བོད་ལྗོངས་གསོ་རིག་སློབ་གླིང་གིས་རབ་འབྱམས་པ་༢༠༠ལྷག་གསོ་སྐྱོང་བྱས།

བོད་ལྗོངས་གསོ་རིག་སློབ་གླིང་གིས་རབ་འབྱམས་པ་༢༠༠ལྷག་གསོ་སྐྱོང་བྱས།

      སློབ་གསོ་པུས་ཆོག་མཆན་ཐོབ་པའི་གཞུང་བཙུགས་བོད་ལུགས་གསོ་རིགས་སློབ་གླིང་ཉག་ཅིག་སྟེ་བོད་ལྗོངས་གསོ་རིག་སློབ་གླིང་གིས་སྤྱི་ཚེས་༦ཉིན་སློབ་ཐོན་མཛད་སྒོ་གཉེར་ཡོད་པ་དང་།   རབ་འབྱམས་པའི་ཞིབ་འཇུག་སློབ་མ་༢༤ལ་སློབ་ཐོན་ལག་ཁྱེར་སྤྲད་ཡོད་པ་རེད།   མཚམས་འདིར་སླེབས་དུས་བོད་ལྗོངས་གསོ་རིག་སློབ་གླིང་གིས་གསོ་སྐྱོང་བྱས་པའི་རབ་འབྱམས་པ་༢༠༠ལས་བརྒལ་ཏེ་༢༡༢ཟིན་ཡོད་པ་རེད།    

    བོད་ལྗོངས་གསོ་རིག་སློབ་གླིང་གིས་བོད་རང་སྐྱོང་ལྗོངས་དང་། མཚོ་སྔོན།   ཀན་སུའུ།  སི་ཁྲོན།   ཡུན་ནན་སོགས་ཞིང་ཆེན་གྱི་བོད་ཁུལ་ལ་ཁ་ཕྱོགས་ནས་སློབ་མ་བསྡུ་བཞིན་ཡོད།  རབ་འབྱམས་པའི་སློབ་ཐོན་སློབ་མ་སྐར་མ་ལྷ་མོ་ནི་སི་ཁྲོན་ནས་ཡིན་པ་དང་།  ཁོང་གིས་སྦྱངས་པའི་ཆེད་ལས་ཀྱི་ཁ་ཕྱོགས་ནི་མཆིན་པའི་ཐུམ་འབུའི་ནད་ཀྱི་ནད་ཐོག་སྨན་བཅོས་ཡིན་པ་རེད།     སྐར་མ་ལྷ་མོའི་སློབ་ཐོན་དཔྱད་རྩོམ་ལ་ཕུལ་བྱུང་དཔྱད་རྩོམ་གྱི་མཚན་སྙན་ཐོབ་ཡོད།   སྐར་མ་ལྷ་མོས་ཚེར་སྡུམ་འབུ་ཕྲའི་ནད་དེ་བོད་ཁུལ་དུ་ཕོག་སླ་བའི་ནད་རིགས་ཤིག་རེད།      ངས་སོ་སོས་སྦྱངས་པའི་ཤེས་བྱ་བེད་སྤྱད་དེ་མང་ཚོགས་ལ་ཞབས་འདེགས་སྔར་ལས་ལྷག་པ་ཞུ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།

     བོད་ལུགས་གསོ་རིག་ནི་བོད་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཤིག་ཡིན་པ་དང་།   རང་རྒྱལ་གྱི་མི་རིགས་གསོ་རིག་བང་མཛོད་ནང་གི་མཆོག་ཏུ་གྱུར་པའི་གཅེས་ནོར་ཡིན།    བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་སློབ་སྤྱི་ཉི་མ་ཚེ་རིང་ལགས་ཀྱིས་སློབ་གླིང་དེ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་བྱེད་སའི་མཐོ་རིམ་སློབ་གླིང་ཞིག་ཡིན་པའི་ངོས་ནས།   ལོ་ངོ་༢༨རིང་གི་སློབ་གཉེར་ལག་ལེན་ནང་།   དངོས་གཞིའི་ཚན་ཁག་གི་སློབ་གསོ་གཙོ་བོར་འཛིན་པ་དང་།    ཞིབ་འཇུག་སློབ་མའི་སློབ་གསོ་དང་རྒྱུན་མཐུད་སློབ་གསོ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་རིམ་པ་མང་བའི་སློབ་གསོའི་མ་ལག་ཞིག་བཙུགས་ཡོད་ཅེས་གསུངས་འདུག  


རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2017/6/7 བལྟ་ཀློག (6789)