▶འབྲུག་ཡུལ་གྱི་དཔལ་འབྱོར་འཕར་ཚད་ཨེ་ཤ་ཡའི་མགྱོགས་ཤོས་སུ་གྱུར་བ།

  འབྲུག་ཡུལ་ནི་གླིང་ཆེན་ཨེ་ཤ་ཡའི་ནང་ནས་དཔལ་འབྱོར་འཕེལ་རྒྱས་འགྲོ་མགྱོགས་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་པ་རེད།

     དེ་ཡང་ཨེ་ཤ་ཡའི་འཕེལ་རྒྱས་དངུལ་ཁང་གིས་ཡོངས་བསྒྲགས་བྱས་པའི་སྙན་ཞུའི་ནང་། འབྲུག་ཡུལ་ནི་གླིང་ཆེན་ཨེ་ཤ་ཡའི་ནང་ནས་དཔལ་འབྱོར་འཕེལ་རྒྱས་འགྲོ་མགྱོགས་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་པ་དང་། ༢༠༡༧ལོའི་འབྲུག་ཡུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་གཞི་དེ་འབྲུག་ཡུལ་དུ་མིག་སྔར་ཚ་ཚ་འུར་འུར་ངང་འཛུགས་སྐྲུན་བྱེད་བཞིན་པའི་ཆུ་ཤུགས་གློག་ཁང་གི་རྨང་གཞིའི་སྟེང་གཞིར་བཞག་བྱ་རྒྱུ་ཡིན་པ་དང་། ༢༠༡༨ལོར་གློག་ཁང་དེ་ནས་གློག་མཁོ་འདོན་དངོས་སུ་བྱ་རྒྱུ་ཡིན་པ་དེས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་འགྲོ་རྒྱུ་ཡིན་པ་རེད།

     ཨེ་ཤ་ཡའི་འཛུགས་སྐྲུན་དངུལ་ཁང་གིས་ཟླ་བ་འདིའི་ནང་ཡོངས་བསྒྲགས་བྱས་པའི་སྙན་ཞུའི་ནང་༢༠༡༧ལོའི་འབྲུག་ཡུལ་གྱི་ལོ་འཁོར་མོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་གཞི་དེ་བརྒྱ་ཆ་༨.༢ཟིན་པ་དང་། ༢༠༡༨ལོར་བརྒྱ་ཆ་༩.༩འཕར་རྒྱུའི་སྔོན་དཔག་བྱས་ཡོད་པ་རེད།

     འབྲུག་ཡུལ་གྱིས་གནམ་གཤིས་འགྱུར་ལྡོག་གི་གནོད་འཚེ་འགོག་ཐབས་སུ་ཁོར་ཡུག་ལ་འབག་བཙོག་མི་བཟོ་བའི་ནུས་ཤུགས་མཁོ་འདོན་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་དམིགས་བསལ་གྱིས་དོ་ཁུར་བྱེད་བཞིན་ཡོད་པ་དང་། འབྲུག་ཡུལ་ལ་མཚོན་ན། མཁོ་འདོན་མ་བྱས་པའི་ཆུ་ཤུགས་ནུས་ཚད་GW30ཙམ་ཡོད་ཀྱང་། ཆུ་ཤུགས་གློག་འདོན་ཆེད་ད་བར་བརྒྱ་ཆ་༥ཙམ་ལས་བེད་སྤྱོད་བཏང་མེད་པ་རེད།

     ཉེ་བའི་ལོ་ཤས་ནང་། འབྲུག་ཡུལ་གྱིས་གློག་ཤུགས་ཕྱིར་འཚོང་བྱ་ཆེད་ཆུ་ཤུགས་གློག་ཁང་གསར་རྒྱག་བྱས་པ་དང་དུས་མཚུངས་སུ། རང་ཡུལ་གྱི་ཐག་རིང་ས་ཁུལ་མང་པོར་གློག་ཁང་བཙུགས་ཡོད་པའི་སྐོར་ཡང་སྙན་ཞུའི་ནང་བསྟན་ཡོད་པ་རེད།

     འཛམ་གླིང་གི་ཆུའི་ཐོན་ཁུངས་ཀྱི་དྲ་བའི་ཐོག་གནས་ཚུལ་སྤེལ་བར། འབྲུག་ཡུལ་གྱིས་ཆུ་ཤུགས་གློག་འདོན་གྱི་ལས་གཞི་དེ་དག་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འབྱུང་ཁུངས་གཙོ་བོར་བརྩི་བཞིན་ཡོད་པ་དང་། འདས་ཟིན་པའི་ལོའི་ནང་འབྲུག་ཡུལ་གྱི་ཕྱིར་འཚོང་ཡོང་འབབ་མཐོ་ཤོས་དེ་ཆུ་ཤུགས་གློག་འདོན་ནས་བྱུང་ཡོད་ཅིང་། རྒྱལ་ཁབ་ཀྱི་སྤྱིའི་ཕྱིར་འཚོང་ཡོང་འབབ་ཀྱི་བརྒྱ་ཆ་༣༢.༤ཆུ་གློག་ཕྱིར་འཚོང་ནས་བྱུང་ཡོད་པ་དང་། རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་བརྒྱ་ཆ་༨ཆུ་ཤུགས་གློག་འདོན་ཡིན་པ་བསྟན་ཡོད་པ་རེད།




རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2017/4/28 བལྟ་ཀློག (32481)