ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་འཕོ་འགྱུར་གྱི་ལོ་རྒྱུས།

 ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་འཕོ་འགྱུར་གྱི་ལོ་རྒྱུས།

  ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནི་ཀྲུང་གོ་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཀྱི་སློབ་གླིང་རིམ་པ་མཐོ་ཤོས་ཡིན་པ་དང་། པེ་ཅིང་གི་ཏེ་ཧྲེང་སྒོ་ཆེན་ཕྱི་ཡི་དགོན་སེར་ནུབ་མ་རུ་ཡོད། འདི་ནི་ཀྲུང་གོའི་བོད་བརྒྱུད་ནང་བསྟན་ཀྱི་རྒྱལ་གཅེས་ཆོས་གཅེས་དང་བྱང་ཚད་མཐོ་བའི་གྲྭ་བཙུན་གསོ་སྐྱོང་དང་བོད་བརྒྱུད་ནང་བསྟན་ལ་ཞིབ་འཇུག་བྱ་བའི་རྟེན་གཞི་གལ་ཆེན་ཞིག་ཡིན། སྤྱི་ལོ1987ལོའི་ཟླ9པའི་ཚེས1ཉིན་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གྲྭ་དགོན་སེར་ནུབ་མ་ནས་དབུ་བརྙེས་ཤིང་པཎ་ཆེན་བཅུ་བ་མཆོག་གིས་གླིང་གཙོ་ཐོག་མའི་འགན་བཞེས། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་བ་ཀྲའོ་ཕུའུ་ཁྲུའུ་ལགས་མཐོ་རིམ་བློ་འདྲི་ས་རུ་གདན་དྲངས། ཀྲུང་གོའི་མཐོ་རིམ་ནང་བསྟན་སློབ་གྲྭ་བཙུགས་པ་འདིས་ཏང་གི་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་རླབས་ཆེན་གཟི་བརྗིད་ལྡན་པ་མངོན་ཡོད་ལ། ཏང་དང་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་ལས་དོན་ལ་མཐོང་ཆེན་དུ་ཐུགས་ཁུར་བྱས་པ་དང་། བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་ཤེས་ལྡན་མི་སྣ་གསོ་སྐྱོང་ཐབས་ལམ་ལ་རྩ་བའི་ཆ་ནས་འགྱུར་བ་བྱུང་ཡོད་པ་མངོན་ཡོད་པས། དུས་འདི་ནས་བཟུང་བོད་བརྒྱུད་ནང་བསྟན་གྱི་དེང་རབས་ཅན་གྱི་སློབ་གསོ་ལོ་རྒྱུས་ཀྱི་ལམ་བུ་གསར་བ་ཞིག་ལ་ཆས་མགོ་བརྩམས་པ་རེད།  
  སྔར་སོང་གི་ལོ་རྒྱུས།
  དགོན་སེར་ནུབ་མ་བཙུགས་རྗེས་ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལའི་བླ་མ་དང་པཎ་ཆེན་ཨེར་ཏི་ནིའི་མཚན་གནས་རྩོལ་བའི་མགོ་བཙུགས་པ་རེད།
  སྤྱི་ལོ1644ལོར་ཆིང་དམག་ལྕགས་རི་བརྒལ་ཞིང་གོང་མ་ཧྲུན་ཀྲི་ཁྲིར་བཞུགས་རྗེས། འཕྲལ་མར་བོད་དུ་བང་ཆེན་མངགས་ནས་སྐབས་དེར་བོད་དུ་ཤུགས་རྐྱེན་ཆེ་བའི་དགེ་ལུགས་པའི་བླ་ཆེན་རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ་པེ་ཅིང་དུ་གདན་དྲངས་། རྒྱལ་དབང་ལྔ་བ་གོང་མས་གདན་དྲངས་པ་བཞིན་སྤྱི་ལོ1652ལོར་དངོས་སུ་རྡོག་ཐོན་ཞིང་། ལོ་ཕྱི་མར་པེ་ཅིང་དུ་འབྱོར། ཆིང་སྲིད་གཞུང་གིས་རྒྱལ་དབང་ལྔ་བའི་རྒྱལ་གཅེས་ཀྱི་མཛད་སྤྱོད་ལ་བསྟོད་བསྔགས་ཀྱི་ཕྱིར་དུ་དངུལ་སྲང་ཁྲི་དགུ་གནང་ནས་པེ་ཅིང་མཁར་གྱི་བྱང་དུ་དགོན་པ་སེར་བོ་བཙུགས་ནས་རྒྱལ་དབང་ལྔ་བ་པེ་ཅིང་དུ་སྡོད་རིང་བཞུགས་ཡུལ་དུ་བཀོད་སྒྲིག་བྱས།


དགོན་སེར་ནུབ་མའི་སྒོ་ཆེན། 

  དགོན་སེར་ནུབ་མ་ནི་པེ་ཅིང་གི་ཨན་ཏེང་སྒོའི་ཕྱིར་རུ་ཡོད་ཅིང་། ཙི་ཅིང་མཁར་གྱི་བྱང་ཐད་དེ་པེ་ཅིང་གི་སྲོག་ཤིང་ཐིག་གི་སྟེང་ལ་ཆགས་ཡོད། འདི་ནི་སྤྱི་ལོ1651ལོ་སྟེ་ཧྲུན་ཏྲིའི་ཁྲི་ལོ་བརྒྱད་པར་བཙུན་མོ་ལིའོ་ཞའོ་ཡི་ཡན་ཅིང་གི་བཞུགས་སྒར་རྨང་གཞི་བྱས་ཤིང་བཞེངས་མགོ་བརྩམས་པ་དང་། ཧྲུན་ཀྲིའི་ཁྲི་ལོ་དགུ་བའི་ཟླ་བཅུ་གཉིས་པ་སྟེ་སྤྱི་ལོ1653ལོའི་ཟླ་དང་པོར་རྒྱལ་དབང་ལྔ་བ་དངོས་སུ་དགོན་སེར་ནུབ་མར་ཞབས་སོར་འཁོད་པ་རེད།
  རྒྱལ་དབང་ལྔ་བ་དགོན་སེར་ནུབ་མར་བཞུགས་རིང་ལ་ཐེངས་དུ་མར་ཕོ་བྲང་དུ་གོང་མར་མཇལ་བར་ཕེབས་ནས་བོད་ཀྱི་ཆོས་སྲིད་ཀྱི་ལས་དོན་གལ་ཆེན་ཁག་སྙན་ཞུ་ཕུལ་མྱོང་ཡོད་ལ། གོང་མ་ཧྲུན་ཏྲིས་ཀྱང་ཐེངས་དུ་མར་ཕོ་བྲང་ནས་རྒྱལ་དབང་ལྔ་བ་ལ་གསོལ་སྟོན་བཤམས་མྱོང་ཡོད། ཧྲུན་ཀྲིའི་ཁྲི་ལོ་བཅུ་བ་སྟེ་སྤྱི་ལོ1653ལོའི་ཟླ་གསུམ་པར་རྒྱལ་དབང་ལྔ་བས་ཕྱིར་བོད་དུ་ལོགས་པའི་རེ་བ་ཞུས་དང་། ལོ་དེའི་ཟླ་བཞི་བར་ཆིང་སྲིད་གཞུང་གིས་རྒྱལ་དབང་ལྔ་བ་ལ་ནུབ་ཕྱོགས་མཆོག་ཏུ་དགེ་བའི་ཞིང་གི་རྒྱལ་དབང་ས་སྟེང་གི་རྒྱལ་བསྟན་ཡོངས་ཀྱི་བདག་པོ་ཐམས་ཅད་མཁྱེན་པ་བཛྲ་དྷ་ར་ཏཱ་ལའི་བླ་མ་ཞེས་པའི་མཚན་གནས་ཕུལ་བ་ནི་ཀྲུང་དབྱང་སྲིད་གཞུང་གིས་ཐེངས་དང་པོར་ཏཱ་ལའི་བླ་མར་མཚན་གནས་ཕུལ་བ་ཡིན། ཁང་ཞིའི་ཁྲི་ལོ་ལྔ་བཅུ་ང་གཉིས་པ་སྟེ་སྤྱི་ལོ1713ལོ་ལ་གོང་མ་ཁང་ཞི་ཡིས་ཏཱ་ལའི་བླ་མར་མཚན་གནས་ཕུལ་བའི་སྲོལ་ལྟར་ཆེད་དུ་ཕོ་ཉ་བཀྲ་ཤིས་ལྷུན་པོ་རུ་མངགས་ནས་པཎ་ཆེན་སྐུ་ཕྲེང་ལྔ་བ་བློ་བཟང་ཡེ་ཤེས་ལ་པཎ་ཆེན་ཨེར་ཏི་ནི་ཞེས་པའི་མཚན་གནས་དང་འཇའ་ས་གསེར་ཐམ་སོགས་གནང་། དེ་ནས་བཟུང་པཎ་ཆེན་ཨེར་ཏི་ནི་དང་ཏཱ་ལའི་བླ་མ་ལ་ཀྲུང་དབྱང་གིས་མཚན་གནས་འབུལ་བ་ལོ་རྒྱུས་ཀྱི་སྲོལ་དུ་གྱུར་བ་རེད།
    རྒྱལ་དབང་སྐུ་ཕྲེང་ལྔ་བ་པེ་ཅིང་དུ་ཕེབས་པ་ནི་དགོན་སེར་ནུབ་མ་དར་བའི་རྩེར་སོན་ཐེངས་དང་པོ་ཡིན་ཞིང་། པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་དྲུག་པ་པེ་ཅིང་དུ་ཕེབས་པས་དགོན་སེར་ནུབ་མ་ལ་སླར་ཡང་གཟི་བྱིན་རྒྱས་པར་བྱས་ཡོད།
  ཆན་ལུང་ཁྲི་ལོ་ཞེ་ལྔ་བ་སྟེ་སྤྱི་ལོ1780ལོར་གོང་མ་ཆན་ལུང་ལོ་བདུན་ཅུར་ཕེབས་པའི་འཁྲུངས་སྐར་དང་འཁེལ་བས་པཎ་ཆེན་སྐུ་ཕྲེང་དྲུག་པ་པེ་ཅིང་དུ་མཚམས་ཞུ་ལ་ཕེབས་ཤིང་དགོན་སེར་ནུབ་མ་ནི་པཎ་ཆེན་བཞུགས་ཡུལ་དང་ཆོས་ཀྱི་འཁོར་ལོ་སྐོར་ཡུལ་དུ་གྱུར།
  པཎ་ཆེན་སྐུ་ཕྲེང་དྲུག་པ་པེ་ཅིང་དུ་སྡོད་རིང་ལ་གོང་མ་ཆན་ལུང་དང་པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་དྲུག་པ་མཆོག་གཉིས་གོང་མའི་ཕོ་བྲང་དང་དགོན་པ་སེར་བོ་ཕན་ཚུན་བར་ལ་འགྲོ་འོང་ལན་མང་བྱས་ཡོད། ཕྱིས་སུ་པཎ་ཆེན་སྐུ་ཕྲེང་དྲུག་པ་ལ་ལྷ་འབྲུམ་གྱི་སྙུན་གཞི་བྱུང་རྗེས་གོང་མ་ཆན་ལུང་གིས་ཆེད་དུ་མི་མངགས་ནས་ཆུ་སྲམ་གྱི་པགས་པ་ནག་པོས་བཟོས་པའི་ལྭ་བ་སོགས་དགོན་སེར་ནུབ་མ་རུ་བཞུགས་པའི་པཎ་ཆེན་སྐུ་ཕྲེང་དྲུག་པ་ལ་བསྐུར་གནང་ཞིང་། ཁོང་སྐུ་དངོས་སུ་ཆེད་དུ་ཕེབས་ནས་མཚམས་འདྲི་ཞུས་ཡོད་ལ། ཁོང་གིས་མཚམས་འདྲིའི་སྐབས་སུ་ཆེད་དུ་《ཤིང་ཚེ་རིང་བོ》ཞེས་པའི་རི་མོ་བྲིས་ཤིང་། པཎ་ཆེན་གྱི་སྐུ་ཚེ་ཤིང་ཚེ་རིང་བཞིན་དུ་བརྟན་པའི་ཐུགས་སྨོན་མཚོན་པར་བྱས་ལ།《པཎ་ཆེན་མཆོག་ལ་བསྔགས་པ་དང་ཚེ་བསྲིང་པ》ཞེས་པའི་ཕྱག་རྩོམ་མཛད་ནས་ཁོང་ལ་ཕུལ་ཞིང་བརྟན་བཞུགས་ཕུལ། ཕྱག་རྩོམ་འདི་བཀོད་པའི་རྡོ་རིང་ད་ལྟའང་དགོན་སེར་ནུབ་མའི་སྐུ་གདུང་ར་བ་རུ་ཡོད།


ཆན་ལུང་གི་ཕྱག་བྲིས《ཤིང་སཱ་ལར་བསྔགས་པ》ཞེས་པ།


  སྤྱི་ལོ1780ལོའི་ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན་གྱི་ཕྱི་དྲོ་པཎ་ཆེན་སྐུ་ཕྲེང་དྲུག་པ་ལྷ་འབྲུམ་གྱི་སྙུན་གཞིའི་དབང་གིས་སྨན་བཅོས་བྱས་ཀྱང་དྲག་སྐྱེད་མ་བྱུང་བར་དགོན་སེར་ནུབ་མ་ནས་དགོངས་པ་ཞི་དབྱིངས་སུ་ཐིམས། གོང་མ་ཆན་ལུང་གིས་པཎ་ཆེན་སྐུ་ཕྲེང་དྲུག་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་མཛད་རྗེས་བླ་ན་མེད་པ་ལ་བསྟོད་བསྔགས་ཀྱི་ཆེད་དུ་དགོན་སེར་ནུབ་མའི་གཡས་སུ་དྭངས་གསལ་འཕྲུལ་གྱི་ཕོ་བྲང་གི་མཆོད་རྟེན་དང་དྭངས་གསལ་འཕྲུལ་གྱི་ཕོ་བྲང་གི་མཆོད་རྟེན་གྱི་ར་སྐོར་སོགས་བཞེངས་ཤིང་། མཆོད་རྟེན་གྱི་གཟུངས་གཞུག་ཏུ་པཎ་ཆེན་སྐུ་ཕྲེང་དྲུག་པའི་ན་བཟའ་དང་གཟུངས་སྔགས་སོགས་བཞུགས་སུ་གསོལ་ཡོད། མཆོད་རྟེན་ལེགས་པར་འགྲུབ་རྗེས་གོང་མ་ཆན་ལུང་གིས《དྭངས་གསལ་འཕྲུལ་གྱི་ཕོ་བྲང་གི་མཆོད་རྟེན་གྱི་ཁ་བྱང》ཞེས་པ་བརྩམས་གནང་ཞིང་རྡོ་རིང་དུ་བྲིར་བཅུག མཆོད་རྟེན་ནི་པཎ་ཆེན་སྐུ་ཕྲེང་དྲུག་པའི་ཆེད་དུ་བཞེངས་པ་ཡིན་པས་དེ་ལ་པཎ་ཆེན་མཆོད་རྟེན་ནམ་པཎ་ཆེན་སྐུ་ཕྲེང་དྲུག་པའི་མཆོད་རྟེན་ཞེས་ཀྱང་ཟེར། དུས་དེ་ནས་བཟུང་དགོན་སེར་ནུབ་མ་ཞེས་པ་ཏཱ་ལའི་བླ་མའི་ལྷ་ཁང་དང་དྭངས་གསལ་འཕྲུལ་གྱི་ཕོ་བྲང་གི་མཆོད་རྟེན་གྱི་ར་བ་གཉིས་ཀྱིས་གྲུབ་པར་གྱུར་ཞིང་། ལོ་རྒྱུས་ཡིག་ཆ་ཁག་ཏུའང་དྭངས་གསལ་འཕྲུལ་གྱི་ཕོ་བྲང་ ཞེས་བྲིས་པ་མཐོང་རྒྱུ་ཡོད།


དགོན་སེར་ནུབ་མའི་དྭངས་གསལ་འཕྲུལ་གྱི་ཕོ་བྲང་གི་མཆོད་རྟེན།


  དགོན་སེར་ནུབ་མའི་དྭངས་གསལ་འཕྲུལ་གྱི་ཕོ་བྲང་གི་མཆོད་རྟེན།
  ཅ་ཆིན་ཁྲི་ལོ་བརྒྱད་པ་སྟེ་སྤྱི་ལོ1803ལོར་ལི་ཧྥན་ཡོན་གྱིས་སི་ཁྲོན་དང་ཧྲན་ཞི། ཀན་སུའུ། མཚོ་སྔོན། ཞིན་ཅང་སོགས་ནས་ཡོང་བའི་གྲྭ་བཙུན་སུ་ཡིན་ཡང་ཨན་ཏིང་སྒོ་མོའི་ཕྱི་ཡི་དགོན་སེར་ནུབ་མ་རུ་སྡོད་པ་ལས་གང་འདོད་དུ་དགའ་ལྡན་བྱིན་ཆགས་གླིང་ལ་ཞུགས་མི་ཆོག་པའི་བཀའ་ཕབ། དུས་དེ་ནས་བཟུང་དགོན་སེར་ནུབ་མ་ས་ཆ་དེ་དག་གི་གྲྭ་བཙུན་པེ་ཅིང་དུ་ཡོང་བ་སྣེ་ལེན་བྱེད་ཡུལ་ལྟ་བུ་ཆགས་པར་གྱུར་ཞིང་། མཐའ་མཚམས་ཀྱི་ས་ཆ་ཁག་དང་འབྲེལ་བ་བྱ་བའི་ཐད་ནས་ནུས་པ་ལེགས་པོ་ཐོན་ཡོད།
  རྒྱལ་སྲིད་ཉམས་པས་དགོན་སེར་ནུབ་མའང་ཉམས་ཆག་ལན་འགའ་བྱུང་ལ་རིམ་བཞིན་རྒུད་པར་གྱུར།
  ཞན་ཧྥུང་ཁྲི་ལོ་དགུ་བ་སྟེ་སྤྱི་ལོ1859ལོར། གོང་མ་ཞན་ཧྥུང་གིས་དགོན་སེར་ནུབ་མའི་མདུན་ནས་དམག་ངོམས་ཀྱི་ལྟད་མོ་རྒྱ་ཆེན་པོ་བཤམས་ཤིང་། དགོན་པའི་མདུན་ནས་དམག་སྒར་བཏབས་པ་དང་དགོན་པའི་ནང་ནས་བཟའ་བཏུང་གཡོ་སྦྱོར་བྱས། ཞན་ཧྥུང་ཁྲི་ལོ་བཅུ་བ་སྟེ་སྤྱི་ལོ1860ལོར་དབྱིན་ཇི་དང་ཧྥ་རན་སིའི་མཉམ་འབྲེལ་དམག་གིས་པེ་ཅིང་ལ་བཙན་འཛུལ་བྱས་ཤིང་། ལོ་དེའི་ཟླ་བཅུ་བར་ཨན་ཏེང་སྒོ་མོ་བཟུང་ནས་ཆོས་ཀྱི་གནས་མཆོག་དགོན་སེར་ནུབ་མ་དམག་སྒར་བྱས་པ་དང་ཏཱ་ལའི་བླ་མའི་ལྷ་ཁང་ལ་གཏོར་བཤིགས་བཏང་། ཕྱི་ལོའི་ཟླ་བ་བརྒྱད་པར་གནམ་འོག་འགྱུར། མཐའ་དམག་དཔུང་ཚོགས་འདུས་ནས་ཕོ་བྲང་དཀྲུགས།། ཞེས་པའི་སྙན་ཚིག་དེས་སྐབས་དེའི་པེ་ཅིང་དང་དགོན་སེར་ནུབ་མའི་གནས་བབས་གསལ་རྗེན་དུ་བསྟན་ཡོད། བཙན་འཛུལ་བས་གཏོར་བཤིག་བཏང་རྗེས་དགོན་སེར་ནུབ་མ་གྲ་ཆག་གྲུ་ཉམས་དུ་ཕྱིན་ཞིང་རིམ་བཞིན་རྒུད་པར་གྱུར།
  ཀོང་ཞི་ཁྲི་ལོ་ཉེར་དྲུག་པ་སྟེ་སྤྱི་ལོ1900ལོར་རྒྱལ་ཁབ་བརྒྱད་ཀྱི་མནའ་འབྲེལ་དམག་པེ་ཅིང་ལ་འཛུལ་ཞིང་དགོན་སེར་ནུབ་མར་སྔར་ལས་ཉམས་ཆག་བཏང་ནས་ཕལ་ཆེར་སྟོང་བར་བསྒྱུར། དགོན་སེར་ཤར་ནུབ་གཉིས་ཀ་མཛོད་ཁང་བསྙིལ་ཞིང་ཚོང་ཁང་སྟོང་།། གནས་མཆོག་ཉམས་བཟང་རྩད་ནས་ཡལ།། ཞེས་པའི་གནས་བབས་ལ་ལྷུང་བར་གྱུར་བ་རེད། ཀྲུང་ཧྭ་མིན་གོའི་དུས་སུ་དགོན་སེར་ནུབ་མའི་བཟོ་བཀོད་གཙོ་བོ་སྟེ་ཏཱ་ལའི་བླ་མའི་ལྷ་ཁང་ཡུན་རིང་ཉམས་གསོ་མ་ཐུབ་པས་མཁར་གྱང་རྡིབས་ཤིང་རིམ་གྱིས་ཉམས་པར་གྱུར་ཡོད།

  བསྐྱར་དུ་དར་བ།
  ཀྲུང་གོ་གསར་བ་དབུ་བརྙེས་རྗེས་པེ་ཅིང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་གིས་དགའ་ལྡན་བྱིན་ཆགས་གླིང་གི་དགེ་འདུན་པ་དགོན་སེར་ནུབ་མ་རུ་དོ་དམ་པར་མངགས་ཡོད་ལ། སྤྱི་ལོ1952ལོར་པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་མི་སྣ་རྩ་འཛུགས་བྱས་ནས་དགོན་སེར་ནུབ་མ་ལ་ཉམས་གསོ་རྒྱ་ཆེན་པོ་ཞིག་བྱས་ཤིང་སྲེག་ཟའི་ཁམས་ལ་བཏིམས་པའི་ཤེས་རབ་དྲི་བཟང་ལྡིང་ཁང་གི་རྩིག་རྨང་སྟེང་ལ་གནའ་བོའི་བཟོ་བཀོད་ཀྱི་ཁང་བ་བརྩེག་གཅིག་ཅན་ཞིག་བསྐྲུན་ནས་དགོན་པའི་སྔར་ཡོད་ཀྱི་བཟོ་བཀོད་དང་མཐུན་པར་བྱས། སྤྱི་ལོ1954ལོར་པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན་མཆོག་སྐབས་དང་པོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་ཞུགས་པའི་སྐབས་སུ་སྐུ་དངོས་སུ་དགོན་སེར་ནུབ་མའི་དྭངས་གསལ་འཕྲུལ་གྱི་ཕོ་བྲང་གི་མཆོད་རྟེན་ལ་མཇལ་བར་ཕེབས་ཤིང་། དགོན་སེར་ནུབ་མ་ཉམས་གསོ་དང་བོད་བརྒྱུད་ནང་བསྟན་སློབ་གྲྭ་འཛུགས་པའི་ཐུགས་སྨོན་བཞེས། སྤྱི་ལོ1979ལོའི་ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན་ལ་པེ་ཅིང་གྲོང་ཁྱེར་གསར་བརྗེ་ཨུ་ཡོན་ལྷན་ཁང་གིས་དགོན་སེར་ནུབ་མ་པེ་ཅིང་གྲོང་ཁྱེར་གྱི་གཙོ་གནད་རིག་དངོས་སྡེ་ཁག་གི་གྲས་སུ་བཙུད་པ་དང་། པེ་ཅིང་གྲོང་ཁྱེར་རིག་དངོས་ལས་དོན་དོ་དམ་ཅུའུ་ཡིས་སྤྱི་ལོ1981ལོའི་ཟླ7པར་དྭངས་གསལ་འཕྲུལ་གྱི་ཕོ་བྲང་གི་མཆོད་རྟེན་ར་བའི་རྒྱལ་ཆེན་ལྷ་ཁང་གི་མདུན་དུ་གཙོ་གནད་རིག་དངོས་དོ་དམ་སྡེ་ཁག་གི་རྟགས་དང་ཡི་གེ་བཀོད། སྤྱི་ལོ1980ལོར་པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་དགོན་སེར་ནུབ་མའི་དྭངས་གསལ་འཕྲུལ་གྱི་ཕོ་བྲང་གི་མཆོད་རྟེན་ར་བ་དང་དྭངས་གསལ་འཕྲུལ་གྱི་ཕོ་བྲང་གི་མཆོད་རྟེན་ལ་ཉམས་གསོ་ཚགས་སུ་ཆུད་པ་བྱས་པས་སྔར་མེད་ཀྱི་གཟི་མདངས་གསར་བ་རྒྱས་པར་གྱུར། སྤྱི་ལོ1983ལོར་ནུབ་ཀྱི་དགོན་སེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱ་ཡུལ་གྱི་གཙོ་གནད་ནང་བསྟན་དགོན་སྡེའི་གྲས་སུ་བཙུད། སྤྱི་ལོ1987ལོའི་ཟླ2པར། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྟ་གོན་ཚོགས་པའི་སྣེ་ཁྲིད་དེ་དགོན་སེར་ནུབ་མ་རུ་བཞུགས་ནས། དགོན་སེར་ནུབ་མ་ལ་ཉམས་གསོའི་མགོ་བཙུགས་ཤིང་། དགོན་སེར་ནུབ་མའི་ར་སྐོར་གཉིས་པའི་ཤར་དང་ནུབ་དུ་ལོགས་ཁང་ཁང་མིག་བཅུ་གཅིག་རེ་དང་། ཤར་དང་ནུབ་ཀྱི་ལྷ་ཁང་དུ་ཟུར་ཁང་ཁང་མིག་གསུམ་རེ་བཅས་གསར་དུ་བསྐྲུན། ཟླ་དགུ་བའི་ཚེས་གཅིག་ཉིན་ལ་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དགོན་སེར་ནུབ་མ་ནས་དངོས་སུ་དབུ་བརྙེས་ཤིང་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་གླིང་གཙོ་ཐོག་མའི་འགན་བཞེས། ཁོང་གིས་དགོན་སེར་ནུབ་མའི་ནུབ་ཀྱི་ལྷ་ཁང་གི་ཟུར་ཁང་དུ་གཞུང་ལས་ཁང་བྱས་ཤིང་སློབ་གླིང་གི་ལས་དོན་ལ་མགོ་ཁྲིད་དང་ཐག་གཅོད་བྱས། སྤྱི་ལོ2001ལོའི་ཟླ་དྲུག་པར་ནུབ་ཀྱི་དགོན་སེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་ཀྱི་གཙོ་གནད་སྡེ་ཁག་གི་གྲས་སུ་བཙུད། སྤྱི་ལོ2002ལོའི་ཟླ་དྲུག་པ་ནས་སྤྱི་ལོ2003ལོའི་ཟླ་བཅུ་གཉིས་པའི་བར་ལ་རྒྱལ་ཁབ་ཆོས་ལུགས་ཅུའུ་དང་པེ་ཅིང་གྲོང་ཁྱེར་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་རོགས་རམ་ཤུགས་ཆེན་འོག ས་ཆ་བཤིག་སྤོའི་ལས་ཀ་འགྲུབ་པ་གཞིར་བཞག་ཐོག ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གཙོ་སྐྱོང་འོག་དགོན་སེར་ནུབ་མའི་སྒོ་ཆེན་དང་ཅོང་ཁང་། ཤར་ནུབ་ཀྱི་ལོགས་ཁང་སོགས་ཀྱི་བཟོ་བཀོད་ཡོངས་སུ་འགྲུབ། སྤྱི་ལོ་2006ལོའི་ཟླ་བདུན་པ་ནས་སྤྱི་ལོ2008ལོའི་ཟླ་དྲུག་པའི་བར་ལ་ཀྲུང་དབྱང་གིས་ཐུགས་ཁུར་ཟབ་བཞེས་བྱས་པ་དང་ཞང་ཀང་གི་ཞིན་ཧོང་ཅི་ཚོང་ཚོགས་ཀྱི་མཐུན་རྐྱེན་ཤུགས་ཆེན་འོག མཐོ་རིམ་ནང་བསྟན་སློབ་གླིང་གིས་གཙོ་སྐྱོང་བྱས་ནས་དགོན་སེར་ནུབ་མའི་རྒྱལ་ཆེན་ལྷ་ཁང་དང་། ཤར་ནུབ་ཀྱི་ལོགས་ཁང་། ཤར་ནུབ་ཀྱི་ཟུར་གྱི་ལྷ་ཁང་། ཚོགས་ཆེན་འདུ་ཁང་། དྭངས་གསལ་འཕྲུལ་གྱི་ཕོ་བྲང་གི་མཆོད་རྟེན། ཤར་ནུབ་ཀྱི་རྡོ་རིང་ལྡིང་ཁང་སོགས་ཀྱི་བཟོ་བཀོད་ཉམས་གསོ་བྱས་པ་དང་། དགོན་སེར་ནུབ་མའི་ཤར་ནུབ་ཀྱི་སྒོམ་ཁང་དང་མིང་གྲགས་ཆེ་བའི་ཤེས་རབ་དྲི་བཟང་ལྷ་ཁང་བསྐྱར་བཞེངས་ལེགས་པར་གྲུབ། འདི་ནི་ནུབ་ཀྱི་དགོན་སེར་གྱི་ལོ་རྒྱུས་སྟེང་ཉམས་གསོ་རྒྱ་ཆེན་པོ་བྱས་པ་ཐེངས་བརྒྱད་པ་ཡིན་ཞིང་ཀྲུང་གོ་གསར་བ་བཙུགས་པའི་ཚུན་ལ་བྱས་པའི་ཉམས་གསོ་གཞི་རྒྱ་ཆེ་ཤོས་ཡིན། ཉམས་གསོ་འདི་བརྒྱུད་ནས་ད་ལྟའི་དགོན་སེར་ནུབ་མའི་གཞི་རྒྱ་ཆགས་པ་རེད།

དགོན་སེར་ནུབ་མའི་བཀོད་པ་ཡོངས།


  དགོན་སེར་ནུབ་མའི་བཀོད་པ་ཡོངས།
  ཤེས་རབ་དྲི་བཟང་ལྷ་ཁང་སྔར་གྱི་བཀོད་པ་བཞིན་བསྐྱར་གསོ་ལེགས་པར་འགྲུབ་རྗེས་མཐོ་རིམ་ནང་བསྟན་སློབ་གླིང་གིས་མཆོད་རྟེན་ར་བའི་རྒྱབ་ངོས་སུ་བོད་ཀྱི་བཟོ་སྐྲུན་ཁྱད་ཆོས་ལྡན་པའི་གཞུང་ལས་དང་སློབ་ཁྲིད་ཐོག་ཁང་བསྐྲུན་ཞིང་། ཏང་དང་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་ཐུགས་ཁུར་ཟབ་བཞེས་བྱས་པ་ལ་བཀའ་དྲིན་མཚོན་ཆེད་དེང་རབས་ཅན་གྱི་སློབ་ཁྲིད་ཐོག་ཁང་འདིའི་མིང་ལ་ཉི་འོད་ཐོག་ཁང་ཞེས་བཏགས་ནས། བོད་བརྒྱུད་ནང་བསྟན་དང་བོད་མི་རིགས་ཀྱི་རིག་གནས་ཏང་གི་ཉི་འོད་འོག་ཏུ་རྒྱུད་འཛིན་དང་འཕེལ་རྒྱས་ཡོང་བ་མཚོན་པར་བྱས། དེང་དུས་ཀྱི་དགོན་སེར་ནུབ་མ་ནི་བོད་བརྒྱུད་ནང་བསྟན་གྱི་འཐུས་ཚབ་མི་སྣ་གསོ་སྐྱོང་གི་རྟེན་གཞི་དང་ཆོས་ལུགས་དགོངས་དོན་ཞིབ་འཇུག་གི་རྟེན་གཞི། མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་སྒྲོག་གི་རྟེན་གཞི། རྒྱལ་སྤྱིའི་མཛའ་མཐུན་འགྲོ་འོང་གི་རྟེན་གཞི་བཅས་སུ་ཆགས་ཡོད།


ཉི་འོད་ཐོག་ཁང་གི་བཀོད་པ་ཡོངས།


  སློབ་གྲྭ་སྒྲུབ་པ་ཕུད་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་དགོན་སེར་ནུབ་མ་ནས་ཆོས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ཡོད་དེ། དཔེར་ན་དགེ་སློབ་ཚོ་དང་མཉམ་དུ་བསངས་མཆོད་འབུལ་བ་དང་། དྭངས་གསལ་འཕྲུལ་གྱི་ཕོ་བྲང་གི་མཆོད་རྟེན་ལ་མཆོད་པ་འབུལ་བ། དགོན་སེར་ནུབ་མ་ནས་དད་ལྡན་སྐྱ་སེར་ཕོ་མོ་ཡོངས་ལ་ཕྱག་དབང་གནང་བ་སོགས་ཆོས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ནས་རྒྱལ་ཁམས་བདེ་ཞིང་དམངས་རྣམས་སྐྱིད་པའི་ཐུགས་སྨོན་གནང་ཡོད་པ་རེད། སྤྱི་ལོ1988ལོའི་ཟླ་ལྔ་བར་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་དགོན་སེར་ནུབ་མ་ནས་དེ་གའི་དགེ་སློབ་ཡོངས་ལ་འཇིགས་བྱེད་ལྷ་བཅུ་གསུམ་པའི་དབང་གནང་བ་རེད།

པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་དགོན་སེར་ནུབ་མ་རུ་བསངས་མཆོད་འབུལ་བཞིན་པ།

  དགོན་སེར་ནུབ་མ་ནི་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་ཕྱི་ཕྱོགས་ཀྱི་སྐུ་མགྲོན་སྣེ་ལེན་དང་རྒྱལ་སྤྱིའི་ནང་བསྟན་ཆོས་བརྒྱུད་ཀྱི་གྲོགས་པོ་ཚོར་འགྲོ་འོང་བྱེད་པའི་ས་ཆ་གལ་ཆེན་ཞིག་ཆགས་ཡོད། སྤྱི་ལོ1987ལོའི་ཟླ་བཅུ་གཅིག་པར་པན་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་ནུབ་ཀྱི་དགོན་སེར་ནས་དབྱི་ཐ་ལི་ཡི་གངས་ཅན་བླ་མ་སོགས་ལ་མཇལ་འཕྲད་གནང་བ་དང་། སྤྱི་ལོ1988ལོའི་ཟླ་ལྔ་བའི་ཚེས་ཉེར་གསུམ་སྟེ་ཧོར་ཟླ་བཞི་བའི་ཚེས་བརྒྱད་ཀྱི་སྟོན་པ་སྐུ་འཁྲུངས་བའི་རྗེས་དྲན་གྱི་ཉིན་མོར་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་དགོན་སེར་ནུབ་མ་ནས་འབྲུག་གི་དབུ་བླ་དིལ་མགོ་མཁྱེན་བརྩེ་འཁོར་དང་བཅས་པ་ལ་མཇལ་འཕྲད་གནང་།
 
པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་དགོན་སེར་ནུབ་མ་ནས་འབྲུག་གི་དབུ་བླ་དིལ་མགོ་མཁྱེན་བརྩེ་ལ་མཇལ་འཕྲད་གནང་བ།

  སྤྱི་ལོ1989ལོའི་ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་ལ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གཞིས་ཀ་རྩེའི་བཀྲ་ཤིས་ལྷུན་པོ་རུ་སྐུ་མྱ་ངན་ལས་འདས་པས། སློབ་གླིང་གིས་དགོན་སེར་ནུབ་མའི་ཚོགས་ཆེན་འདུ་ཁང་དུ་གདུང་མཆོད་འཚོགས་ཤིང་། དགེ་སློབ་ཡོངས་རྫོགས་ཁོང་གི་སྐུ་པར་ལ་མཇལ་ཞིང་བཀའ་དྲིན་དྲན་པར་བྱས། ཡོངས་འཛིན་རྒྱ་ཡག་རིན་པོ་ཆེས་གདོང་མཆོད་ཀྱི་ཚོགས་དབུ་བསྐྱངས་ཤིང་ཆོ་ག་ཚད་དང་ལྡན་པ་མཛད། སླར་ཡང་མི་ཡི་རྣམ་རོལ་དུ་ཕེབས་པའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་ཁྲིར་བཞུགས་པ་ནས་བཟུང་། ཐེངས་མང་པོར་དགོན་སེར་ནུབ་མའི་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནས་ཆོས་ཀྱི་བྱེད་སྒོ་སྤེལ་ཞིང་། དད་ལྡན་པར་ཕྱག་དབང་གནང་བ་དང་། རྒྱལ་སྤྱིའི་གྲོགས་པོ་ལ་མཇལ་འཕྲད་གནང་ཡོད། སྤྱི་ལོ1998ལོར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཐོག་མར་པཎ་ཆེན་སྐུ་ཕྲེང་དྲུག་པའི་སྐུ་གདུང་མཆོད་རྟེན་དྭངས་གསལ་འཕྲུལ་གྱི་ཕོ་བྲང་གི་མཆོད་རྟེན་ལ་མཇལ་ཞིང་དེ་ནས་བཀའ་དབང་གནང་ཡུལ་དུ་ཕེབས་པ་རེད། སྤྱི་ལོ1998ལོར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཐོག་མར་པཎ་ཆེན་སྐུ་ཕྲེང་དྲུག་པའི་སྐུ་གདུང་མཆོད་རྟེན་དྭངས་གསལ་འཕྲུལ་གྱི་ཕོ་བྲང་གི་མཆོད་རྟེན་ལ་མཇལ་ཞིང་དེ་ནས་བཀའ་དབང་གནང་ཡུལ་དུ་ཕེབས་པ།

སྤྱི་ལོ1998ལོར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཐོག་མར་པཎ་ཆེན་སྐུ་ཕྲེང་དྲུག་པའི་སྐུ་གདུང་མཆོད་རྟེན་དྭངས་གསལ་འཕྲུལ་གྱི་ཕོ་བྲང་གི་མཆོད་རྟེན་ལ་མཇལ་ཞིང་དེ་ནས་བཀའ་དབང་གནང་ཡུལ་དུ་ཕེབས་སྤྱི་ལོ2012ལོར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་དགོན་སེར་ནུབ་མ་ནས་ཆོས་ཀྱི་བྱེད་སྒོ་སྤེལ་བཞིན་པ།


སྤྱི་ལོ2012ལོར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་དགོན་སེར་ནུབ་མ་ནས་ཆོས་ཀྱི་བྱེད་སྒོ་སྤེལ་བཞིན་པ།


  སློབ་ཁྲིད་དར་བ།
  སྤྱི་ལོ1987ལོའི་ཟླ་དགུ་བའི་ཚེས་གཅིག་ཉིན་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དགོན་སེར་ནུབ་མའི་དྭངས་གསལ་འཕྲུལ་གྱི་ཕོ་བྲང་གི་མཆོད་རྟེན་ར་བ་ནས་དངོས་སུ་དབུ་བརྙེས། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་གླིང་གཙོ་ཐོག་མའི་འགན་བཞེས་ཤིང་བོད་བརྒྱུད་ནང་བསྟན་དགོན་པའི་སློབ་གསོ་ནས་སློབ་གླིང་གི་སློབ་གསོ་ལ་དར་བའི་ལོ་རྒྱུས་ཀྱི་འཕེལ་རིམ་གསར་བ་ཞིག་གི་མགོ་བཙུགས། ལོ་རྒྱུས་རྒྱུན་རིང་བའི་དགོན་སེར་ནུབ་མ་ལ་སྔར་མེད་ཀྱི་གཟི་མདངས་རྒྱས་ཤིང་ཡང་བསྐྱར་དར་རྒྱས་ཀྱི་ལེའུ་ཞིག་ཕྱེ་བ་རེད།

  དང་པོ། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དགོན་སེར་ནུབ་མ་ནས་བཙུགས་པ།
  ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་འཛུགས་རྒྱུ་ནི་པཎ་ཆེན་སྐུ་ཕྲེང་བཅུ་བས་ནམ་ཡང་ཐུགས་ལ་བཅངས་ཡོད་ཅིང་། ཡུན་རིང་བོའི་གྲ་སྒྲིག་བརྒྱུད། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ལ་སྐབས་དེའི་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཀྲའོ་ཕུ་ཁྲུའུ་ཡི་སྐུལ་མའི་འོག་མཐོ་རིམ་ནང་བསྟན་སློབ་གླིང་འཛུགས་པའི་འཆར་གཞི་ལ་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱབ་སྐྱོར་དང་ཆོག་མཆན་ཐོབ་པ་རེད། སྤྱི་ལོ1987ལོའི་ཟླ2པར། དགོན་སེར་ནུབ་མ་རུ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་སྣེ་ཁྲིད་པའི་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྟ་གོན་ཚོགས་པ་བཙུགས་ཤིང་། ལོ་ཕྱེད་ལྷག་ལ་འབད་པ་བྱས་པ་བརྒྱུད་ཟླ་དགུ་བའི་ཚེས་གཅིག་ཉིན་མཐོ་རིམ་ནང་བསྟན་སློབ་གླིང་དགོན་སེར་ནུབ་མ་ནས་དབུ་བརྙེས་ཤིང་མཛད་སྒོའི་ཚོགས་ཆེན་ཡང་བསྡུས། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་གླིང་གཙོའི་འགན་བཞེས་པ་དང་ཀྲའོ་ཕུ་ཁྲུའུ་བློ་འདྲི་ཡུལ་དུ་གདན་དྲངས། ཀྲུང་གུང་ཀྲུང་དབྱང་གིས་ཆེད་དུ་གློག་འཕྲིན་བཏང་ཞིང་རྟེན་འབྲེལ་ཞུས་པ་དང་། ཏིང་དབྱིང་ཁྲའོ་དང་ཞིས་ཀྲུང་ཞུན། ཧུའུ་ཆི་ལི། ཐེན་ཅི་ཡོན། ཧའོ་ཅན་ཞུའུ། ཁྲིན་ཕེ་ཞན། ཕིན་ཁྲུང་། དབྱང་ཅིན་རེན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་མཛད་སྒོའི་ཚོགས་ཆེན་ལ་ཞུགས་ཡོད།


ནང་བསྟན་སློབ་གྲྭ་དབུ་བརྙེས་པའི་མཛད་སྒོ།

པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་ནང་བསྟན་སློབ་གླིང་དབུ་བརྙེས་པའི་ཚོགས་ཆེན་སྟེང་གསུང་བཤད་གནང་བཞིན་པ།

  ཚོགས་གཙོ་ཀྲའོ་ཕུ་ཁྲུའུ་ཡིས་ཀྱང་སློབ་གླིང་དབུ་བརྙེས་པའི་ཚོགས་ཆེན་སྟེང་སྤྲོ་སེམས་འཁོལ་བའི་གསུང་བཤད་གནང་ཞིང་། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དབུ་བརྙེས་པར་རྟེན་འབྲེལ་ཞུས་པ་དང་། ནང་བསྟན་ཀྲུང་གོ་ནས་དར་བའི་བརྒྱུད་རིམ་དང་། ལྷོ་བརྒྱུད་དང་རྒྱ་བརྒྱུད། བོད་བརྒྱུད་བཅས་ཀྲུང་གོར་ཡོད་པའི་ནང་བསྟན་ཆོས་བརྒྱུད་གསུམ་གྱི་ཁྱད་ཆོས་ངོ་སྤྲད་ལ། བོད་བརྒྱུད་ནང་བསྟན་གྱི་གཞུང་ལུགས་མཐིལ་ཕྱིན་པ་ནི་རང་རེ་མེས་རྒྱལ་གྱི་མི་རིགས་རིག་གནས་ཤུལ་བཞག་སྤོབས་པ་སྐྱེ་བྱེད་ཀྱི་རྒྱུ་ཡིན་ལ་འཛམ་བུ་གླིང་གི་དཔལ་ཡོན་དར་བའི་རྒྱལ་ཁབ་ཚོས་མིག་མདངས་ཤོར་ཡོད་ཅེས་བརྗོད་ཅིང་། ཁོང་གིས་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་བཙུགས་པ་ནི་ནང་བསྟན་རྒྱུད་འཛིན་གྱི་དོན་ཆེན་ཞིག་ཡིན་པ་མ་ཟད། བོད་བརྒྱུད་ནང་བསྟན་རྒྱུད་འཛིན་དང་ཁྱབ་སྤེལ་གཏོང་བའི་གཞི་རྩའི་བྱ་ཐབས་ཤིག་ཀྱང་ཡིན། བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་པེ་ཅིང་ནས་བཙུགས་པ་ནི་ཏང་གི་ཆོས་ལུགས་སྲིད་ཇུས་དང་མི་རིགས་སྲིད་ཇུས་ཀྱི་མངོན་སྟངས་གསལ་བོ་ཞིག་ཡིན་ལ། ཕྱོགས་སོ་སོའི་འབད་པ་ལྷོད་མེད་བརྒྱུད་ན་ལས་ཀ་འདི་ལ་རྩ་བ་རྒྱས་ཤིས་འབྲས་བུ་སྨིན་ནས་ལོ་རྒྱུས་རྒྱུན་རིང་བའི་བོད་བརྒྱུད་ནང་བསྟན་ལ་མཚར་སྡུག་གི་གཟི་འོད་འབར་བ་དང་། མེས་རྒྱལ་གྱི་སྲོལ་རྒྱུན་རིག་གནས་འདི་ལས་སྔར་མེད་ཀྱི་སྣང་བ་འགྱེད་པར་ངེས་ཞེས་བརྗོད།
  གཉིས་པ། གླིང་གཙོ་ཐོག་མ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་སློབ་གསོ་གཙིགས་འཛིན་དང་སློབ་ཁྲིད་དར་སྤེལ་གྱི་མཛད་པ།
  མཐོ་རིམ་ནང་བསྟན་སློབ་གྲྭ་དགོན་སེར་ནུབ་མ་ནས་དབུ་བརྙེས་རྗེས་རྒྱལ་ཁབ་ཀྱི་དབུ་ཁྲིད་ཡིན་པའི་པཎ་ཆེན་རིན་པོ་ཆེ་མཆོག་གིས་སློབ་གླིང་གི་དོ་དམ་ལ་ཤུགས་སྣོན་ཆེད། དགོན་སེར་ནུབ་མའི་ཟུར་གྱི་ལྷ་ཁང་དུ་སྐུ་ཉིད་ཀྱི་གཞུང་ལས་ཁང་བཙུགས་ཤིང་། རྒྱུན་དུ་དགོན་སེར་ནུབ་མ་རུ་ཕྱག་ལས་གནང་ཞིང་སློབ་གླིང་གི་ལས་དོན་གཉེར་གནང་ནས། སློབ་གླིང་གི་སློབ་ཁྲིད་དོ་དམ་དང་དགོན་སེར་ནུབ་མའི་འཕེལ་རྒྱས་ལ་ཐུགས་ཤུགས་ཟླ་མེད་པ་བཏོན་གནང་ཡོད།
  པཎ་ཆེན་རིན་པོ་ཆེས་སློབ་གླིང་གི་སློབ་ཁྲིད་ལས་དོན་ལ་མཐོང་ཆེན་དཔེ་མེད་པ་གནང་ཡོད་ཅིང་སློབ་མ་ཚོ་ལའང་རེ་བ་ནན་མོ་བཏོན་ཡོད། ཁོང་གིས་སློབ་མ་སྐབས་དང་པོ་དག་སློབ་གླིང་དུ་ཞུགས་མ་ཐག་ཏུ་བཀའ་སློབ་གནང་ནས། བོད་བརྒྱུད་ནང་བསྟན་ལ་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་རྒྱུན་རིང་བོ་ཡོད་ཅིང་། མཚན་ཉིད་རིག་པ་དང་། གནམ་རིག་སྐར་རྩིས། ས་ཁམས་ས་དཔྱད། གསོ་རིག ལྷ་བྲིས། རོལ་དབྱངས་སོགས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་ཡོད་པས། མེས་རྒྱལ་གྱི་རིག་གནས་བང་མཛོད་ཀྱི་འོད་སྟོང་འཕྲོ་བའི་ཆ་ཤས་ཤིག་ཡིན། ཁྱོད་ཚོས་གོ་སྐབས་བཟང་བོ་འདི་ལོངས་སུ་སྤྱད་ནས་སློབ་སྦྱོང་ལ་འབད་པ་བྱས་སྟེ། རང་ཉིད་ནི་ཕུགས་བསམ་དང་ལྡན་ཞིང་། ཀུན་སྤྱོད་ལེགས་པ། རིག་གནས་ལ་མཁས་པ། སྒྲིག་ལམ་བརྩི་བ་བཅས་ཀྱི་མི་ཞིག་བྱེད་དགོས་ཤིང་། སྤྱོད་ཡོན་ཟུང་འབྲེལ་དང་། སློབ་སྦྱོང་དང་ཉམས་ལེན་ཡ་མ་བྲལ་བར་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་དང་། མདོ་སྔགས་གཞུང་ལུགས་རྒྱ་མཚོ་ལྟར་མཐའ་ཡས་པ་ལ་འཆད་རྩོད་རྩོམ་གསུམ། རིག་པའི་གནས་བཅུ་ལ་མཁས་ཤིང་དེང་རབས་ཚན་རིག་ཤེས་བྱའི་ཤེས་རྒྱ་ཡངས་པ་ཞིག་དགོས་ཞེས་གསུངས་ཡོད།


པཎ་ཆེན་སྐུ་ཕྲེང་བཅུ་བས་ནང་བསྟན་སློབ་གླིང་ནས་ཕྱག་ལས་གནང་བཞིན་པ།

  སྤྱི་ལོ1988ལོའི་ཟླ་དྲུག་པར་སློབ་མ་སྐབས་དང་པོས་སློབ་སྦྱོང་དངོས་སུ་གྲུབ་ཅིང་རང་རང་གི་གནས་སུ་ལོགས་ཁར་པཎ་ཆེན་རིན་པོ་ཆེས་མཐར་ཕྱིན་མཛད་སྒོའི་སྟེང་ཞལ་བརྩེ་བ་ཆེན་པོས་ཁྱེད་ཅག་ནི་རྒྱལ་ཁབ་སློབ་གསོ་ཨུས་དངོས་སུ་ངོས་ལེན་ཐོབ་པའི་ཆོས་ལུགས་སློབ་གླིང་གི་ཆེད་སྦྱོང་ཆེན་མོའི་མཐར་ཕྱིན་སློབ་མ་སྐབས་དང་པོ་རེད། ཁྱོད་ཚོས་མཚན་སྙན་འདི་ལ་གཅེས་སྤྲས་དང། རང་བཀུར་དང་རང་བརྩི། རང་སྟོབས་བཅས་ཀྱི་སྙིང་སྟོབས་སྤེལ་ནས་མ་འོངས་པའི་ལས་ཀའི་ཁྲོད་དུ་རང་ལ་རེ་བ་ནན་ཏན་འདོན་པ་དང་། བརྩོན་པའི་ཧུར་བསྐྱེད་ཅིང་། ལས་ཀར་འབད་པ་བྱས་ནས། རྒྱལ་གཅེས་ཁྲིམས་སྲུང་དང་། ཆོས་གཅེས་ཁྲིམས་གཙང་། ཡོན་ཏན་ཡོད་པ་དང་ནུས་པ་ཡོད་ཅིང་གཞུང་སྡེ་སྣོད་གསུམ་གྱི་དོན་ལ་སྒྲོ་འདོགས་ཆོད་པའི་བོད་བརྒྱུད་ནང་བསྟན་གྱི་རྒྱུད་འཛིན་པ་ཞིག་བྱེད་དགོས་ཞེས་བཀའ་སློབ་གནང་ཡོད།

  པཎ་ཆེན་རིན་པོ་ཆེས་སློབ་མ་ཚོའི་ཆབ་སྲིད་ཀྱི་བྱང་ཚང་ལའང་དོ་སྣང་ཤུགས་ཆེན་པོ་གནང་ཞིང་། སློབ་མ་ཀུན་ལ་ཡིག་ཚད་སྐར་འབྲས་ཚད་ལོངས་དགོས་པ་མ་ཟད། ཆབ་སྲིད་ཀྱི་ཐད་ནས་ཀྱང་ཚད་ལོངས་དགོས་ཞེས་རེ་བཏོན་ཞིང་། ནམ་རྒྱུན་དགེ་སློབ་ཚོ་ལ་ཏང་གི་མགོ་ཁྲིད་བརྩི་སྲུང་དང་། མེས་རྒྱལ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བཅས་དང་། བརྟན་བརླིང་དང་མཐུན་སྒྲིལ་གྱི་ཆབ་སྲིད་གནས་བབ་བརྟན་སྲུང་དང་། མེས་རྒྱལ་གཅིག་གྱུར་བརྟན་སྲུང་། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་བཅས་ལ་བྱས་རྫེས་འཇོག་དགོས་ཞེས་གདམས་ཤིང་། ལྷག་པར་དུ་སློབ་གླིང་འདི་ཉིད་མི་རིགས་ཁང་དང་ཆོས་བརྒྱུད་ཁག་མཐུན་སྒྲིལ་ཡར་ཐོན་ཡོང་བའི་མིག་དཔེ་ཞིག་ཏུ་སྐྲུན་དགོས་ཞེས་རེ་བ་བཏོན་ཡོད།
  པཎ་ཆེན་རིན་པོ་ཆེས་ད་དུང་སློབ་གྲྭའི་སྒྲིག་ལམ་འཛུགས་སྐྲུན་ལ་ཐུགས་གཏད་ཡོད་ཅིང་། 《ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་མའི་སྲུང་བྱ》ཞེས་པ་སྐུ་དངོས་སུ་གཏན་འབེབས་གནང་བ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་རྨང་གཞིའི་སྟེང་ལ་སློབ་མ་ཚོར་ཏང་གི་སྲིད་ཇུས་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས། སྤྱི་ཚོགས་སྒྲིག་སྲོལ་དང་། གོམས་སྲོལ་ཡག་པོ་བརྩི་སྲུང་བྱས་ནས་གཞན་གྱི་མིག་ལྟོས་ཡག་པོ་ཆགས་དགོས་པ་དང་། ཟས་གོས་གནས་མལ་དང་འགྲོ་ལུགས་འདུག་སྲོལ་སོགས་ལུས་ངག་གི་སྤྱོད་པ་གང་ཡང་ཆོས་དང་བསྟུན་ནས་འཇིག་རྟེན་སྐྱེ་བོ་ཕལ་བའི་བཀུར་བསྟིའི་ཡུལ་དུ་འགྱུར་དགོས་ལ། འདི་ལྟར་བགྱིས་པའི་རྣམ་དཀར་གྱི་དགེ་བའི་མཐུས་ཆོས་མཐུན་གྱི་ལས་རྣམ་ཐོག་མེད་དུ་འགྲུབ་པ་དང་དད་ལྡན་དང་བ་འདྲེན་པའི་མིག་ལྟོས་སུ་འགྱུར་དགོས། དེ་མིན་སློབ་གླིང་གི་མཚན་དང་སྙན་གྲགས་གི་དོན་དུ་སློབ་གླིང་གིས་གཏན་འཁེལ་བྱས་པའི་སྒྲིག་སྲོལ་ལམ་ལུགས་ཁག་རང་གི་དཔྲལ་བའི་མིག་བཞིན་བརྩི་སྲུང་ནན་ཏན་དང་། དུས་ཚོད་སྐར་ཆ་གང་ཡང་དོན་མེད་འཕྲོ་བརླག་ཏུ་མི་འགྲོ་བར་བརྩོིན་པའི་རྒྱུན་བསྟེན་ནས་སློབ་གླིང་སློབ་ཁྲིད་ཀྱི་གྲུབ་འབྲས་ལ་སྔར་མེད་ཀྱི་འབྲས་བཟང་གསར་བ་ལེན་པར་བྱས་རྗེས་འཇོག་དགོས་ཞེས་གདམས་ཡོད།
  པཎ་ཆེན་རིན་པོ་ཆེས་སློབ་གླིང་འཕེལ་རྒྱས་ནམ་ཡང་ཐུགས་ལ་བསྣམས་ཡོད་ཅིང་། མ་འོངས་པར་སྔར་ལས་འཕེལ་ཞིང་རྒྱས་པར་ཐུགས་ཡིད་བརྟན་པོ་ཆེས་ནས་ཁོང་སྐུ་དངོས་སུ་སློབ་གླིང་གི་འཕེལ་རྒྱས་ལ་འཆར་འགོད་གནང་ཡོད། སློབ་གླིང་བཙུགས་མ་ཐག་པའི་སྐབས་ནས་བཟུང་ཁོང་གིས་སློབ་གླིང་ནི་བོད་བརྒྱུད་ནང་བསྟན་གྱི་སློབ་གསོ་དང་ཞིབ་འཇུག་ཟུང་གི་མཐོ་རིམ་ལྟེ་བ་ཞིག་ཏུ་འགྱུར་བའི་འཆར་གཞི་བཀོད་ཡོད།
  པཎ་ཆེན་རིན་པོ་ཆེས་ད་དུང་དགེ་སློབ་ཚོའི་འཚོ་བ་ལ་ཐུགས་ཁུར་ཆེ་བཞེས་གནང་ནས། སློབ་མ་ཚོ་ལ་རྒྱལ་ཁབ་ཀྱི་འཚོ་བའི་ཁ་སྣོན་ཅུང་མཐོན་པོ་སྤྲད་པ་དང་། ནམ་རྒྱུན་ཁོང་སྐུ་དངོས་སུ་སློབ་མ་ཚོའི་ཉལ་ཁང་དུ་ཕེབས་ནས་ཉལ་སའི་ཆ་རྐྱེན་དང་། ཐབ་ཚང་དུ་ཕེབས་ནས་བཟའ་བཏུང་གི་གནས་ཚུལ་སོགས་ལ་རྒྱུས་ལོན་བྱས་པ་མ་ཟད། ད་དུང་སློབ་གླིང་གི་སྣེ་ལེན་ཁང་ལ་ཕེབས་ནས་སློབ་མའི་ཁྱིམ་མི་དང་ལས་བཟོ་བའི་འཚོ་བ་ལ་ཐུགས་ཁུར་གནས་བས། དགེ་བའི་བཤེས་གཉེན་དམ་པ་ཞིག་གིས་བུ་སློབ་ལ་བཅངས་པའི་བརྩེ་བ་ཟབ་མོ་མངོན་པར་བྱས་ཡོད།

 
པཎ་ཆེན་སྐུ་ཕྲེང་བཅུ་བས་ནང་བསྟན་སློབ་གླིང་དུ་གཟིགས་ཞིབ་གནང་བ།

  སྤྱི་ལོ1989ལོའི་ཟླ་དང་པོའི་ཚེས་བདུན་ཉིན་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་དགོན་སེར་ནུབ་མ་ནས་དགེ་སློབ་ཡོངས་རྫོགས་བསྡུས་ནས་ཚོགས་འདུ་འཚོགས་ཤིང་གསུངས་བཤད་གལ་ཆེན་པོ་གནང་། གསུངས་བཤད་ཐེངས་དེར་ཁོང་གིས་སྔོན་ལ་ཏང་ཀྲུང་དབྱང་གི་ཐུགས་ཁུར་འོག་དང་དགེ་སློབ་ཡོངས་ཀྱི་འབད་པ་བྱས་འོག་ནང་བསྟན་སློབ་གླིང་གིས་གཞན་གྱིས་དང་བ་འདྲེན་པའི་གྲུབ་འབྲས་བླངས་ཡོད་ཅིང་། རྒྱལ་ཁབ་ཕྱི་ནང་ཀུན་དུ་ཤུགས་རྐྱེན་ལེགས་པོ་བྱུང་སོང་བས། ཚང་མས་འབད་པ་ལྷོད་མེད་བྱས་པ་ལ་བཀའ་དྲིན་ཆེ་ཞེས་གསུངས་ཤིང་། དེ་ནས་སློབ་གླིང་གི་སློབ་ཁྲིད་དོ་དམ་ལ་དགོངས་འཆར་དོན་དུ་སྨིན་པ་མང་པོ་བསྩལ་བ་དང་སློབ་མ་ཚོའི་སློབ་སྦྱོང་དང་སྒྲིག་ལམ་ལ་དམིགས་བཙུགས་ནས་ནན་གསུངས་གནང་བ་དང་སློབ་མ་ཚོས་སློབ་སྦྱོང་ལ་ནན་ཏན་དང་སྒྲིག་ལམ་བརྩི་སྲུང་བྱས་ནས་སྤྱི་ཚོགས་ལ་ཕན་པ་ཡོད་པའི་མཐོ་རིམ་ཆོས་ལུགས་མི་སྣ་ཚད་ལྡན་ཞིག་བྱེད་དགོས་ཞེས་རེ་བ་བཏོན་གནང་། ཁོང་གིས་མཇུག་མཐར་ང་ནི་སློབ་གླིང་གི་གླིང་གཙོ་རེད་གནའ་མིའི་གཏམ་དཔེ་ལ་ཕ་ཙན་དན་གྱི་སྡོང་བོ་ལ།།བུ་འཇག་མའི་ཕོན་པོ་མེད།། ཅེས་པ་ལྟར། ངས་རང་གི་སློབ་ཕྲུག་ཁྱོད་ཚོ་མི་སྣ་འཇོན་ཐང་ཅན་ཚད་ལྡན་རེ་ཡོང་བའི་རེ་བ་ཆེ་ཞིང་། མཆོག་གསུམ་བསླུ་བ་མེད་པའི་ཐུགས་རྗེ་དང་བོད་སོག་མི་རིགས་ཡོངས་ཀྱི་རྒྱབ་སྐྱོར། ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་བཅས་ལ་བརྟེན་ན་ཆོས་ལུགས་ཀྱི་ལས་དོན་ལ་སྔར་མེད་ཀྱི་གྲུབ་འབྲས་ལོན་པའི་ཡིད་ཆེས་ཡོད་ཅེས་གསུངས། སྤྱི་ལོ1989ལོའི་ཟླ་དང་པོའི་ཚེས་དགུ་ཉིན་ཁོང་རིན་པོ་ཆེ་པེ་ཅིང་ནས་ལྷ་སར་ཕེབས་ཤིང་། མཆོད་སྡོང་ཤར་བཀྲ་ཤིས་རྣམ་རྒྱལ་ལེགས་འགྲུབ་ཀྱི་དགའ་སྟོན་ལ་ཕེབས། སློབ་གླིང་གི་དགེ་སློབ་ཡོངས་གནམ་ཐང་དུ་སྐྱེལ་མར་ཕྱིན། ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་ཁོང་རིན་པོ་ཆེ་གློ་བུར་དུ་སྙིང་གི་ན་ཚས་བསྙུན་ཞིང་གཞིས་ཀ་རྩེ་ནས་དགོངས་པ་ཆོས་དབྱིངས་སུ་ཐིམས་པའི་ཚུལ་མཛད། དེ་ལྟར་ཟླ་དང་པོའི་ཚེས་བདུན་ཉིན་སློབ་གླིང་གི་དགེ་སློབ་ཡོངས་རྫོགས་བསྡུས་པའི་ཚོགས་འདུ་དེ་ནི་ཁོང་ཉིད་ཀྱིས་དགོན་སེར་ནུབ་མ་རུ་སྤེལ་བའི་ཕྱག་ལས་མཐའ་མར་གྱུར།

  གསུམ་པ། བླ་སྤྲུལ་ངོས་འཛིན་གྱི་ལམ་ལུགས་དང་གསོ་སྐྱོང་།
  བླ་སྤྲུལ་ངོས་འཛིན་ནི་བོད་བརྒྱུད་ནང་བསྟན་གྱི་ཁྱད་ཆོས་གལ་ཆེན་ཞིག་ཡིན་ཞིང་། སྤྲུལ་བའི་སྐུ་ཞེས་པ་འདི་ནི་སེམས་ཅན་གྱི་དོན་དུ་གང་ལ་གང་འདུལ་གྱི་སྐུར་སྟོན་ཞིག་ལ་ཟེར། བླ་སྤྲུལ་ངོས་འཛིན་གྱི་ལམ་ལུགས་ནི་བོད་བརྒྱུད་ནང་བསྟན་ཁོ་ན་ཡོད་ཅིང་ནང་བསྟན་གྱི་དགོངས་དོན་ལས་རྟེན་འབྲེལ་གྱི་ལྟ་བ་དང་ལོངས་སྐུ་སོགས་ཀྱི་དགོངས་དོན་གཞིར་བཟུང་ཞིང་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་གི་བསྟན་སྲིད་ཀྱི་དོན་དུ་བཟོས་པའི་ཆོས་ལུགས་ཀྱི་ལམ་ལུགས་ཤིག་ཡིན། པཎ་ཆེན་རིན་པོ་ཆེས་བླ་སྤྲུལ་ངོས་འཛིན་ནི་བོད་བརྒྱུད་ནང་བསྟན་གྱི་ཁྱད་ཆོས་གལ་ཆེན་ཞིག་ཡིན་ཞིང་བླ་སྤྲུལ་ལ་སྤྱི་ཚོགས་སྟེང་ཤུགས་རྐྱེན་ཆེན་པོ་ཡོད་ལ་ཀུན་གྱིས་སྐྱེས་བུ་དམ་པ་ཞེས་བཀུར་བ་ཡིན་པས། བོད་སོག་ཆོས་དད་པ་ཚོས་དད་གུས་ཀྱི་ཡུལ་གལ་ཆེན་པོ་ཞིག་ཡིན། དམངས་གཙོ་བཅོས་བསྒྱུར་སྐབས་སུ་དགོན་པའི་བཀས་བཀོད་རྒྱུད་འཛིན་གྱི་ཁྱད་དབང་དང་བཀས་བཀོད་རྒྱུད་འཛིན་གྱི་གཉའ་གནོན་ལམ་ལུགས་མེད་པར་བཟོས་པ་ནི་ཡང་དག་པ་ཡིན་མོད། བླ་སྤྲུལ་གསོ་སྐྱོང་གི་ལམ་ལུགས་ཀྱང་མཚམས་ཆད་ཡོད། དེའི་ཕྱིར་རྒྱལ་གཅེས་ཆོས་གཅེས་ཀྱི་བླ་སྤྲུལ་གསོ་སྐྱོང་བྱེད་པ་ནི་མེས་རྒྱལ་གྱི་བྱ་བཞག་རླབས་ཆེན་དང་འབྲེལ་བ་ཡོད་པས། དེང་སྐབས་ཏེང་གི་ཆོས་ལུགས་སྲིད་ཇུས་ཀྱི་འོད་སྣང་འོག་དང་ཀྲུང་དབྱང་མགོ་ཁྲིད་ཀྱི་ཐུགས་ཁུར་ཆེ་བཞེས་འོག་ང་ཚོ་ལ་མིག་མཐོང་ལག་ཟིན་གྱི་ལྕགས་རི་རིང་བོ་དགོས་པ་མ་ཟད། མི་མངོན་པའི་མི་སེམས་ཀྱི་ལྕགས་རི་རིང་བོའང་སྐྲུན་དགོས། བླ་སྤྲུལ་གསོ་སྐྱོང་ནི་ལས་འགན་རླབས་ཆེན་དེ་འགྲུབ་པའི་ལམ་བུ་གལ་ཆེན་ཞིག་ཡིན་ཞེས་སློབ་སྟོན་གནང་ཡོད།

 

བླ་སྤྲུལ་ཚོས་ནང་བསྟན་སློབ་གླིང་དུ་སློབ་སྦྱོང་གནང་བཞིན་པ།
  ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་དང་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་སྐུལ་སྤེལ་འོག་ཏུ་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་བླ་སྤྲུལ་གསོ་སྐྱོང་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ཅིང་། སྤྱི་ལོ2008ལོའི་ཟླ་ལྔ་བའི་བར་ལ་སློབ་གླིང་གིས་བླ་སྤྲུལ་གཙོ་བོ་བྱས་པའི་ནང་བསྟན་ཆེད་སྦྱོང་ཆེན་མོའི་འཛིན་གྲྭ་སྐབས་བཅུ་གཉིས་བསྡུས་ནས་བླ་སྤྲུལ360ལྷག་གསོ་སྐྱོང་བྱས་ཡོད་ལ། དེ་དག་གི་ཆོས་བརྒྱུད་ཀྱང་དགེ་ལུགས་དང་བཀའ་བརྒྱུད། ས་སྐྱ། སྙིང་མ། ཇོ་ནང་། བོན་པོ་སོགས་ཡོད་པ་རེད།

བླ་སྤྲུལ་འཛིན་གྲྭ་ཐོག་མ་མཐར་ཕྱིན་པ།

  བཞི་བ། བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ཀྱི་ཡོན་གནས།
  བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་ལམ་ལུགས་ནི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་བསླབས་གནས་ཀྱི་ལམ་ལུགས་ལེགས་པོའི་རྨང་གཞིའི་སྟེང་། དེང་རབས་ཀྱི་སློབ་ཁྲིད་ཐབས་ལམ་གྱི་ཉམས་མྱོང་གསར་བ་བསྡུ་ལེན་དང་། རང་རྒྱལ་གྱི་སྤྱི་ཚོགས་ལམ་ལུགས་ཀྱི་དགེ་མཚན་དང་ཟུང་འབྲེལ་བྱས་ནས་བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་སྤྲོད་པའི་ལམ་ལུགས་གསར་བ་ཞིག་གྲུབ་པ་ལ་ཟེར། དགེ་བཤེས་ཞེས་པ་ནི་དགེ་བའི་བཤེས་གཉེན་ཏེ་བླང་དོར་གྱི་གནས་སྟོན་པའི་སྐྱེས་བུ་དམ་པ་སྤྱིའི་མཚན་ཡིན། དགེ་ལུགས་པའི་གྲྭ་བཙུན་ཚོས་མདོ་ཕྱོགས་ཀྱི་གཞུང་ཆེན་བཀའ་པོད་ལྔ་ལ་སྦྱང་བ་མཐར་ཕྱིན་རྗེས་གྲྭ་མང་ཚོགས་པའི་དབུས་སུ་དམ་བཅའ་བཞག་ན་མིང་ཐོབ་འདི་ཐོབ་པ་ཡིན་ལ། མདོ་ཕྱོགས་ཀྱི་སློབ་གཉེར་མཐར་ཕྱིན་པའི་ཡོན་གནས་ཀྱི་མིང་ཡིན།《མདོ་སྡེ་དཀོན་མཆོག་བརྩེགས་པ》རུ་དགེ་བཤེས་ནི་གཞན་ལ་ཕན་པའི་དགེ་བ་སྐྱེད་པ་དང་། འགྲོ་བའི་ཤེས་རབ་འཕེལ་བ། ཕ་རོལ་དུ་ཕྱིན་པའི་ཆོས་འགྲུབ་པ། འཚང་རྒྱ་བའི་ཆོས་སྟོན་པའི་ཐེག་པ་ཆེན་པོའི་ལམ་གྱི་རྗེས་སུ་ཞུགས་པ་ཞིག་ལ་ཟེར་ཞེས་བརྗོད་ཡོད། དགེ་ལུགས་པའི་གདན་ས་སེ་འབྲས་དགེ་གསུམ་སོགས་སུ་དགེ་བཤེས་ལ་ལྷ་རམས་པ་དང་ཚོགས་རམས་པ། གླིང་བསྲེ། རྡོ་རམས་པ་སོགས་སུ་དབྱེ་སྲོལ་ཡོད། གཞུང་བཀའ་པོད་ལྔ་ནི་དགེ་ལུགས་པའི་སློབ་གཉེར་བ་ཞིག་གིས་ངེས་པར་སློབ་འོས་པའི་གཞུང་ཆེན་ལྔ་ཡིན་ཞིང་། བརྗོད་བྱ་དོན་གྱི་ཚད་མ་བདེན་གཉིས་ལ་གསར་དུ་མི་སླུ་བའི་ཤེས་པ་བརྗོད་བྱར་བྱེད་པའི་ཐུབ་པའི་གསུང་རབ་དང་། ཚད་མ་ཀུན་ལས་བཏུས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པར་འགྲེལ་བའི《ཚད་མ་རྣམ་འགྲེལ》། ཤེར་ཕྱིན་གྱི་མདོའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཙོ་བོར་སྟོན་པ《མངོན་རྟོག་རྒྱན》། དབུ་མའི་གཞུང་རྩ་བ་ཤེས་རབ་ལ་འཇུག་ཚུལ་ཟབ་པ་དང་རྒྱ་ཆེ་བ་གཉིས་ཀྱི་སྒོ་ནས་འཇུག་པར་བྱ་བའི་གཞུང《དབུ་མ་འཇུག་པ》། ཁམས་དང་དབང་བོ་དང་། འཇིག་རྟེན་དང་། ལས་དང་། ཕྲ་རྒྱས་དང་། ལམ་དང་། གང་ཟག་དང་། ཡེ་ཤེས་དང་། སྙོམ་འཇུག་སྟེ་གནས་བརྒྱད་ཀྱི་བདག་ཉིད་ཅན་གྱི་བསྟན་བཅོས《མངོན་པ་མཛོད》། གདུལ་བྱའི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་མ་རུངས་བ་འདུལ་བྱེད་ཀྱི་སོ་སོར་ཐར་བའི་སྡོམ་པ་བཤད་པའི་གཞུང《འདུལ་བ》བཅས་ཡིན།
  རྩོད་པ་གཏོང་བ་ནི་བོད་བརྒྱུད་ནང་བསྟན་གྱི་སྔར་སྲོལ་སློབ་སྦྱོང་དང་རྒྱུགས་སྤྲོད་ཀྱི་ཐབས་ལམ་ཞིག་ཡིན་ལ། འདི་ལ་དམ་བཅའ་བ་དང་རྩོད་པ་ཞེས་རིགས་གཉིས་ཡོད། དམ་བཅའ་བ་ནི་གཞུང་གི་གོ་དོན་དང་འབྲེལ་ནས་དྲི་བ་གཏོང་ཞིང་དེ་ལ་རྩོད་པ་དེ། སྔ་རྒོལ་གྱིས་ཐོག་མར་གཞུང་བཀའ་པོད་ལྔའི་ནང་དོན་གང་རུང་གཞིར་བཟུང་ནས་དྲི་བ་བཏང་ཚེ་ཕྱི་རྒོལ་གྱིས་དེ་ལ་ལན་འདེབ་པ་ཞིག་ཡིན་ལ། གྲལ་འཁོད་ཀྱི་གྲྭ་བཙུན་གཞན་ཡང་སྔ་རྒོལ་ལམ་ཕྱི་རྒོལ་གྱི་གྲལ་དུ་ཞུགས་ནས་ལན་འདེབ་ཆོག རྩོད་པ་ཞེས་པ་ནི་གཞུང་གི་ནང་དོན་གང་ཞིག་ལ་གཞིར་བཟུང་ནས་ཕན་ཚུན་ལ་དྲི་བ་འདོན་པ་དང་། རྩོད་ཅིང་བརྡར་ཤ་གཅོད་པ་ཞིག་ཡིན།

ཡོན་གནས་བརྟག་ཞིབ་ཨུ་ཡོན་ལྷན་ཚོགས་བཙུགས་པ།

  སྤྱི་ལོ2004ལོའི་ཟླ་དགུ་བའི་ཚེས་གཅིག་ཉིན་ལ་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་མཐོ་རིམ་ཡོན་གནས་འཛིན་གྲྭ་ཐོག་མའི་སློབ་མགོ་ཚུགས་ཤིང་། སྤྱི་ལོ2005ལོའི་ཟླ་དགུ་བའི་ཚེས་ལྔ་ནས་ཚེས་བཅུ་གཉིས་བར་ལ་མཐོ་རིམ་ཡོན་གནས་འཛིན་གྲྭའི་མཐར་ཕྱིན་ཡིག་ཚད་མཚོ་སྔོན་ཞིང་ཆེན་གྱི་སྐུ་འབུམ་དགོན་པ་ནས་བཏང་། སྤྱི་ལོ2005ལོའི་ཟླ་བཅུ་བའི་ཚེས་བཅུ་གཉིས་ནས་བཅུ་དགུ་ཉིན་གྱི་བར་ལ་མཐོ་རིམ་ཡོན་གནས་འཛིན་གྲྭས་ཡོན་གནས་དམ་བཅའ་དང་དཔྱད་རྩོམ་བགྲོ་གླེང་། དམ་བཅའ་འཇོག་པའི་མཛད་སྒོ་བཅས་པེ་ཅིང་དང་དགའ་ལྡན་བྱིན་ཆགས་གླིང་དང་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནས་གཟབ་རྒྱས་ངང་སྤེལ་ནས་སློབ་མ་བཅུ་གཅིག་ལ་བོད་བརྒྱུད་ནང་བསྟན་གྱི་མཐོ་རམས་པའི་མཐོ་རིམ་ཡོན་གནས་ཐོབ། འདི་ལས་གནའ་དེང་ཟུང་འབྲེལ་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་ཡོན་གནས་ལམ་ལུགས་དངོས་སུ་ཚུགས་པ་མཚོད་ཡོད།


སྐབས་དང་པོའི་མཐོ་རིམ་ཡོན་གནས་ཀྱི་སློབ་མ་ཚོའི་མཐར་ཕྱིན་ཡིག་ཚད་མཚོ་སྔོན་ཞིང་ཆེན་གྱི་སྐུ་འབུམ་དགོན་པ་ནས་བཏང་བ།

  བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་ཡོན་གནས་ལམ་ལུགས་ལས་མཐོ་རམས་པ་ནི་མཐོ་རིམ་རབ་འབྱམས་པ་ཞེས་པའི་ཚིག་བསྡུས་པ་ཡིན་ལ། རབ་འབྱམས་པ་ཞེས་པ་ནི་གཞུང་ལུགས་མཐའ་དག་ལ་སྦྱངས་པ་མཐར་སོན་ནས་ཁུང་དུ་ཆུད་པའི་མཁས་པའི་དོན་ཡིན་པས། མཐོ་རིམ་རབ་འབྱམས་པ་ཞེས་པ་ནི་གཞུང་ལུགས་མཐའ་དག་ལ་སྦྱངས་པ་མཐར་སོན་པའི་མཁས་པའི་ཡང་རྩེ་རུ་ངོས་འཛིན་ཆོག འདི་ནི་བོད་བརྒྱུད་ནང་བསྟན་གྱི་སྡེ་ཡི་དེང་དུས་ཀྱི་ནང་བསྟན་ཡོན་གནས་མཐོ་ཤོས་ཡིན་ལ། བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་ཡོན་གནས་ལམ་ལུགས་ཀྱི་ནང་དོན་གལ་ཆེན་ཞིག་ཡིན།


དགོན་སེར་ནུབ་མ་ནས་རྟགས་གསལ་གཏོང་བཞིན་པ།

  བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་ལམ་ལུགས་གསར་བ་འདི་ནི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཁག་གི་སློབ་གཉེར་དང་འཛིན་གྲྭ་འཕར་བའི་ལམ་ལུགས་ལ་བརྩི་བཀུར་དང་རྒྱུད་འཛིན་བྱས་པའི་རྨང་གཞིའི་སྟེང་ནས་གྲུབ་པ་ཡིན་ལ། སློབ་སྦྱོང་གི་ནང་དོན་དང་སློབ་སྦྱོང་གི་ཐབས་ལམ། རྒྱུགས་སྤྲོད་ཀྱི་རྣམ་པ་སོགས་གང་ལ་བལྟས་ཀྱང་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་གི་སྔར་སྲོལ་དང་མཐུན་པར་བྱས་ཡོད་པས་བོད་བརྒྱུད་ནང་བསྟན་གྱིི་ཆོས་བརྒྱུད་ཁག་གི་བླ་སྤྲུལ་དགེ་བའི་བཤེས་གཉེན་དག་གིས་བསྟོད་བསྔགས་ཐོབ་ཡོད་ཅིང་། དད་ལྡན་སེར་སྐྱ་ཕོ་མོ་ཡོངས་ཀྱིས་གོང་བཀུར་ཐོབ་ཡོད་པས་བོད་བྲགྱུད་ནང་བསྟན་གྱི་ཚད་ཤིང་ཤིག་འཛུགས་པར་རྨང་གཞི་ལེགས་པོ་བཏིང་ཡོད།
  ཡོན་གནས་ལམ་ལུགས་གསར་བས་ཆོས་བརྒྱུད་ཡོད་ཚད་བསྡུས་ཡོད་པས་མཐུན་སྒྲིལ་དང་ཡར་ཐོན། དམངས་གཙོ། འཆམ་མཐུན་བཅས་ཀྱི་ཁྱད་ཆོས་ཡོད་པ་མ་ཟད། བོད་བརྒྱུད་ནང་བསྟན་གྱི་ཕུལ་བྱུང་ཤེས་ལྡན་པ་གསོ་སྐྱོང་དང་། བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་རང་ངོས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད། བོད་བརྒྱུད་ནང་བསྟན་གྱི་དགེ་མཚན་གྱི་ཆ་འདོན་སྤེལ་བྱས་ནས་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་མཐུན་པོ་ཡོང་ནས་སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་འཛུགས་པའི་སྐབས་སུ་ཧུར་ཐག་གི་ནུས་པ་ཐོན་པ་བཅས་ལ་ཕན་པ་ཡོད་པ་རེད། བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་ལམ་ལུགས་གསར་བ་ལ་མཐོ་རིམ་ཡོན་གནས་དང་། འབྲིང་རིམ་ཡོན་གནས། དམའ་རིམ་ཡོན་གནས་བཅས་ཚུད་ཡོད།

མཐོ་རིམ་ཡོན་གནས་སྤྲོད་པའི་མཛད་སྒོ་ཐོག་མ་དགོན་སེར་ནུབ་མ་ནས་བསྡུས་ཤིང་གླིང་གཙོ་ཀུན་མཁྱེན་འཇམ་དབྱངས་བཞད་པས་དཔང་ཡིག་གནང་བཞིན་པ།

  སྤྱི་ལོ2013ལོའི་ཟླ་བཅུ་བའི་དཀྱིལ་བར་ལ་སློབ་གླིང་གིས་མཐོ་རིམ་ཡོན་གནས་ཀྱི་འཛིན་གྲྭ་སྐབས་བཅུ་གཅིག་དང་། འབྲིང་རིམ་ཡོན་གནས་ཀྱི་འཛིན་གྲྭ་སྐབས་བདུན་བསྡུས་ཡོད་ལ། སློབ་མ་བརྒྱད་ཅུ་གྱ་བརྒྱད་ལ་མཐོ་རམས་པའི་ཡོན་གནས་གནང་བས་བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་ལམ་ལུགས་གསར་བ་ལ་ནུས་པ་ཐོན་ཞིང་སྤྱི་ཚོགས་ལས་རིགས་ཁག་ནས་བསྟོད་བསྔགས་ཐོབ་ཡོད། མཐོ་རམས་པའི་ཡོན་གནས་ཐོབ་པའི་གྲྭ་བཙུན་དག་བོད་ཡུལ་དུ་ཕྱིར་ལོགས་རྗེས་རང་རང་གི་ཤེས་ཡོན་དང་ཤུགས་རྐྱེན་སྤྱད་ནས་མི་རིགས་མཐུན་སྒྲིལ་དང་བོད་རིགས་འདུས་སྡོད་ཁུལ་གྱི་འཕེལ་རྒྱས་ལ་རང་འཁྲིའི་ནུས་པ་ལེགས་པོ་འདོན་བཞིན་ཡོད།
  ད་ལྟ་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་གྱི་དཔུང་སྡེ་སྔར་ལས་མཐུག་ཅིང་། འདི་ནས་སྐྱེད་བསྲིང་བྱས་པའི་གྲྭ་བཙུན་དག་གིས་སྤྱི་ཚོགས་ལ་ལག་རྗེས་མཚམས་མེད་པར་འཇོག་བཞིན་ཡོད། ད་ལྟའི་གླིང་གཙོ་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པ་ཡིན་ཞིང་། གླིང་གཙོ་གཞོན་པ་ནི་ནགས་གཙང་བྱམས་པ་ངག་དབང་་ཡིན་ལ། རྒྱུན་ལས་གླིང་གཙོ་གཞོན་པ་ནི་ཝང་ཁྲང་ཡུའུ་དང་། གླིང་གཙོ་གཞོན་པ་ནི་ལིའུ་ཧོང་ཅི་བཅས་ཡིན།

    དགེ་བཤེས་ལྷ་རམས་པའི་ཡོན་གནས་ལ་བོད་བརྒྱུད་ནང་བསྟན་གྱི་སྡེ་རུ་མཚན་སྙན་གྲགས་ཆེན་པོ་ཡོད་ཅིང་། དེ་ནི་མདོ་ཕྱོགས་ཀྱི་སློབ་གཉེར་མཐར་ཕྱིན་པ་ཙམ་མ་ཡིན་པར་གཞན་ལས་ཁྱད་པར་དུ་འཕགས་པའི་གྲུབ་འབྲས་བླངས་པ་ཡིན་ལ། དགེ་བཤེས་ལྷ་རམས་པའི་ཡོན་གནས་ཐོབ་པ་ཡིན་ན་མཁས་པ་ཆེན་པོ་ཡིན་པའི་སྙན་གྲགས་བོད་བརྒྱུད་ནང་བསྟན་ལ་དད་མོས་བྱེད་པའི་ཡུལ་གྲུ་ཀུན་དུ་ཁྱབ་ངེས་པ་རེད། དགེ་བཤེས་ལྷ་རམས་པ་ཞེས་པའི་ཡོན་གནས་འདི་བྱུང་བ་ནས་ད་ལྟའི་བར་ལ་ལོ་ངོ་བཞི་བརྒྱ་ལྷག་འགོར་ཡོད་ཅིང་། དེའི་རིང་ལ་མཁས་པ་གནམ་གྱིས་ས་བཀབས་པ་ལྟ་བུ་མང་དུ་བྱུང་བས། བོད་བརྒྱུད་ནང་བསྟན་གྱི་སྡེ་ལ་ཤེས་ཡོན་པ་གང་མང་གསོ་སྐྱོང་བྱས་ཡོད་ལ། རིག་པའི་གནས་ལ་སྒྲོ་འདོག་གཅོད་པ་དང་། སློབ་གཉེར་ཚུལ་བཞིན་བསྟེན་པ། མདོ་རྒྱུད་རྒྱ་མཚོའི་མཐར་ཕྱིན་པའི་ཁྱད་ཆོས་ཀྱིས་དགེ་ལུགས་པའི་མདོ་ཕྱོགས་ཀྱི་སློབ་གཉེར་ལ་ཕན་པ་མི་དམན་པ་ཐོན་ཡོད་ཅིང་། བོད་བརྒྱུད་ནང་བསྟན་མ་ཟད་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་འཕེལ་རྒྱས་ལའང་དོན་སྙིང་ལེགས་པོ་ཡོད་པ་དང་། བོད་ཡུལ་གྱི་ལོ་རྒྱུས་དང་མཚན་ཉིད་རིག་པ། རྩོམ་རིག སྒྱུ་རྩལ་སོགས་ཀྱི་འཕེལ་རྒྱས་ལ་ཕན་པ་ཆེན་པོ་ཐོན་ཡོད།
  ལྔ་བ། བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་ལམ་ལུགས་གསར་བ་བཙུགས་པ།
  ཉེ་བའི་ལོ་འགའི་རིང་ལ་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་སྔར་ལས་ལག་བསྟར་དོན་དུ་འཁྱོལ་བ་དང་བསྟུན་ནས་བོད་བརྒྱུད་ནང་བསྟན་གྱི་སྡེ་ཡི་མི་སྣ་དང་། དད་ལྡན་ཕོ་མོ་ཡོངས་ལ་ཚད་ཤིང་གི་རང་བཞིན་དང་ལྡན་པའི་བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་སྤྲོད་པའི་ལམ་ལུགས་ཤིག་དགོས་རེ་ཆེ་ཞིང་། ཏང་དང་སྲིད་གཞུང་གིས་འདི་ལ་མཐོང་ཆེན་ཚད་མཐོན་པོ་བྱས་ནས་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་ལ་བརྩི་བཀུར་དང་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ཁྱད་ཆོས་དང་ད་ལྟའི་གནས་བབ་ཟུང་དུ་སྦྲེལ་ནས་བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་ལམ་ལུགས་གསར་བ་འཛུགས་རྒྱུ་ཐག་བཅད་ཅིང་། སྤྱི་ལོ2004ལོའི་ཟླ་བཞི་བར་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུའུ་ཡིས《བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་ཡོན་གནས་སྤྲོད་པའི་ཐབས་ལམ》(ཚོད་བཀོལ)ཞེས་པ་བཀྲམས་ཤིང་ཞིབ་ཕྲ་ཀྲུང་གོའི་མཐོ་རིམ་ནང་བསྟན་སློབ་གླིང་གིས་ལག་བསྟར་བྱས།
  སྤྱི་ལོ2008ལོའི་ཟླ་བརྒྱད་པའི་ཚེས་ཉི་ཤུ་ཉིན་ལ་བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་ལས་དོན་མཛུབ་སྟོན་ཨུ་ཡོན་ལྷན་ཚོགས་བཙུགས་པ་དང་ཚོགས་འདུ་དང་པོ་ལྷ་ས་ནས་འཚོགས། ཚོགས་འདུའི་སྐབས་སུ་བླ་སྤྲུལ་སྐྱེས་ཆེན་དམ་ཉེར་བདུན་གྱིས་གྲུབ་པའི་བོད་བརྒྱུད་ནང་བསྟན་ཡོན་གནས་ལས་དོན་ཨུ་ཡོན་ལྷན་ཚོགས་བཙུགས་པ་དང་། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་ཡོན་གནས་བརྟག་ཞིབ་ཨུ་ཡོན་ལྷན་ཚོགས་བཙུགས་པ་ཁྱབ་བསྒྲག་བྱས།

  པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་དབུ་བརྙེས་པའི་མཛད་སྒོ་དང་ནང་བསྟན་ཆེད་སྦྱོང་ཆེན་མོའི་འཛིན་གྲྭ་སློབ་མགོ་འཛུགས་པའི་མཛད་སྒོའི་སྟེང་གསུངས་བཤད་གལ་ཆེན་པོ་གནང་ཞིང་། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐུགས་ཁུར་ཆེ་བཞེས་དང་སྤུན་ཟླ་སྡེ་ཁག་གི་རོགས་སྐྱོར་ཤུགས་ཆེན་འོག་དབུ་བརྙེས་པ་ཡིན་ལ། བོད་བརྒྱུད་ནང་བསྟན་གྱི་དད་ལྡན་པ་ཚོ་དགའ་འོས་པའི་དོན་ཆེན་ཞིག་ཡིན་ཞེས་གསུངས། གཏམ་བཤད་དུ་ཁོང་གིས་སློབ་སྒྲུབ་ཀྱི་ཁ་ཕྱོགས་དང་འགན་ཁུར། དམིགས་ཡུལ་བཅས་གསུངས་ཡོད་དེ། ཁ་ཕྱོགས་ནི་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་དང་། མི་རིགས་མཐུན་སྒྲིལ་ཤུགས་སྣོན། བོད་བརྒྱུད་ནང་བསྟན་དར་སྤེལ་བྱས་ནས། རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་སྲིད་ཇུས་ཤེས་ཤིང་། ནང་བསྟན་གཞུང་ལུགས་ལ་འཇུག་པ་ཡངས་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་མཐོ་རིམ་ཆོས་ལུགས་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་ཡིན་ལ། སློབ་གླིང་དམིགས་ཡུལ་ནི་སློབ་མ་ཚོ་རྒྱལ་གཅེས་ཁྲིམས་སྲུང་དང་། ཆོས་གཅེས་ཁྲིམས་གཙང་། ཤེས་ཡོན་དང་འཇོན་ཐང་ལྡན་པ། བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་ཐུབ་པ། མདོ་སྔགས་གཞུང་ལུགས་ཟུང་འཆད་རྩོམ་རྩོམ་གསུམ་ཐུབ་པ། སྡེ་སྣོད་གསུམ་གྱི་གཞུང་ལུགས་ཐོས་བསམ་སྒོམ་གསུམ་ཐུབ་པ། ཐེག་པ་གསུམ་གྱི་ལམ་གྱི་རིམ་པ་ལ་བརྟེན་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱོང་ཐུབ་པའི་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་ཞིག་དང་། དེང་རབས་ཀྱི་ཚན་རིག་རིག་གནས་ཀྱི་ཤེས་ཡོན་ལྡན་ཞིང་། འཕོ་འགྱུར་མགྱོགས་པའི་ཤེས་ཡོན་གྱི་རླབས་རྒྱུན་དང་བསྟུན་ཐུབ་པའི་བོད་བརྒྱུད་ནང་བསྟན་གྱི་ཞིབ་འཇུག་མི་སྣ་དང་སྲོག་ཤིང་ལྟ་བུའི་སྟོབས་ཤུགས། རྒྱལ་སྤྱིའི་ནང་བསྟན་གྱི་བརྗེ་རེས་མི་སྣ། ནང་བསྟན་ཆེད་ལས་ཀྱི་སློབ་ཁྲིད་མི་སྣ། དགོན་པའི་མཐོ་རིམ་དོ་དམ་མི་སྣ་བཅས་གསོ་སྐྱོང་བྱ་རྒྱུ་ཡིན་ལ། ང་ཚོས་འབད་པ་བྱ་སའི་དམིགས་ཡུལ་ནི་སློབ་གླིང་འདི་ཉིད་བོད་བརྒྱུད་ནང་བསྟན་གྱི་སློབ་ཁྲིད་དང་ཞིབ་འཇུག་ཟུང་གི་མཐོ་རིམ་ལྟེ་བ་ཞིག་ཏུ་བསྐྲུན་ནས། བོད་སོག་ས་ཆ་ཁག་གི་དཔལ་ཡོན་གཉིས་ཀྱི་འཛུགས་སྐྲུན་དང་མེས་རྒྱལ་གཅིག་གྱུར་གྱི་རླབས་ཆེན་ལས་དོན། འཛམ་གླིང་ཞི་བདེ་བཅས་ལ་བྱས་རྗེས་འཇོག་རྒྱུ་ཡིན་ཞེས་བསྟན་ཡོད།
  པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དབུ་བརྙེས་པ་ནི་རང་རྒྱལ་གྱི་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་སྟེང་སྔར་བྱུང་མ་མྱོང་ཞིང་། ལྷག་པར་དུ་བླ་སྤྲུལ་རྣམ་པ་ལྷན་གཅིག་ཏུ་བསྡུས་ནས་ཆོས་དང་སྲིད། ཚན་རིག་རིག་གནས་བཅས་སློབ་སྦྱོང་བྱེད་པ་ནི་བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་ཆོས་ལུགས་མི་སྣ་གསོ་སྐྱོང་བྱ་བའི་ལོ་རྒྱུས་རང་བཞིན་གྱི་བཅོས་སྒྱུར་ཞིག་ཡིན། འདི་ལས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་གསོ་སྐྱོང་དགོན་སྡེའི་སློབ་གསོ་ནས་དེང་རབས་སློབ་གསོ་རུ་འཕེལ་བ་མཚོན་ཡོད། ལས་ཀ་འདི་ལ་ཕུགས་རིང་བོའི་དོན་སྙིང་ཡོད་ཅིང་འདི་ཉིད་རང་རྒྱལ་གྱི་ནང་བསྟན་ལོ་རྒྱུས་སུ་དགོད་པར་ཐེ་མི་ཚོམ་ཞེས་གསུངས་ཡོད་པ་ནང་ལྟར། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དབུ་བརྙེས་པ་འདིས་བོད་བརྒྱུད་ནང་བསྟན་གྱི་ནང་བསྟན་སློབ་གསོ་དགོན་སྡེིའི་ལུགས་ཀྱི་སློབ་ཁྲིད་ནས་དེང་རབས་ཀྱི་སློབ་གླིང་རང་བཞིན་གྱི་སློབ་གསོ་རུ་འཕེལ་བའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཅིག་མཚོན་ཡོད།
  པཎ་ཆེན་རིན་པོ་ཆེས་གསུང་གི་མཇུག་ཏུ་ནན་ཏན་གྱི་སྒོ་ནས་གྲྭ་བཙུན་གསོ་སྐྱོང་དང་ཆོས་ཀྱི་ས་བོན་སྤེལ་རྒྱུ་ནི་ང་ཚོ་ནང་བ་སངས་རྒྱས་པའི་རྗེས་འཇུག་ཅིག་ཡིན་པའི་ངོས་ནས་དོན་ཆེན་ཞིག་ཡིན་ལ། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་མ་འོངས་པར་ཆབ་སྲིད་ཐད་ནས་ཏང་གི་མགོ་ཁྲིད་ལ་བརྩི་སྲུང་དང་། མེས་རྒྱལ་ལ་དགའ་བ། སྤྱི་ཚོགས་རིང་ལུགས་ལ་དགའ་བ། ཁྲིམས་སྲོལ་བརྩི་སྲུང་བཅས་བྱེད་ཅིང་། ཆོས་ལུགས་ཐད་ནས་འདུལ་ཁྲིམས་མིག་ལྟར་བརྩི་ཞིང་ཆོས་ཕྱོགས་ཀྱི་ཤེས་ཡོན་དང་དེང་རབས་ཚན་རིག་རིག་གནས་ཀྱི་ཤེས་བྱ་ཡོད་པའི་ཆོས་ལུགས་མི་སྣ་སྐྱོང་ངེས་ཡིན་ལ། སློབ་མ་ཚོས་ཀྱང་ཐུགས་འདུན་རྒྱང་ལ་གཏད། ཕུགས་བསམ་མཐོན་པོ་བཟུང་ནས། རྒྱལ་ཁམས་བདེ་བ་ཞིང་འགྲོ་ལ་ཕན་པའི་དམིགས་འབེན་གྱི་ཆེད་དུ་འབད་པ་བྱེད་དགོས་ཞེས་བསྟན་ཡོད།


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2017/5/15 བལྟ་ཀློག (7101)