས་གང་ཞིག་གཉེར་ན་དེ་ནི་ཁྲོམ་རའི་དགོས་མཁོ་ལ་གཙོ་བོ་བསྟུན་དགོས་ཀྱང་དེ་བས་གལ་ཆེ་བ་ནི་མི་བུ་རང་གི་མཐར་ཐུག་གི་རིན་ཐང་ལྟ་བར་མཉམ་དུ་ཡོད་རྒྱུ་ཤུན་ཏུ་གལ་ཆེན་པོ་རེད།ཐོག་མར་རང་གི་ཁེ་ལས་ཤིག་གཉེར་སྐབས་ངའི་ཁེ་ལས་འདི་ཡི་མཐར་ཐུག་གི་དམིགས་བྱ་དེ་གང་ཡིན་ལྟ་དགོས།གལ་ཏེ་རང་གི་ཁེ་ལས་དེ་རང་གི་མཐར་ཐུག་གི་རིན་ཐང་ལྟ་བ་དང་འགལ་མེད་ན་རང་གི་ཁེ་ལས་ཀྱི་བརྒྱུད་རིམ་ཁྲོད་ནས་རང་གི་མི་ཚེའི་རིན་ཐང་སྐྱེད་པ་རེད་ལ་ཁེ་ལས་ཀྱི་བརྒྱུད་རིམ་ནི་རང་གི་མི་ཚེ་ཡི་རིན་ཐང་བཟོ་བསྐྲུན་བྱེད་པའམ་སྔར་ཡོད་ཀྱི་རིན་ཐང་དེ་མངོན་གྱུར་བྱེད་པའི་བརྒྱུད་རིམ་དེ་ཡིན་པ་རེད།དེ་ལྟར་མཐོང་ཚེ་རང་ཉིད་ལ་སྙིང་སྟོབས་སྐྱེས་པ་རེད།ཁེ་ལས་ཀྱི་སྟེང་ལ་ནུས་ཤུགས་ཡོད་ཚད་ཀྱིས་འབད་འབུངས་ཀྱང་བྱེད་ཐུབ་པ་རེད།

གལ་ཆེན་པོ་དེ་ནི་གཞན་པའི་མིག་ནང་དུ་ཁྱེད་ནི་ཁྱེད་ཀྱི་ཁེ་ལས་དེ་ཡིན་ངེས།གཞན་པས་ཁྱེད་ཀྱིས་ཇི་ལྟར་བསམ་པ་ཤེས་བྱེད་ཁོ་ན་ནི་ཁྱེད་ཀྱི་ཇི་ལྟར་སྒྲུབ་པ་དེ་ཡིན་པས་ན་ཁེ་ལས་པ་ཚོས་འཇིག་རྟེན་འདི་དང་ཁྱད་པར་རང་གི་སྤྱི་ཚོགས་སུ་རང་གི་སྣང་བརྙན་ཇི་ལྟ་བུ་ཞིག་འཇོག་བསམ་ན་ཁྱེད་ཀྱི་ཁེ་ལས་ཀྱི་ཕྱི་ནང་གསང་གསུམ་དེ་ལྟ་བུ་ཞིག་ཡིན་དགོས།ཡང་གཅིག་བཤད་ན།ཁེ་ལས་པས་ཇི་ལྟ་བའི་སྤྱི་ཚོགས་ཤིག་ལ་རང་ཉིད་སྨོན་ན་རང་གི་ཁེ་ལས་ནི་དེ་ལྟ་བའི་སྤྱི་ཚོགས་ཤིག་ཆགས་པའི་རྒྱུ་རུ་འགྱུར་བར་སྨོན་རྒྱུ་ནི་རང་གི་ཁེ་ལས་ལ་རྒྱལ་ཁ་ཐོབ་པའི་རྨང་གཞི་གལ་ཆེན་ཡིན།རྒྱུ་མཚན་གལ་སྲིད་རང་གི་ཁེ་ལས་ནི་རང་གི་མཐར་ཐུག་གི་དད་འདུན་ནམ་རིན་ཐང་ལྟ་བ་དང་མ་འགལ་ཚེ་དེས་ནམ་ཡང་ཁྱེད་ལ་མུ་མཐུད་འབད་རྩོན་བྱེད་པའི་སེམས་ཤུགས་དང་བདེ་སྐྱིད་བྱིན་པས་ཡིན།ཁྱེད་ཀྱི་མཐར་ཐུག་དད་འདུན་དེས་ཁྱེད་ཀྱི་ཁེ་ལས་ལ་ལམ་སྟོན་དང་རྒྱལ་ཁ་སྟེར་ངེས།

ཇི་ལྟར་ཞེ་ན།

ཁྱེད་ཀྱི་མཐར་ཐུག་གི་དད་འདུན་དེ་དག་གི་ཁོངས་སུ་ཁྱེད་རང་མི་བདེན་པ་ལྷུར་ལེན་བྱེད་མཁན་ཞིག་ཡིན་ན་ཨེ་འདོད།གཞན་ལ་ཕན་ཐོག་ནི་ཞིག་ཡིན་ན་ཨེ་འདོད།ཀུན་གྱི་བཀུར་བསྟི་བྱེད་སའི་མི་བུ་ཞིག་ཡིན་ན་ཨེ་འདོད།རྒྱུ་འབྲས་དང་དྲང་བདེན་ལ་བློ་དཀར་བ་ཞིག་ཡིན་ན་ཨེ་འདོད།ཀུན་ལ་བསམ་ཤེས་དང་རྟག་ཏུ་སློབ་སྦྱོང་གི་བློ་མིག་བཟུང་ནས་བཟང་ངན་ལ་བླངས་དོར་ཡོང་མཁན་ཞིག་ཡིན་ན་ཨེ་འདོད།གཞན་གྱི་ཚེ་སྲོག་དང་བདེ་ཐང་དེ་བཞིན་བདེ་སྐྱིད་ལ་འགན་ཁུར་མཁན་ཞིག་ཡིན་ན་ཨེ་འདོད།གལ་ཏེ་འདོད་ན།འདི་དག་ནི་ཁྱེད་ཀྱི་ཁེ་ལས་ཀྱི་རྒྱལ་ཁ་ལའང་མེད་དུ་མི་རུང་བའི་ཆ་རྐྱེན་ཡིན་ནོ།

ཅིའི་ཕྱིར་ཞེ་ན།

གཉིས་པ།མི་གཞི་དོ་དམ་ནི་ཁེ་ལས་དོ་དམ་གྱི་རྨང་གཞི་རེད།

དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅི་ནས་ཀྲུང་གོ་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་ཆེན་”ནུབ་ཕྱོགས་སྒོ་འབྱེད་ཆེན་མོ”་སྤེལ་བ་རེད།དེས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་བཟོ་གྲྭ་མང་བོ་ནང་འདྲེན་བྱེད་པར་སྐུལ་སློང་ཆེན་པོ་བྱས་པ་མ་ཟད་ཀྲུང་གོ་རྒྱལ་ཁབ་ཀྱི་ཐོན་རྫས་མང་བོ་ཕྱི་རྒྱལ་ཁྲོམ་ར་ཁག་ཏུ་བསྐྱལ་བ་རེད།སྐབས་དེར་ཀྲུང་གོ་བ་ནི་རྒྱུལ་ཁབ་དབུལ་བོ་ཞིག་ཡིན་པར་ཀུན་གྱིས་ངོས་འཛིན་ནའང་རྒྱལ་ཁབ་ཀུན་སྤྱོད་མེད་ས་ཞིག་ཡིན་པར་ངོས་འཛིན་པ་མ་རེད།རིམ་བཞིན་ཀྲུང་གོའི་བཟོ་གྲྭ་ཇེ་མང་སོང་བ་དང་ཀྲུང་གོའི་ཐོན་རྫས་རྒྱལ་སྤྱིའི་ཁྲོམ་ར་ཁག་ཏུ་ཇེ་མང་སོང་བ་དང་མཉམ་དུ་འཛམ་གླིང་གི་མི་མང་བོ་ཞིག་གིས་ཀྲུང་གོ་ནི་ཀུན་སྤྱོད་མེད་པའི་རྒྱལ་ཁབ་ཅིག་ལ་རིམ་བཞིན་ངོས་འཛིན་བྱས་པ་རེད།དེའི་རྒྱུ་མཚན་ནི་ཀྲུང་གོ་ནས་བཟོས་པའི་དངོས་རྫས་ཁག་གི་སྤུས་ཀ་ངན་ལ་རྫུན་བཟོ་མང་བ་དེ་བཞིན་ལྐོག་གཡོས་ངང་རྫས་འགྱུར་བཀོལ་བ་དང་གླ་བ་ལ་འདུག་རྩུབ་བྱེད་པ་སོགས་ཀྱི་དངོས་ཡོད་གནས་ཚུལ་ཕྱི་ལ་ཇེ་མངོན་ནས་ཇེ་མངོན་དུ་གྱུར་བས་རེད།དེ་ཕྱིར་ཀྲུང་གོ་ལ་མི་ཚེ་གང་བོར་འགྲོ་མ་མྱོང་བའི་མི་མང་བོ་ཞིག་གིས་ཀྱང་ཀྲུང་གོའི་ཅ་ལག་ཉོས་པའི་ཉམས་མྱོང་བརྒྱུད་ནས་ཀྲུང་གོ་མི་དམངས་ཀྱི་མི་གཞི་ལ་མཐོང་ཆུང་དང་ཡིད་མི་ཆེས་པར་གྱུར་བ་རེད།མཐར་འཛམ་གླིང་སྟེང་ལ་ཀྲུང་གོ་ཅ་ལག་ཇི་ལྟར་མང་ནའང་རྟགས་མ་གྲགས་ཅན་གཅིག་ཀྱང་ཡོང་དཀའ་ལ་མཐར་དངོས་ཟོག་ལེགས་པོ་ཉོ་བསམ་མཁན་དག་གིས་ཅ་ལག་ཅིག་བློར་བབ་ཀྱང་གལ་ཏེ་་”ཀྲུང་གོ་ནས་ལས་བཟོ་བྱས”ཞེས་པའི་རྟགས་དེ་མཐོང་ན་ཉོ་མི་འདོད་པའི་ཚོར་བ་སྟེར་བ་རེད།ཐ་ན་ཀྲུང་གོ་བ་རང་ཉིད་ཀྱིས་ཀྱང་རང་གི་རྒྱལ་ཁབ་ཀྱི་ཅ་ལག་ལ་མཐོང་ཆུང་བྱེད་པའི་ཚད་ལ་སླེབས་པ་རེད།འདི་ཡི་རྒྱུ་མཚན་ངོ་མ་དེ་གང་ལ་ཐུག་ཡོད་པ་རེད་ཟེར་ན་མི་གཞི་ཀུན་སྤྱོད་ལ་རག་ལས་ཡོད་པ་རེད།དངོས་རྫས་རྫུན་བཟོ་བྱེད་པ་དེ་ནི་མི་བདེན་པ་ལྷུར་ལེན་བྱེད་མཁན་ཞིག་མ་ཡིན་པས་རེད།གལ་ཏེ་མི་དེ་བདེན་པ་ལྷུར་ལེན་བྱེད་མཁན་ཞིག་ཡིན་ཚེ་དངོས་རྫས་རྫུན་བཟོ་བྱེད་པ་མ་རེད།རྒྱ་ལ་བྱས་ན་ཡང་དྲང་གཏམ་བཤད་པ་རེད།དེ་བཞིན་དུ་གལ་ཏེ་ཁོ་བོ་ནི་གཞན་པའི་མི་ཡི་ཚེ་སྲོག་ལ་འགན་ཁུར་བའི་ཁེ་ལས་པ་ཞིག་ཡིན་ཚེ་བདེ་ཐང་ལ་གནོད་པའི་རྫས་འགྱུར་སྤྱོད་པ་མ་རེད།

དེ་ཕྱིར་ཁེ་ལས་ནི་ཁེ་ལས་པའི་རང་གི་མི་གཞི་མངོན་སྟངས་ཤིག་ཡིན་ལ་ཁེ་ལས་དོ་དམ་ནི་མཐར་དེད་ན་མི་གཞི་དོ་དམ་དེ་རེད།

གལ་ཏེ་ང་ཚོ་བོད་པའི་ཁེ་ལས་པ་ཚོས་རང་གི་མི་གཞི་ལ་དོ་དམ་ལེགས་པོ་བྱས་ནས་ཐོན་རྫས་དག་མ་དང་སྤུས་ལེགས་དེ་བཞིན་དངོས་གནས་ཀྱི་སྐད་ཆ་བཤད་ཐུབ་ན་བོད་ལ་སྤྱི་ཚོགས་འཛད་སྤྱོད་རིམ་བཞིན་རྒྱབ་སྐྱོར་ཐོབ་ཐུབ་པ་རེད།དེ་འདྲ་མ་བྱས་པར་ངན་ཁར་ངན་འགྲོག་ན་བོད་ཀྱི་ཐོན་རྫས་བརྒྱུད་ནས་གཞན་པའི་མི་རིགས་ཀྱིས་བོད་ཀྱི་མི་གཞི་ལ་མཐོང་ཆུང་དང་རྡོག་རྫས་བྱེད་པའི་དུས་ཤིག་འུ་ཅག་གི་སྟེང་ལ་ཡོང་སྲིད།

ད་སྐབས་བོད་མི་རིགས་ཀྱི་ཁེ་ལས་པ་རྣམས་པས་བློ་ཐག་རྦད་ཆོད་ཀྱིས་ཁེ་ལས་གསར་འཛུགས་ལ་འབད་པ་བྱེད་ཀྱིན་འདུག།འདི་ནི་བླ་ན་མེད་པའི་བྱ་བཞགས་ཞིག་ཡིན་པས་བྱ་བཞགས་འདི་ནི་མི་རིགས་ཀྱི་སྣང་བརྙན་ལ་གནོད་པའི་ལོ་རྒྱུས་ཀྱི་ནག་ཐིག་ཅིག་ཏུ་ལོག་ཏུ་མི་འཇུག་རྒྱུ་ང་ཚོའི་འགན་ཁུར་ཡིན།ལྷག་པར་དུ་གལ་ཏེ་ང་ཚོ་རང་གི་ཐོན་རྫས་ལ་ནག་ནོག་གི་ལྷད་མ་འདྲེས་པར་བདེན་གཤིས་ཀྱིས་སྒོས་ནས་ཁེ་ལས་གཉེར་ན་མཐར་འཛད་སྤྱོད་པ་ཀུན་གྱིས་དགའ་བསུ་ཐོབ་ལ་ཐ་ན་བོད་ཀྱི་ཐོན་རྫས་ཡིན་པ་ཤེས་ན་ཀུན་ཀྱིས་མོས་གུས་ཡོད་ས་ཞིག་ཏུ་མི་འགྱུར་པའི་ངེས་པ་གཏན་ནས་མེད།དཔེར་ན།ཨ་མེ་རུ་ཁ་རྒྱལ་ཁབ་ནང་དུ་ཁྱིམ་སྤྱོད་ཅ་ལག་ཅིག་ལ་”ཨ་རུའི་ཚད་གཞི”རྟགས་ཅན་ཟེར་བ་ཞིག་ཡོད་པ་རེད།དེའི་སྤུས་ཀ་བཟང་ལ་ཚོང་ཡང་ཧ་ཅང་བཟང་བ་རེད།ཁོང་ཚོའི་རང་གི་བཅའ་ལག་ལ་དེ་འདྲའི་རྩིས་མཐོང་དང་ཡིད་ཆེས་དེ་བཞིན་ང་རྒྱལ་སྐྱེས་བཞིན་ཡོད།ཁོང་ཚོས་བསམ་པར་རང་གིས་རྒྱལ་ཁབ་ཀྱི་བཟོས་པ་དག་གཞན་ལས་ལེགས་སྙམ་པའི་ང་རྒྱལ་དེ་ཡོད་པ་རེད།གལ་ཏེ་ཅ་ལག་ཞིག་ལ་”ཀྲུང་གོའི་ཚད་གཞི”ཟེར་བ་ཞིག་ཡོད་ཚེ་མི་ཚོའི་ལྟར་སྣང་དེ་འདྲའི་སྤོབས་པ་སྐྱེས་བྱེད་ཅིག་ཡིན་མིན་ནི་ཐེ་ཚོམ་ཞིག་རེད།དེས་རྒྱུ་མཚན་ནི་སྤྱི་ཁྱབ་སྤྱོད་ལམ་གྱིས་ཀྲུང་གོའི་ཅ་ལག་ཡོངས་ལ་དེ་འདྲའི་སྣང་བརྙན་ངན་པ་ཞིག་བཟོས་ཡོད་པས་ཀྲུང་གོའི་ཅ་ལག་སྤུས་བཟང་དག་ཀྱང་ཚད་མཐོའི་ཁྲོམ་རར་འགྲོ་བར་གནོན་པ་ཚབ་ཆེན་བཟོས་ཡོད།

གསུམ་པ།ཁྲོམ་ར་ལ་དོ་དམ་བྱེད་ཐབས་ནི་མི་གཞི་ལ་དོ་དམ་བྱེད་ཐབས་རེད།

༡ཁེ་ལས་པས་ཐོན་སྐྱེད་བྱེད་མཁན་ལ་འགན་ཁུར་བ།

ཐོན་སྐྱེད་བྱེད་མཁན་གྱི་ཐོན་སྐྱེད་བྱེད་སྐབས་ཀྱི་བདེ་ཐང་དང་ཚོར་བ་དེ་བཞིན་བདེ་འཇགས་བཅས་ལ་འགན་ཁུར་རྒྱུ་ནི་ཁེ་ལས་པའི་འགན་ཁུར་དང་པོ་ཡིན།

དེ་དག་གི་ནང་དུ་ཐོན་སྐྱེད་བརྒྱུད་རིམ་ཁྲོད་དུ་འཕྲུལ་ཆས་བཀོལ་སྐབས་ཀྱི་བདེ་འཇགས།ཐོན་རྫས་ལས་སྣོན་སྐབས་ཀྱི་བདེ་ཐང་།ཁྱད་པར་རྫས་འགྱུར་རང་བཞིན་ཅན་གྱི་ཐོན་རྫས་ལས་སྐབས་དང་གླ་བ་ཚོའི་ཟ་མ་དང་ལུས་པོའི་འཕྲོད་བསྟེན།དེ་བཞིན་ངལ་གསོ་དང་ཁོར་ཡུག་གི་ཆ་རྐྱེན།མིའི་བར་གྱི་བརྩི་བཀུར་སོགས་གཙོ་བྱས་པའི་ལུས་སེམས་ཀྱི་བདེ་སྡུག་བཅས་ལ་ཟེར་བ་རེད།གལ་ཏེ་རང་གི་གླ་བའི་ཚེ་སྲོག་གི་བདེ་ཐང་དང་བདེ་འཇགས་དེ་བཞིན་བདེ་སྐྱིད་བཅས་ལ་ཡང་འགན་ཁུར་མ་ཐུབ་ཚེ་ཕྱི་རོལ་གྱི་འཛད་སྤྱོད་པའི་”བདེ་གསུམ”ལ་འགན་ཁུར་རྒྱུ་ནི་དེ་བས་ཀྱང་དཔེ་མི་སྲིད་པ་ཞིག་ཡིན་ངེས།

འདི་ནི་ཁེ་ལས་མུ་མཐུད་ནས་གནས་ཤིང་འཕེལ་ཐུབ་པའི་རྨང་གཞི་ཡིན།གལ་ཏེ།གླ་བ་ཚོ་ལ་གནད་དོན་བུད་ཚེ་ཁྱེད་རང་གིས་གྱོང་འཚབ་སྤྲོད་དགོས་པ་མ་ཟད་ལས་ཀ་ལ་ཡང་འཐུས་ཤོར་འགྲོ་བ་རེད།ཁྱད་པར་གླ་བའི་བདེ་གསུམ་ལ་འགན་མི་ཁུར་ན་གླ་བ་ཚོས་ཡང་ཁེ་ལས་ཀྱི་འཕེལ་རྒྱས་ལ་འགན་ཁུར་བ་མ་རེད།དེ་འདྲ་བྱས་ཚེ་མི་མང་བོ་བཀོལ་ནས་རྟོག་ཞིབ་བྱེད་དགོས་པ་མ་ཟད་གླ་བ་ཚོས་གནད་དོན་མཐོང་ཡང་དྲང་བོར་བཤད་པ་མ་རེད།དེ་བཞིན་ཁེ་ལས་ཀྱི་སྤྱིའི་མཁའ་དབུགས་རྫོག་བཟོ་བྱས་ནས་རིམ་བཞིན་གླ་ཆ་མཐོན་པོ་སྤྲད་ཀྱང་གླ་བ་འདུག་འདོད་པ་མ་རེད།

༢ཁེ་ལས་པས་འཛད་སྤྱོད་པ་ལ་འགན་ཁུར་བ།

ཐོག་མར་འཛད་སྤྱོད་པ་གང་ཡིན་ལ་མ་ལྟོས་པར་འཛད་སྤྱོད་པའི་བདེ་གསུམ་ལ་ནན་ཏན་གྱིས་འགན་ཁུར་རྒྱུ་ནི་ཁྲོམ་རའི་རྩ་དོན་དང་པོ་ཡིན།

གལ་ཏེ་ཐོན་རྫས་ཀྱིས་འཛད་སྤྱོད་པའི་བདེ་ཐང་།བདེ་འཇགས།དེ་བཞིན་བདེ་སྐྱིད་བཅས་ལ་གཏོར་བརླག་བྱས་ཚེ་ཁྲོམ་ར་རྦད་དེ་འཇིག་འགྲོ་བ་མ་ཟད་རྗེས་ཕྱོགས་ཐོན་རྫས་གང་ལས་ཀྱང་ཁྲོམ་རའི་འཛད་སྤྱོད་པས་ཡིད་ཆེས་བྱེད་དཀའ་བ་རེད།ཁྱད་པར་དུ་འཛད་སྤྱོད་པ་དག་ལ་ཅ་ལག་གི་རྒྱུ་སྤུས་དང་བཟོ་ལྟ་མཁོ་བ་མ་ཟད་དེ་བས་ཀྱང་གལ་ཆེ་བ་ནི་ཐོན་རྫས་ཀྱི་གཏམ་རྒྱུད་དམ་ཁེ་ལས་ཀྱི་རིག་གནས་རིན་ཐང་དེ་ཡིན་ངེས།དཔེར་ན།ཨ་མེ་རུ་ཁའི་ཡུལ་སྐོར་གྱོན་གོས་གྲགས་ཅན་༼Patagonia༽ནི་རིན་གོང་ཧ་ཅང་མཐོན་པོ་ཡིན་པ་རེད་འོན་ཀྱང་ཚོང་ལམ་ཤུན་ཏུ་ལེགས་པོ་ཡིན་པ་རེད།དེའི་རྒྱུ་རྐྱེན་གཅིག་ནི་ཚོང་ཁང་འདི་ཡིས་ཁོར་ཡུག་སྲུང་སྐྱོབ་དང་བདེ་ཐང་རྨང་གཞིར་བཟུང་ནས་རྒྱུ་བཅའ་གདེམ་གསེས་བྱས་ཡོད་པ་མ་ཟད་ལོ་རེར་ཨ་སྒོར་བྱེ་བ་མང་བོ་ཡིས་སྤྱི་ཚོགས་ལེགས་བསྒྱུར་ལ་འབད་པའི་ཁེ་ལས་པ་རྣམས་ལ་མ་རྩ་གཏོང་བཞིན་ཡོད་པ་རེད།ཁོང་ཚོའི་ཁེ་ལས་ཀྱི་རིན་ཐང་ལྟ་བ་འདི་དག་མཐོང་བས་འཛད་སྤྱོད་པ་མང་བོས་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་རེད།དེ་ཕྱིར་ཁེ་ལས་པའི་རང་གི་མི་གཞིར་དོ་དམ་བྱས་ནས་འཛད་སྤྱོད་པ་དང་སྤྱི་ཚོགས་ལ་ཐུགས་ཁུར་བྱེད་པ་ནི་མཐར་དེད་ན་རང་གི་ཁེ་ལས་ཁྲོམ་རར་རྒྱལ་ཁའི་ངང་དོ་དམ་བྱེད་སྟངས་ཀྱི་ཇ་ཡིག་ལྟ་བུར་གྱུར་བ་རེད།

༣ཁེ་ལས་པས་རང་གི་སྤྱི་ཚོགས་ལ་འགན་ཁུར་དགོས།

སྤྱི་ཚོགས་འགན་ཁུར་དང་ཁྲོམ་རའི་དགོས་མཁོ་གཉིས་ནི་ལྡོག་ཕྱོགས་ཤིག་མ་ཡིན་པར་དེ་གཉིས་ནི་ཡོངས་སུ་མཐུན་པོར་གནས་ཤིང་འཕེལ་ཐུབ།

གལ་ཏེ་ཁྱེད་རང་གིས་སྤྱི་ཚོགས་དགོས་མཁོ་ཐོག་མར་བཙལ་དེ་གཟོད་ཁྲོམ་རའི་དགོས་མཁོ་སྐོང་བ་བརྒྱུད་ནས་སྤྱི་ཚོགས་དགོས་མཁོ་སྐོང་ཐུབ་ན་དེ་ནི་ཆེས་ཡུན་བརྟན་ཐུབ་པའི་ཁེ་ལས་ཤིག་ཡིན་པ་གདོན་མི་ཟའོ།སྤྱི་ཚོགས་དགོས་མཁོ་སྐོང་བ་ཟེར་བ་ནི་ཇི་ལྟར་བྱས་ན་སྤྱི་ཚོགས་ཡོངས་ལ་ཞབས་ཞུ་སྒྲུབ་ཐུབ་ཐབས་ཤིག་ལ་ཟེར་བ་རེད།སྤྱི་ཚོགས་ཡོངས་ཀྱི་བདེ་ཐང་།བདེ་འཇགས།བདེ་སྐྱིད་ལ་འགན་ཁུར་གྱི་འདུ་ཤེས་དམིགས་སུ་བཟུང་ནས་ཁེ་ལས་གཉེར་ཐབས་ཤིག་ལ་ངོས་འཛིན་དགོས།འདི་ནི་སྤྱི་ཚོགས་ཁེ་ལས་ཀྱི་སྙིང་བོ་ཡང་རེད།

གོང་གི་དོན་ཚན་འདི་གསུམ་ལ་ཁེ་ལས་ཀྱི་རིག་གནས་སམ་རིན་ཐང་ལྟ་བ་ཟེར་བཞིན་ཡོད།ཁྲོམ་རའི་དོ་དམ་རིག་པའི་ཁྲོད་དུ་ཁེ་ལས་ཀྱི་རིག་གནས་ནི་ཁྲོམ་རའི་འཐབ་ཇུས་གལ་ཆེན་ཞིག་ལ་ངོས་འཛིན་བཞིན་ཡོད་མོད་ང་རང་གིས་དེ་ཙམ་དུ་མ་ཟད་འདི་ནི་བོད་ཀྱི་ཁེ་ལས་པ་ཡོང་ཀྱི་འགྱུར་དུ་མེད་པའི་མཐར་ཐུག་གི་དད་འདུན་དེ་ཡིན་དགོས་པར་འདོད་ཡོད།དེ་ཕྱིར་ང་རང་གིས་འདི་ནི་ཁྲོམ་རའི་དོ་དམ་རིག་པའི་རྨང་གཞིར་བཟུང་བ་ཡིན་ལ་ཁྲོམ་རའི་འཐབ་ཇུས་ཀྱི་ཁོངས་སུ་མ་བསྡུས་པ་ཡིན།འདི་ནི་ཆེས་ལེགས་པའི་ཁྲོམ་རའི་འཐབ་ཇུས་ཤིག་ཀྱང་ཡིན་པ་སྨྲོས་མ་དགོས་མོད་ཁྲོམ་རའི་འཐབ་ཇུས་ནི་ཁེ་ལས་ཀྱི་དམིགས་ཡུལ་འགྲུབ་ཆེད་བཀོལ་པའི་ཐབས་ཤེས་དག་ཡིན་པས་སྐབས་འགར་ཁྲོམ་རའི་དགོས་མཁོ་ལྟར་འཐབ་ཇུས་ལ་འགྱུར་བ་མང་བོ་གཏོང་ངེས་པ་རེད།དེ་བས་གོང་གི་དོན་ཚན་གསུམ་ནི་ཁྱེད་ཀྱི་ཁྲོམ་རའི་དམིགས་འབེན་གྱི་འཐབ་ཇུས་ལ་མ་ལྟོས་པར་ཁེ་ལས་ཀྱི་མཐར་ཐུག་གི་རིན་ཐང་ལྟ་བའམ་དད་འདུན་དུ་ངོས་བཟུང་ན་འགྲིག་གི་སྙམ་ནས་ཁེ་ལས་ཀྱི་སྤྱིའི་དོ་དམ་རིག་པ་ཞིག་ཏུ་ངོས་བཟུང་པ་ཡིན།།སྤྱིར་ཁེ་ལས་ཀྱི་རིན་ཐང་ལྟ་བ་ནི་ཁེ་ལས་པའི་མཐར་ཐུག་གི་རིན་ཐང་ལྟ་བ་དེ་ཡིན་པས་འགྱུར་མི་རུང་བ་ཞིག་རེད་སྙམ།མ་ཟད་དད་འདུན་འདི་གསུམ་ནི་རྒྱལ་ཁ་ལྡན་པའི་ཁེ་ལས་གང་ཞིག་ཡིན་ཀྱང་རྨང་གཞིར་གྱུར་ཡོད་ལ་འཐབ་ཇུས་ཀུན་ལས་ཀྱང་མཆོག་དུ་གྱུར་ཡོད་པ་ཞིག་ཡིན་པ་གོང་སྨྲོས་ཀྱི་དཔེ་བརྗོད་དེ་དག་གིས་ར་སྤྲོད་པ་ལྟ་བུ་རེད།

དོན་ཚན་གཉིས་པ།

ཁྲོམ་རའི་འཐབ་ཇུས།

ཁྲོམ་རའི་འཐབ་ཇུས་ནི་ཁྲོམ་རའི་དོ་དམ་རིག་པའི་ཆེས་གལ་ཆེན་གྱི་ཆ་དེ་ཡིན་ལ་དེ་ནི་ཁྱེད་ཀྱི་ཐོན་རྫས་དེ་ཇི་ལྟར་ཁྲོམ་རར་དར་ཁྱབ་གཏོང་བའམ་ཇི་ལྟར་འཛད་སྤྱོད་པར་་དང་ལེན་བྱེད་དུ་འཇུག་ཐབས་ཀྱི་ཐབས་ཇུས་དེ་ལ་ཟེར་བ་རེད།

༡ཁྲོམ་རའི་དགོས་མཁོ་ངོས་འཛིན་བྱེད་པ།

ཐོག་མར་འཛད་སྤྱོད་ཁྲོམ་རའི་དགོས་མཁོ་གང་ཡིན་དེ་འཚོལ་རྒྱུ་གལ་ཆེན་རེད།གལ་ཏེ་ཐོན་རྫས་ཤིག་ལ་འཛད་སྤྱོད་པ་མེད་ཚེ་ཁྱེད་ཀྱི་ཁེ་ལས་འཇིག་ཟིན་པ་རེད།དེ་ཕྱིར་རིམ་པ་དང་པོ་འདི་ལ་ཁྲོམ་རའི་དགོས་མཁོ་ངོས་འཛིན་གྱི་རིམ་པ་ཟེར་བ་རེད།དགོས་མཁོ་ལ་རིགས་གཉིས་ཡོད་དེ་ད་ཡོད་ཀྱི་དགོས་མཁོ་དང་འབྱུང་འགྱུར་གྱི་དགོས་མཁོ་གཉིས་ཡོད།ད་ཡོད་ཀྱི་དགོས་མཁོ་ནི་ད་བར་སྤྱི་ཚོགས་ཁྲོམ་རར་དགོས་མཁོ་ཆེ་ལ་དེ་ཕྱོགས་ཀྱི་ཐོན་རྫས་ཡོད་པ་ཞིག་ལ་ཁྱེད་ཀྱིས་འགྲན་རྩོད་བྱེད་པ་དེ་རེད།འབྱུང་འགྱུར་གྱི་དགོས་མཁོ་ནི་ད་བར་ཁྲོམ་ར་ལ་དགོས་མཁོ་དེ་སྐོང་བྱེད་ཀྱི་ཐོན་རྫས་མེད་པའམ་ཐ་ན་དེའི་དགོས་མཁོ་ཡོད་མེད་འཛད་སྤྱོད་པ་རང་གིས་ཀྱང་མ་ཚོར་བའི་རིགས་དེ་དག་ཡིན།གལ་ཏེ་ཁྱེད་རང་ད་ཡོད་དགོས་མཁོའི་ཁྲོམ་རར་ཞུགས་པ་ཡིན་ན་འགྲན་རྩོད་ཆེ་ལ་རང་ཉིད་ཀྱི་ཁྱད་ཆོས་བླ་མེད་དགོས་པ་རེད།གལ་ཏེ་ཁྱེད་འབྱུང་འགྱུར་དགོས་མཁོའི་ཁྲོམ་ར་ལ་ཞུགས་ཚེ་ཁྱེད་ཀྱིས་དགོས་མཁོ་དེ་འཛད་སྤྱོད་པར་ངོ་སྤྲོད་བྱེད་དགོས་པ་མ་ཟད་ལྷག་པར་དུ་གསར་གཏོད་དེ་ལ་རིན་ཐང་གསར་བ་ཞིག་བསྐྲུན་ཐུབ་དགོས།གང་ལྟར་དང་ཐོགཁྱེད་རང་གིས་ཁེ་ལས་རིགས་ཤིག་འགོ་འཛིན་སྐབས་རང་ཉིད་རིགས་འདི་གཉིས་ཀྱི་གང་ཡིན་པ་དང་རང་གི་ཞབས་ཞུ་སྒྲུབ་ཡུལ་གྱི་འཛད་སྤྱོད་པ་དེ་རིགས་གང་ཡིན་པ་ངེས་པར་དུ་ཤེས་དགོས།ཁྱད་པར་ད་ཡོད་དགོས་མཁའི་ཁྲོམ་ར་དང་འབྱུང་འགྱུར་དགོས་མཁའི་ཁྲོམ་ར་གང་ལ་ཞུགས་ཀྱང་རང་གི་འགྲན་ཡ་གང་ཡིན་ཤེས་རྒྱུ་ནི་གནད་འགག་ཡིན།རང་གི་འགྲན་ཡ་དང་བསྡུར་ན་རང་ཉིད་ལ་ལྟོས་མེད་ཀྱིས་མཐུན་རྐྱེན་༼绝对优势༽དང་ལྟོས་བཅས་ཀྱི་མཐུན་རྐྱེན་༼相对优势༽གང་ཞིག་ཚང་ཡོད་མེད་ལ་ངོས་འཛིན་ལེགས་པོ་གནང་རྒྱུ་ནི་ཤུན་ཏུ་གལ་ཆེ།ལྟོས་མེད་ཀྱི་མཐུན་རྐྱེན་ནི་གཞན་ལ་ཇི་ལྟར་བྱས་ཀྱང་དེའི་ཆ་རྐྱེན་མི་ལྡན་པ།ལྟོས་བཅས་མཐུན་རྐྱེན་ནི་གཞན་གྱིས་ཁྱེད་ལས་ལྷག་པའི་གོ་སྐབས་གྱོང་རྒུད་མ་ཁུར་ན་ཐོབ་མི་ཐུབ་པའི་ཆ་རྐྱེན་དེ་ལ་ཟེར་བ་རེད།གོ་སྐབས་གྱོང་རྐུད་ཟེར་བ་ནི་དངོས་པོ་ཞིག་ཐོབ་ཐུབ་ཆེད་གོ་སྐབས་གཞན་པ་ཞིག་བརླགས་པའི་གྱོང་རྒུད་ལ་ཟེར་བ་རེད།དཔེར་ན་ངས་ཀུ་ཤའི་ཁ་པར་ཉོ་ཐུབ་ཆེད་ཡུལ་སྐོར་ལ་མ་སོང་ན་ཀུ་ཤུ་ཁ་པར་གྱིས་ང་ལ་བཟོས་པའི་གོ་སྐབས་གྱོང་རྒུད་ནི་ཡུལ་སྐོར་ལ་འགྲོ་བའི་གོ་སྐབས་དེ་རེད།མཐར་དེད་ན་མ་གཞི་ཡུལ་སྐོར་ལ་གཏོང་བའི་འགྲོ་སོང་གྱིས་ཀུ་ཤུའི་ཁ་པར་ཉོས་པ་རེད།དེ་ཕྱིར་རང་ཉིད་དང་འགྲན་ཡ་གཉིས་བསྡུར་ཚེ་ལྟོས་བཅས་དང་ལྟོས་མེད་ཀྱི་མཐུན་རྐྱེན་གང་ཞིག་རང་ལ་ཡོད་པ་དང་རང་གིས་གོ་སྐབས་གྱོང་རྒུད་ཅི་ཞིག་ཁུར་དགོས་པར་ངེས་ཤེས་རྙེད་དགོས།

༢རང་གི་ཐོན་རྫས་དེ་གཞན་རྣམས་ལས་མཆོག་དུ་བརྒལ་བ།

ཁྱད་པར་དུ་ད་ཡོད་དགོས་མཁོའི་ཁྲོམ་རར་ཞུགས་ཚེ་ཁྱེད་ཀྱི་ངེས་པར་དུ་ཁྱེད་ཀྱི་ཐོན་རྫས་དེ་གཞན་ལས་མཆོག་ཏུ་གྱུར་བའི་ཆ་ཞིག་ཡོད་དགོས་ལ་མཆོག་གྱུར་གྱི་ཆ་དེ་འཛད་སྤྱོད་པར་འདོད་མཁོ་ཡོད་པའི་རིགས་ཤིག་ཡིན་དགོས།དེ་དག་ནི་དཔེར་ན་ཁྱེད་ཀྱི་ཐོན་རྫས་ཀྱི་རིག་གནས་ལྟ་བ་དེ་ཡིན་ཆོག།དཔེར་ན།ཁྱེད་ཀྱིས་གླ་བ་ལ་བརྩི་བཀུར་བྱེད་སྟངས།ཐོན་རྫས་དེ་ཐོན་སྐྱེད་བྱེད་དགོས་པའི་གཏམ་རྒྱུད་སོགས་ཡིན་ཆོག།ཡང་ན་དེ་དག་ནི་ཐོན་རྫས་ཀྱི་སྤུས་ཀ་དང་རྫས་འགྱུར་གྱི་ལྷད་མ་འདྲེས་པའི་ཆ་སོགས་ཡིན་ཆོག་པ་མ་ཟད་བཟོ་བཀོད་དང་སྟབས་བདེ་དེ་བཞིན་རིན་གོང་ཆེ་ཆུང་སོགས་གང་ཡང་ཡིན་ཆོག།དེ་ཕྱིར་རང་ཉིད་ཀྱི་ཁྲོམ་རའི་ཁ་གཏད་ས་གང་ཡིན་ཤེས་རྒྱུ་གལ་ཆེ་བ་ཟད་དེ་དག་གིས་ཅིའི་ཕྱིར་ཁྱེད་ཀྱི་ཐོན་རྫས་ཉོ་དགོས་པའི་རྒྱུ་མཚན་གསལ་ཐག་ཆོད་པ་ཡོད་རྒྱུ་ཤུན་ཏུ་གལ་ཆེན་ཡིན།

༣ཁྱེད་ཀྱི་འཛད་སྤྱོད་པ་སུ་ཡིན་ཤེས་དགོས།

ཁྱེད་ཀྱི་འཛད་སྤྱོད་པ་རྣམས་ནི་ཐོག་མར་ཉོ་མཁན་རྣམས་རེད་དམ།སྔོན་ཆད་ཉོ་མྱོང་མཁན་ནམ་རེད་དམ།ཁོང་ཚོའི་ཁྱེད་ཀྱི་ཐོན་རྫས་ཉོ་དགོས་པའི་རྒྱུ་མཚན།དེ་དག་གི་ལོ་ཚད་དང་རིག་གནས་རྒྱབ་ལྗོངས།ཁྱད་པར་དུ་ཁོང་ཚོའི་སེམས་ཁམས་ཇི་ལྟ་བུ་ཞིག་བཟུང་ནས་ཁྱེད་ཀྱི་ཐོན་རྫས་འཛད་སྤྱོད་བྱེད་ཀྱིན་ཡོད་པ་ཤེས་རྒྱུ་ནི་གནད་དམ་པ་རེད།དཔེར་ན་ཨ་མེ་རུ་ཁའི་མི་མང་བོ་ཞིག་གིས་༼WholeFood༽རྟགས་ཅན་གྱི་ཚོང་ཁང་ནང་ནས་སྔོ་ཚལ་དག་ཉོ་དགོས་པའི་རྒྱུ་མཚན་ནི་དེ་དག་གི་སྔ་ཚལ་ཚང་མ་རྫས་སྨན་བརྒྱབ་མེད་པས་རེད།ཡང་ཨ་རུའི་མི་མང་བོ་ཞིག་གིས་༼Potagonia༽རྟགས་ཅན་གྱི་གྱོན་ཆས་ལ་རྒྱབ་སྐྱོར་བྱེད་དོན་ནི་ཚོང་ཁང་འདིས་ཁོར་ཡུག་སྲུང་སྐྱོབ་དང་སྤྱི་ཚོགས་ཁེ་ལས་ལ་གཞོགས་འདེགས་བྱེད་བཞིན་ཡོད་པས་རེད།ཡང་མི་མང་བོ་ཞིག་གིས་༼Rolex༽དུས་ཚོད་ལྟ་བའི་ཚོང་རྟགས་གྲགས་ཆེན་འཛད་སྤྱོད་བྱེད་པ་ནི་རང་གི་སྤྱི་ཚོགས་ཀྱི་གོ་གནས་ངོམ་ཆེད་ཡིན་ལ་ཡང་ལ་ལ་ཞིག་གིས་༼Walmart༽ནས་འཛད་སྤྱོད་བྱེད་པ་དེ་རིན་གོང་སླ་བས་རེད།དེ་ཕྱིར་ཁོང་ཚོས་ཁྱེད་ཀྱི་ཐོན་རྫས་ཉོ་དགོས་དོན་དེ་གང་རེད་ཤེས་རྒྱུ་དང་ཁོང་ཚོའི་ལོ་ཚོད་དང་རྒྱབ་ལྗོངས་སོགས་ཤེས་རྒྱུ་ནི་ཁྲོམ་རའི་དོ་དམ་ལ་མེད་དུ་མི་རུང་བའི་རྨང་གཞི་ཡིན་ནོ།

༤རང་གི་ཐོན་རྫས་ལ་དམིགས་འབེན་གསལ་བོ་ཡོད་དགོས།

རང་གི་ཐོན་རྫས་ལ་ངེས་པར་དུ་དམིགས་འབེན་འཛད་སྤྱོད་པ་ཡོད་དགོས།གལ་ཏེ་ཁྱེད་ཀྱི་ཐོན་རྫས་ནི་ཡོད་ཚད་ལ་ཁ་ཕྱོགས་དགོས་ཟེར་ན་དེ་ནི་དཔེ་མི་སྲིད་པ་ཞིག་རེད།གལ་ཏེ་ཁྱེད་ཀྱི་ཐོན་རྫས་ལ་རིམ་བཞིན་གྱི་ཁྲོམ་ར་ཞིག་ཆགས་ཡོང་ཚེ་རིམ་བཞིན་གྱིས་འཛད་སྤྱོད་པའི་རིགས་ཤིག་ཆགས་ཡོང་ངེས།དེ་དག་ལ་ཞིབ་འཇུག་བྱས་ཚེ་དབྱིབས་ཚོད་ཀྱིརྣམ་པ་ཞིག་ཆགས་ཡོང་།ལོ་ཚོད་ཀྱི་ཕྱོགས་ཡིན་ན་འདྲ་རིག་གནས་རྒྱབ་ལྗོངས་ཀྱི་ཕྱོགས་ཤིག་ཡིན་ནའང་འདྲ།དེ་མིན་བཟོ་ལྟའི་འགའ་ཕྱོགས་སོགས་གང་ཡིན་རུང་རིམ་བཞིན་གྱིས་འཛད་སྤྱོད་པའི་ནང་དུ་རིགས་འདྲའི་ཕྱོགས་ཤིག་ཆགས་ཡོང་ངེས།དེ་དག་ནི་ཁྱེད་ལ་གློ་བ་རིང་བའི་འཛད་སྤྱོད་པ་ཡིན་ངེས་པས་དེ་དག་གཙོར་བཟུང་ནས་ཐོན་རྫས་ལ་བཟོ་བཅོས་དང་ལེགས་བསྒྱུར་དེ་བཞིན་གཏམ་རྒྱུད་དང་སྣང་བརྙང་བཟོ་བསྐྲུན་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་ལས་མི་ཡོད་ཚད་ལ་ཁ་ཕྱོགས་དགོས་ཟེར་ན་ཧ་ཅང་ཡོང་དཀའ་བ་མ་ཟད་མཐར་ཁ་ཕྱོགས་ངེས་མེད་དུ་ཆགས་ནས་སྔར་ཡོད་ཀྱི་འཛད་སྤྱོད་པ་ཤོར་བའི་ཉེན་ཁ་ཤུན་ཏུ་ཆེ།གང་ལྟར་ཁྱེད་ཀྱིས་རང་གི་ཁྲོམ་རའི་གནས་བབ་ལ་ལྟོས་ནས་ཁ་ཕྱོགས་ལ་འགྱུར་བ་བཏང་ཆོག་པ་རེད་ལ་དེ་གལ་ཆེན་པོའང་རེད།འོན་ཀྱང་ཡོངས་རྫོགས་ལ་ཁ་ཕྱོགས་རྒྱུ་ནི་ཧམ་སེམས་ཤིག་ཡིན་པ་ལས་ཐབས་ལམ་ཞིག་མིན་པ་ཤེས་དགོས།

༥གསེར་ས་ལ་སྤས་དུས་རིན་ཐང་མེད།གསེར་ཁྲོམ་ལ་ཐོན་དུས་རིན་ཐང་རེད།

ཁྱེད་ཀྱིས་ཐོན་རྫས་དེ་ཇི་ལྟར་སྤུས་ཀ་བཟང་པོ།བཟོ་ལྟ་ལེགས་པོ།གཏམ་རྒྱུད་སྙན་མོ་བཅས་ཡིན་ནའང་གལ་ཏེ་འཛད་སྤྱོད་ཁྲོམ་རའི་གོ་ཚོར་རིག་གསུམ་བྱེད་མི་ཐུབ་པ་ཡིན་ན་རིན་ཐང་ཇི་ཡང་ཡོད་པ་མ་རེད།ཐོན་རྫས་ཀྱི་རིན་ཐང་ནི་འཛད་སྤྱོད་པའི་དང་ལེན་གྱིས་བསྐྲུན་པ་རེད།དེ་ཕྱིར་ཁྱེད་ཀྱིས་ཆ་འཕྲིན་དང་སྤྱི་འབྲེལ་བརྒྱུད་ནས་རྒྱ་ཆའི་འཛད་སྤྱོད་པ་ལ་ཁྱེད་ཀྱི་ཐོན་རྫས་ཀྱི་དགེ་མཚན་དང་ཁྱད་ཆོས་དེ་བཞིན་ལྟག་རྒྱབ་ཀྱི་རིག་གནས་རིན་ཐང་སོགས་ཤེས་སུ་འཇུག་རྒྱུ་ནི་ཁྲོམ་ར་འཚོལ་སྙེག་གི་སྲོག་རྩ་ལྟ་བུ་རེད།ཁྱད་པར་དུ་ཐོན་རྫས་ཀྱི་སྣང་བརྙན་བཟོ་བསྐྲུན་བྱེད་པ་བརྒྱུད་ནས་འཛད་སྤྱོད་པའི་བག་ཆགས་ལ་དོ་དམ་ལེགས་པོ་ཡོང་རྒྱུ་ནི་ཁྲོམ་རེའི་ཁྲོད་ཐོན་རྫས་ལ་རིན་ཐང་ཡོད་ཐུབ་མིན་དང་ཡང་ན་ཐོན་རྫས་ཀྱིས་ཁྲོམ་ར་ཟིན་མི་ཟིན་གྱི་རྟེན་གཞི་ལྟ་བུ་རེད།དཔེར་ན་འཛམ་གླིང་གི་ཚོང་རྟགས་གྲགས་ཅན་མང་བོ་ཞིག་གིས་འབད་རྩོན་མང་བོ་བྱས་ནས་རང་གི་ཐོན་རྫས་དེ་ཀུན་ལ་ཤེས་སུ་བཅུག་པ་རེད།དེའི་བརྒྱུད་རིམ་ནི་སྒྱུ་རྩལ་ཞིག་ཡིན།མིའི་བག་ཆགས་ལ་དོ་དམ་དང་སྟངས་འཛིན་བྱེད་པའི་སྒྱུ་རྩལ་ཞིག་ཡིན།ཁྱད་པར་དུ་ཐོན་རྫས་མང་བོ་ཞིག་གི་རིན་ཐང་ནི་རིག་གནས་གསར་བཟོ་ལ་བརྟེན་ནས་གྲུབ་པ་རེད།ཉིན་རེའི་འཚོ་བར་ངེས་པར་མཁོ་བ་མ་ཡིན་པའི་ཐོན་རྫས་ཚང་མའི་རིན་ཐང་ནི་འདོད་པ་གསར་བ་བསྐྲུན་པའི་འབྲས་བུ་ཡིན།དཔེར་ན་བཟོ་ལྟ་གསར་བའི་ཁྲོམ་ར་ལྟ་བུ་ཡིན་ན་ཡོངས་རྫོགས་ནི་ཀུན་ལ་ཁྱད་མཚར་རམ་གསར་གཏོད་ཅིག་ངོ་སྤྲོད་བྱས་ནས་མི་ཚོའི་རང་ཉིད་ཁྱད་པར་བ་ཡིན་པ་དེ་མཚོན་ཐུབ་ན་སྙམ་པའི་འདོད་བློ་དེ་སྐོང་བཞིན་པ་རེད།ཡང་དཔེར་ན་ཤར་ཕྱོགས་པ་ཚོས་ཁོ་ཧྥུས་སམ་ཚིག་ཇ་འཐུང་བ་ནི་དེའི་བྲོ་བ་ལ་དགའ་བ་མ་ཡིན་པར་དེའི་ཕག་གི་རིག་གནས་འཚོ་བ་ཡི་མཚོན་དོན་དང་སྣང་བརྙན་ལ་དགའ་བ་ཡོད་པས་རེད།དེ་ནི་དེང་རབས་ཀྱི་ངོ་བོ་མཚོན་བྱེད་ཅིག་ཏུ་ཆགས་ཡོད་པ་ལྟ་བུ་རེད།འདི་དག་ཚང་མ་ནི་ཐོན་རྫས་ཀྱི་མཚོན་དོན་ལ་དོ་དམ་ལེགས་པོ་བརྒྱུད་ནས་ཁྲོམ་རར་དྲིལ་བསྒྲགས་བྱེད་ཐུབ་སོང་བས་རེད།འདི་ནི་མེད་ཀྱང་ཆོག་པའི་ཐོན་རྫས་ཤིག་ལ་རིམ་བཞིན་རིན་ཐང་བཟོ་བཞེངས་བྱེད་པ་བརྒྱུད་ནས་གྲོང་ཁྱེར་གྱི་མི་མང་བོ་ཞིག་གི་མེད་དུ་མི་རུང་བའི་འཚོ་བའི་གྲུབ་ཆར་བསྒྱུར་བ་རེད།འདི་ལ་ཁྲོམ་རའི་རིན་ཐང་གསར་བཟོ་ཟེར་བ་རེད།མཐར་དེད་ན་འཛད་སྤྱོད་པ་རྣམས་ལ་འཚོ་བ་རོལ་ཐབས་ཤིག་ངོ་སྤྲོད་བྱས།དེའི་མཚོན་དོན་དང་རིག་གནས་ལྟ་ཚུལ་སོགས་ཕྱི་བསྒྲགས་བྱས།དེ་ནས་འཛད་སྤྱོད་པ་ལ་དེའི་འདོད་པ་བསླངས།མཐར་དེ་ལ་དང་ལེན་དང་འཛད་སྤྱོད་བྱེད་པའི་གོམ་གཤིས་ཆགས་སུ་བཅུག་པ་དེ་རེད།

༦བག་ཆགས་དོ་དམ།

ཐོན་རྫས་ཤིག་གི་ཁྲོམ་ར་གནས་ཤིང་དར་དགོས་ན་འཛད་སྤྱོད་པ་ལ་བརྟེན་དགོས།འཛད་སྤྱོད་པའི་དགོས་འདོད།རྒྱབ་སྐྱོར།དགའ་མགུ་བཅས་ཡོད་རྒྱུ་ནི་གཞི་རྩ་ལྟ་བ་ཡིན།དེ་བས་འཛད་སྤྱོད་པའི་ཐོན་རྫས་འཛད་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་བག་ཆགས་ལ་དོ་དམ་བྱེད་ཐུབ་མིན་ནི་ཡོད་ཚད་ཀྱི་རྨང་གཞི་ཡིན།

འཛད་སྤྱོད་པའི་ཁྱེད་ཀྱི་ཐོན་རྫས་ལ་ཡུན་རིང་གིས་འཛད་སྤྱོད་དང་རྒྱབ་སྐྱོར་བྱེད་པར་ཆ་རྐྱེན་གསུམ་ངེས་པར་ཚང་དགོས།

དང་པོ་ནི་དགོས་འདོད་རེད།འཛད་སྤྱོད་པའི་ཁྱེད་ཀྱིས་ཐོན་རྫས་ཉོ་བར་ངེས་པར་དུ་དེའི་དགོས་འདོད་ཡོད་པས་ཡིན་དགོས།གལ་ཏེ་ཁྱེད་ཀྱི་ཐོན་རྫས་ནི་འཛད་སྤྱོད་པའི་དགོས་པ་དང་འདོད་པར་ཁ་ཕྱོགས་ཡོད་པ་ཡིན་ན་ད་གཟོད་ཁོང་ཚོ་ནི་ཁྱེད་ཀྱི་ཡུན་རིང་གི་འཛད་སྤྱོད་པར་འགྱུར་པ་རེད།

གཉིས་པ་ནི་རྒྱབ་སྐྱོར་རེད།འཛད་སྤྱོད་པ་རྣམས་ཀྱིས་ཁྲོད་དུ་ལ་ལས་ཁྱེད་ཀྱི་ཐོན་རྫས་ཉོ་བ་ནི་ཐོན་རྫས་དེའི་དགོས་འདོད་ཡོད་པ་ཙམ་གྱིས་མ་ཡིན་པར་ཁྱེད་ཀྱི་མི་གཞི་དེ་དང་ཐོན་རྫས་ཀྱི་རིག་གནས་ལྟ་བ་ལ་རྒྱབ་སྐྱོར་བྱེད་ཆེད་ཡིན་མཁན་ཡོད་པ་རེད།དཔེར་ན།ང་ཚོ་ལྷ་གཡག་ཐོན་རྫས་ཀྱི་འཛད་སྤྱོད་པ་ཚོས་ཁྲོད་དུ་མང་བོ་ཞིག་གིས་བོད་ཀྱི་ས་གནས་ཐོན་ལས་ལ་རྒྱབ་སྐྱོར་བྱེད་ཆེད་དང་ལྷ་གཡག་གི་རིག་གནས་ལངས་ཕྱོགས་ལ་རྒྱབ་སྐྱོར་ཆེད་འཛད་སྤྱོད་བྱེད་མཁན་ཡང་མང་བོ་ཡོད།

གསུམ་པ་ནི་དགའ་མགུ་རེད།དེ་ནི་འཛད་སྤྱོད་པས་ཐོན་རྫས་ཤིག་འཛད་སྤྱོད་བྱེད་སྐབས་ཐོབ་པའི་ཞབས་ཞུ་ཡི་སྤུས་ཀ་དང་ཐོན་རྫས་དེས་འཛད་སྤྱོད་པའི་འདོད་པ་སྐོང་ཐུབ་ཚད།ཐོན་རྫས་ཉོས་རྗེས་ཀྱི་འཛད་སྤྱོད་བརྒྱུད་རིམ་ཁྲོད་དུ་ཐོན་རྫས་ཀྱིས་སྟེར་བའི་བག་ཆགས་དཔེར་ན་སྤུས་ཀ་བཟང་མིན་དང་བདག་སྐྱོང་བྱེད་དཀའ་མིན་དེ་བཞིན་རྟགས་མ་དེའི་རིམ་བཞིན་སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན་གྱི་བཟང་ངན་སོགས་ཡོད་ཚད་ཀྱིས་འཛད་སྤྱོད་པ་དགའ་མགུ་ག་ཚོད་ཅིག་བསྐྲུན་ཐུབ་ཡོད་པའི་ཆ་དེ་ལ་ཟེར་བ་རེད།


མཇུག་གཏམ།

སྤྱིར་བོད་ཀྱི་ཁྲོམ་རའི་དོ་དམ་རིག་པ་ནི་ཇི་ལྟ་བུ་ཞིག་ཡིན་དགོས་ཟེར་བ་ནི་ང་ལ་མཚོན་ན་དྲི་བ་གལ་ཆེན་ཞིག་རེད།དེ་ནི་བོད་ཀྱི་ཁེ་ལས་པ་སོ་སོ་ཡིས་ངེས་པར་དུ་བྱེ་བྲག་ལས་ཀ་ཡོངས་ལ་ཁྱབ་པའི་་ཁྲོམ་རའི་དོ་དམ་བྱེད་ཐབས་དང་འཐབ་ཇུས་ཤིག་བཟོ་རྒྱུ་དེ་མ་ཡིན་ཀྱང་ང་ཚོ་ལ་སྤྱི་ཡོངས་ཀྱི་རིན་ཐང་ལྟ་བའི་ཁ་ཕྱོགས་ཤིག་གམ་རིག་གནས་ཀྱི་དད་འདུན་ཞིག་ཡོད་ན་ཤུན་ཏུ་བཟང་གི་སྙམ་པ་ཡིན།

མཇུག་མཐར་དེ་རིང་གི་འཛམ་གླིང་སྐྱེས་མའི་དུས་ཆེན་ལ་རྟེན་འབྲེལ་ཞུ་ཞིང་བོད་ཀྱི་སྐྱེས་མའི་ཁེ་ལས་ཀྱི་དཔུང་ཤུགས་སྔར་ལས་ཡར་དར་ཡར་རྒྱས་ཡོང་ཤོག།


རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2017/4/5 བལྟ་ཀློག (19294)