ཀན་སུའུ་མི་རིགས་སློབ་ཆེན་གྱི་སྐད་གཉིས་ཁྲིམས་རིག་ལ་ཆོག་མཆན་ཐོབ།

ཀན་སུའུ་མི་རིགས་སློབ་ཆེན་གྱི་སྐད་གཉིས་ཁྲིམས་རིག་ལ་ཆོག་མཆན་ཐོབ།


     ཁ་བྱང་དངོས། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱིས་བོད་རྒྱ་སྐད་གཉིས་ཁྲིམས་ལུགས་རིག་པའི་ཆེད་ལས་འཛུགས་པར་དངོས་སུ་ཆོག་མཆན་ཐོབ་པ།

     ༢༠༡༧ལོའི་ཟླ་༣པར། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་ལུགས་རིག་པའི་ཆེད་ལས་ལ་ཆོག་མཆན་ཐོབ་པ་དང་། འདི་ནི་ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གིས་རྒྱལ་ཁབ་ཀྱི་འབོད་སྐུལ་དང་དུ་བླངས་ནས་བོད་རིགས་ས་ཁུལ་ལ་ཞབས་འདེགས་ཞུ་རྒྱུར་གཞི་ཚུགས་པ་དང་། ནང་སྙིང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། བློ་རྩ་བརྟན་པོས་གསར་གཏོད་སྲོལ་འབྱེད་བྱས་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན།

     ༢༠༡༥ ལོའི་ཟླ་༤པར། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་བརྟག་དཔྱད་ཞིབ་འཇུག་རྩོམ་ཡིག་སྤེལ་ནས་བསྟན་དོན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྲིམས་ཁང་ཁོངས་གཏོགས་ཀྱི་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཁྲིམས་ལུགས་རིག་པའི་ཤེས་ལྡན་མི་སྣ་ཤིན་ཏུ་དཀོན་པ་དང་། བོད་རིགས་ས་ཁུལ་གྱི་སྲིད་ཁྲིམས་ལས་དོན་ཐད་སྐད་བརྡའི་འགལ་ཟླ་སོགས་ཀྱི་རྒྱུ་རྐྱེན་གྱི་དབང་གིས་ལས་དོན་སྒྲུབ་དཀའ་བས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ལོ་དེར། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགོ་འཛིན་སུན་ཁྲུན་ལན་གྱིས་ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་ལ་གཟིགས་ཞིབ་གནང་སྐབས་གསུངས་དོན། ཀན་སུའུ་བོད་རིགས་ས་ཁུལ་གྱི་མཐོ་རིམ་སློབ་གྲྭ་གཅིག་པུ་དེ་ཡིན་པའི་ཆ་ནས། བོད་རིགས་ས་ཁུལ་ལ་དཀོན་པའི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་ཐད་བྱས་རྗེས་འཇོག་དགོས་པ་དང་། སྐད་ཡིག་གཉིས་ཀྱི་ཁྲིམས་ལུགས་རིག་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུའི་ཐད་སློབ་གྲྭར་འགན་འཁྲི་དང་འོས་འགན་ཡོད་ཅེས་དང་། ལྷན་དུ་གཟིགས་ཞིབ་ཏུ་ཕེབས་པའི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་སན་ཡུན་གྱིས། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་ལ་སྐད་གཉིས་སློབ་གསོའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཐོན་ཁུངས་ཀྱི་ལེགས་ཆ་ལྡན་པ་དང་། བོད་རྒྱ་སྐད་ཡིག་གཉིས་ཀྱི་ཁྲིམས་ལུགས་རིག་པའི་ཆེད་ལས་དང་སྐད་གཉིས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཞིག་ལ་བརྩིས་ནས་ལག་བསྟར་གང་མགྱོགས་བྱེད་དགོས་ཞེས་ནན་གྱིས་གསུངས་ཡོད་པ་རེད།

     ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་ཀྱི་མཛུབ་སྟོན་དགོངས་དོན་དོན་འཁྱོལ་བྱེད་ཆེད། བོད་རྒྱ་སྐད་ཡིག་གཉིས་ཀྱི་ཁྲིམས་ལུགས་རིག་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ལས་དོན་ལ་སྐུལ་འདེད་མགྱོགས་སུ་གཏོང་ནས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ལག་བསྟར་བྱེད་པ་དང་། ཁྲིམས་ལྟར་བོད་སྐྱོང་བའི་འཐབ་ཇུས་ལ་ཤེས་ལྡན་མི་སྣ་འདོན་སྤྲོད་བྱེད་པར་རྒྱབ་སྐྱོར་བྱེད་པར། ཞིང་ཆེན་ཡོངས་ཀྱི་གྲངས་ཉུང་མི་རིགས་ས་ཁུལ་གྱི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་སྐད་གཉིས་གསོ་སྦྱོང་ལས་དོན་གྱི་མཐུན་སྦྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལ་གཞིགས་ཏེ། སློབ་གྲྭས་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཁྲིམས་ལུགས་རིག་པའི་ཆེད་ལས་ཀྱི་སྙན་ཞུ་འབུལ་བའི་ཆེད་དོན་ཚོགས་འདུ་སྐོང་ཚོགས་བྱས་ནས། ལས་དོན་བསམ་བློ་གཏན་འཁེལ་བྱས་པ་དང་། སྙན་ཞུའི་ལས་ཀར་ས་གནས་དང་ཞིང་ཆེན་གྱི་ཐད་གཏོགས་སྡེ་ཚན་གྱི་རྒྱབ་སྐྱོར་ཐོབ་ཅིང་། ཞིང་ཆེན་སློབ་གསོ་ཐིང་གིས་ཞིང་ཆེན་མཐོ་རིམ་ཁྲིམས་ཁང་ དང་ཀན་སུའུ་སྲིད་ཁྲིམས་སློབ་ཆེན་། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་བཅས་ལ་མཐུན་སྦྱོར་བྱས་ནས་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཁྲིམས་ལུགས་རིག་པའི་ཆེད་ལས་ཀྱི་སྙན་ཞུ་འབུལ་བའི་ལས་དོན་ཚོགས་ཆུང་བཙུགས་པ་དང་། རིགས་གཅིག་མཁས་ཅན་གྱི་ཚོགས་པ་བཙུགས་ནས་རིགས་པས་སྒྲུབ་ཡོད་པ་རེད།

     སྔོན་འགྲོའི་ལས་ཀ་ཡག་པོ་བསྒྲུབ་ཕྱིར། སློབ་སྤྱི་ཁྲེན་ཧྥུ་རོང་དང་། སློབ་སྤྱི་གཞོན་པ་ཀོ་ཅན་ཀྲི་ཆེད་དུ་ཞི་ཨན་དུ་ཆས་ཏེ། དེ་སྔའི་ཀྲུང་ཧྲན་སློབ་ཆེན་གྱི་སློབ་སྤྱི་ཧོང་ཏཱ་རིན་དང་མཇལ་འཕྲད་གནང་ནས། ཁྲིམས་རིག་ཆེད་ལས་( རྒྱ་བོད་སྐད་གཉིས། ) འཛུགས་སྐྲུན་བྱ་རྒྱུ་ཐད་བཏོན་པའི་བསམ་འཆར་བསྡུ་ལེན་བྱས་པ་མ་ཟད། ཀན་སུའུ་སྲིད་ཁྲིམས་སློབ་ཆེན་གི་ལོ་མང་རིང་གི་ཁྲིམས་རིག་ཆེད་ལས་ཀྱི་སློབ་གཉེར་ཉམས་མྱོང་སློབ་སྦྱོང་བྱས་ནས། ཆེད་ལས་འཛུགས་སྐྲུན་ཀྱི་ཇུས་གཞིར་ཞིབ་འཇུག་དང་གཏན་འབེབས་བྱས། དེ་དང་དུས་མཚུངས་སུ། ཆེད་ལས་སྙན་ཞུ་འབུལ་རྒྱུའི་ལས་ཀར་ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གི་རྒྱབ་སྐྱོར་ཐོབ་པ་དང་། ཞིང་ཆེན་སྲིད་གཞུང་གིས་སློབ་གསོ་པུའུ་ལ་《 ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གིས་ཁྲིམས་རིག་ངོས་གཞིའི་ཆེད་ལས་སྣོན་འཛུགས་བྱ་བར་རྒྱབ་སྐྱོར་བྱེད་པ་དང་འབྲེལ་བའི་གྲོས་ཞུའི་འཕྲིན་》 ཞེས་པ་བཏོན་ནས། ཏང་ཨུའི་ཧྲུའུ་ཅི་ལི་ཝེ་ཕིང་དང་། སློབ་སྤྱི་ཁྲེན་ཧྥུ་རོང་། སློབ་སྤྱི་གཞོན་པ་རྡོ་ཕྲུག ཀོ་ཅན་ཀྲི་སོགས་སློབ་གྲྭའི་འགོ་ཁྲིད་རྣམས་ཐེངས་མང་པོར་པེ་ཅིན་ལ་ཕེབས་ནས་ཆེད་དུ་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཁྲིམས་ལུགས་རིག་པའི་ཆེད་ལས་ཀྱི་རེ་ཞུའི་ལས་དོན་ཐད། སློབ་གསོ་པུའུ་དང་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་ལ་གནས་ཚུལ་སྙན་ཞུ་ཕུལ་སྟེ། རྒྱལ་ཁབ་པུའུ་ཨུད་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱས།

     ད་ལོའི་ཟླ་༣པར་སློབ་གསོ་པུའི་དམིགས་བསལ་ཆོག་མཆན་ཐོབ་སྟེ། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་དུ་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་ལུགས་རིག་པའི་ཆེད་ལས་འཛུགས་པར་མོས་མཐུན་བྱུང་པ་དང་།  སློབ་གསོ་ཐིང་ལ་དགོངས་ཞུ་ཕུལ་བ་བརྒྱུད། ༢༠༡༧ལོར་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་ལུགས་རིག་པའི་ཆེད་ལས་ལ་སློབ་མ་༥༠བསྡུ་རྒྱུའི་འཆར་གཞི་སྙན་སེང་ཕུལ་ཡོད་པ་རེད།

     བོད་རྒྱ་སྐད་ཡིག་གཉིས་ཀྱི་ཁྲིམས་ལུགས་རིག་པའི་ཆེད་ལས་བཙུགས་པ་དེས། སློབ་གྲྭས་རྒྱུན་མཐུད་ངང་ཀན་སུའུ་དང་ཉེ་འཁོར་བོད་རིགས་ས་ཁུལ་གྱི་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་ལུགས་རིག་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་འདོན་སྤྲོད་བྱེད་པར་རྨང་གཞི་བཏིང་ཞིང་། སློབ་གྲྭའི་ ཞབས་ཞུ་བྱ་ཡུལ་ས་ཁོངས་ཀྱི་དཀོན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཐད་འདོན་སྤེལ་བྱས་པའི་ནུས་པ་མངོན་གསལ་དུ་ཐོན་པ་དང་། ཞབས་འདེགས་ཞུ་བའི་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ནུས་པ་སྔར་བས་ཤུགས་ཆེར་བཏང་ཡོད་པ་རེད།


རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2017/5/15 བལྟ་ཀློག (6121)