མགར་བ་འམ་མགར་གྱི་རུས་མཆེད་ཚུལ་མདོ་ཙམ་བརྗོད་པ།

 

འཕན་མྱི་གཟུ་མིག

           རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ་ལས།   ལར་སྐྱེས་པའི་མིས།    རང་གི་སྐྱེ་རྒྱུད་མ་ཤེས་ན།  ནགས་ཁུངས་ཀྱི་སྤྲེའུ་འདྲ།  མི་རང་གི་ཆོ་འབྲང་མ་ཤེས་ན།    གཡུ་འབྲུག་ཟོལ་མ་དང་འདྲ།    ཡབ་མེས་ཀྱི་ཆེ་དགེའི་ཡིག་ཚང་མ་ཤེས་ན།   མོན་ཕྲུག་བོར་བ་འདྲ།  ཞེས་གསུངས་པ་ལྟར་རང་གི་མེས་པོ་གོང་མ་དག་ཐོག་མར་ཇི་ལྟར་བྱུང་ཚུལ།  བར་དུ་མེས་པོ་ཚོར་བརྟེན་ནས་མི་རིགས་དང་རྒྱལ་ཁབ་ཀྱི་ཆབ་འབྱོར་རིག་གསུམ་ཇི་ལྟར་འཕེལ་རྒྱས་བྱུང་བ།   མཐར་ཕྱི་ནང་གི་རྒྱུ་རྐྱེན་གང་ཞིག་གིས་མི་རིགས་དང་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཉམས་རྒུད་དུ་གྱུར་པ་དང་ཡབ་མེས་དག་སྐུ་འདས་གྲོངས་བྱིན་ཚུལ་སོགས་གནའ་རབས་མེས་པོའི་ལོ་རྒྱུས་རྣམས་ཤེས་པ་ཤིན་ཏུ་གལ་ཆེ།

       དེའང་དཔའ་མཛངས་མགར་གྱི་མི་རྒྱུད་ནི་གནའ་བོའི་བོད་ལ་ཡི་གེ་མེད་པའི་དུས་ཙམ་ནས་བྱུང་བར་མངོན་ཏེ།   ལྡེའུ་ཆོས་འབྱུང་དང་།  ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་ལས་སྤྱི་ལོའི་སྔོན་གྱི་དུས་རབས་ལྔ་བའམ་དྲུག་པའི་སྐབས་སུ་བྱུང་བའི་སིལ་མ་བཅུ་གཉིས་ཀྱི་དུས་སུ་རྗེ་དགུ་གྲིའི་ཟིང་པོ་རྗེ་དང་། དེའི་བློན་ནི་མགར་དང་གཉན་གཉིས་ཀྱིས་བྱས་པར་བསྟན་ཡོད།     དེ་རྣམས་བཟུང་བའི་ཡུལ་ངས་པོ་ཡིན།  ངས་པོ་གང་ཡིན་སྙམ་ན།  དེ་ནི་མདོ་སྨད་ཞིབ་འཇུག་ལས།   དེ་སུམ་པའི་ཡུལ་གྱི་རྗེ་བོ་ཞིག་ཡིན་པར་གསུངས་ཡོད་པས།    མགར་གྱི་ཡབ་མེས་དག་ཀྱང་དེ་རུ་འཁྲུངས་པར་བརྗོད་ཡོད།         གཞན་ཡང་སྡེ་དགེ་ས་སྐྱོང་གི་ལོ་རྒྱུས་དང་གདུང་རབས་བརྗོད་པའི་སྐབས་སུ།    ཤར་མི་ཉག་བཞག་ར་དཀར་པོའི་རི་རྩེ་ལ་སྟེང་འོད་གསལ་གྱི་ལྷ་ཞིག་གནམ་ནས་བབས་པས་མཚན་མགར་གནམ་ཚ་འབྲུག་ཅེས་བཏགས་པས།    དེའི་བརྒྱུད་པ་མགར་བླ་མཁྱེན་ཆེན་པོ།   དེའི་སྲས་མགར་སྟོང་མེས་ཁྲི་ཆགས།   དེའི་སྲས་མགར་སྟོང་བཙན་ཡུལ་བཟུང་ཡིན་པར་བསྟན་ཡོད་ཀྱང་ཆོས་འབྱུང་དང་ལོ་རྒྱུས་གཞན་དག་དང་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལུགས་སོགས་དང་མཐུན་མེད་པས་བཤད་སྒྲོས་འདི་གནའ་རབས་ལྷ་སྒྲུང་གིས་ཤན་ཤུགས་ཐེབས་པ་ཞིག་རེད།  ད་བར་དུ་མགར་གྱི་ཐ་སྙད་བྱུང་ཚུལ་སྐོར་ངོས་འཛིན་ཡག་པོ་ཞིག་གནང་ཐུབ་མེད་པ་དང་ལོ་ངོ་འདི་ཙམ་ནས་མགར་བ་འམ་མགར་གྱི་རུས་འདི་འཆེད་དོ་ཞེས་སྨྲས་པ་ནི་ལོ་རྒྱུས་རྣམས་སུ་མི་སྣང་ངོ་།      རྒྱུ་མཚན་མགར་གྱི་རུས་འདི་བྱུང་ཡུན་རིང་བ་དང་།   བོད་ལ་ཡི་གེ་མེད་པའི་སྐབས་ནས་དར་པའི་རུས་རྒྱུད་ཅིག་ཡིན་པའི་གནད་ཀྱིས་སོ།        །

         འགར་བ་འམ་མགར་གྱི་རུས་འདི་ནི་བོད་ཀྱི་གནའ་བོའི་རུས་ཆེན་བཞིའི་ནང་གི་རྨུ་ནས་མཆེད་པ་ཡིན་ཏེ།     བཤད་མཛོད་ཡིད་བཞིན་ནོར་བུ་ལས།    རུས་ཆེན་བཞི་ཡི་མཆེད་ཚུལ་ནི།   ལྡོང་ལས་རུས་ཆེན་བཅོ་བརྒྱད་སྲིད།    རྨུ་ལ་ཀོ་ལེའི་ཁྲ་བརྒྱད་སྲིད།   སྟོང་ལས་རྗེ་བཞི་ཁོལ་བརྒྱད་སྲིད།   སེ་བྱུས་ལེགས་ཀྱི་བུ་བཞི་སྲིད།    ཞེས་པ་ལྟར་རྨུ་ཡི་ཁྲ་བརྒྱད་ནི།  ངབ་དང་།  གཞུབ་དང་།  བཞུང་དང་སྨོན།  འགར་དང་།  དཀར་དང་སྙོས་དང་།   ངན་ལམ་སྟེ་བརྒྱད་བགྲང་ཡོད་པ་བཞིན་{མགར་གྱི་རུས་མཛོད་ཁ་བའི་ཞབས་རྗེས་ལས་}ཀྱང་འགར་རམ་མགར་གྱི་རུས་རྒྱུད་འདི་རྨུ་ལས་མཆེད་པ་ཡིན་པར་གསུངས་ཡོད།      ཡང་འགའ་རེས་མགར་བ་ཞེས་པའི་རུས་འདི་ལྕགས་སོགས་མགར་ལས་བྱས་པ་ལ་བརྟེན་ནས་མགར་བའི་རུས་འདི་ཐོགས་པར་འདོད་མོད།    དེ་ནི་གནའ་དེང་གི་ལོ་རྒྱུས་གང་ནའང་བཤད་མེད་པས་ཁུངས་མེད་བླུན་གཏམ་འབའ་ཞིག་ཡིན་པ་གདོད་མི་ཟ།    གནའ་སྔ་མོའི་དུས་སུ་མགར་ཞེས་བྲིས་མེད་ལ་(འགར)་ཞེས་ལོ་རྒྱུས་རྣམས་སུ་བྲི་བཞིན་ཡོད་པས་ལོ་རབས་དུ་མའི་རྗེས་སུ་རིམ་གྱིས་ཡིག་གཟུགས་དེ་བྲི་སྟངས་འགྱུར་སོང་བ་ཞིག་ཡིན་པ་རེད།

       མི་མང་པོ་ཞིག་གིས་བོད་རྗེ་བཙན་པོའི་བློན་ཆེན་པོའི་གོ་གནས་མགར་གྱིས་ཐོག་མར་འཛིན་མཁན་ནི་མགར་སྟོང་བཙན་ཡིན་པར་སེམས།     དེ་ནི་ལོ་རྒྱུས་ལ་གསལ་ཆ་མེད་པའི་སྐྱོན་ཞིག་སྟེ།   མཁས་དབང་དུང་དཀར་མཆོག་གིས།   བློན་པོ་མགར་ཁྲི་སྒྲ་ཛི་མུན་ནི་བཙན་པོ་སྟག་རི་གཉན་གཟིགས་དང་གནམ་རི་སྲོང་བཙན་གཉིས་ཀྱི་རིང་ལ་བྱུང་།   ཞེས་དང།    མཐའ་བ་བཀྲ་ཤིས་དོན་གྲུབ་ནས་ཀྱང་མགར་ཁྲི་སྒྲ་ཛི་མུན་འདི་གནམ་རི་སྲོང་བཙན་གྱི་དུས་སུ་བློན་ཆེན་ཡིན་པར་གསུངས་ཡོད།     མགར་གྱི་རུས་མཛོད་ཁ་བའི་ཞབས་རྗེས་ལས།    སྡེ་དགེའི་ལོ་རྒྱུས་སུ་འཁོད་པའི་མགར་གནམ་ཚ་འབྲུག་ཅེས་པ་འདི་ཡིན་དགོས་པར་འདུག་ཅེས་གསུངས་ཡོད།     ཡང་མགར་གྱི་རུས་མཛོད་ལས།   མགར་ཁྲི་སྒྲ་ཛི་མུན་འདི་འཇོན་ཐང་དང་བྱས་རྗེས།   ཐོབ་གོ་གནས་དང་ནོར་ལོངས་སྤྱོད་བཅས་སྲིད་འབྱོར་གང་ཐད་ནས་འགྲན་དུ་མེད་པར་རྟོགས་སླ།  ཞེས་གསུངས་ཡོད།    དུན་ཧོང་ཡིག་རྙིང་ལས།    དེའི་འོག་ཏུ་བཙན་པོ་འབྲོང་གཉན་ལྡེའུ་ཡི་དུས་སུ་བློན་ཆེན་མཐོན་མྱི་འབྲིང་པོ་རྒྱལ་མཚན་ནུས།   གློ་བ་རིངས་པ།  ཤེས་པ་མཁན་མགར་མང་ཞང་སུམ་སྣང་། ཞེས་འཁོད་པ་ལྟར་མགར་མང་ཞང་སུམ་སྣང་འདི་རང་བཞིན་དྲང་ཞིང་དཔའ་རྩལ་ཆེ་བ་རྗེ་ལ་བློ་དཀར་བ་དང་།   བཙན་པོའི་སྐུ་བསྲུངས་བ་དང་སྲིད་ཀྱི་བྱ་བར་ལག་རྗེས་ཆེ་བའི་མི་སྣ་ཁྱད་འཕགས་ཞིག་ཡིན་ནོ། །

      བློན་ཆེན་མགར་བ་སྟོང་བཙན་ཡུལ་བཟུང་ནི་ཆབ་སྲིད་དང་དམག་དོན་ཁོང་དུ་ཆུབ་ཤིང་བཙན་པོར་གློ་བ་ཉེ་བ།    གཞན་སྡེ་ཐབས་འཕྲུལ་གྱིས་ཚར་གཅོད་ཅིང་རང་སྡེ་ལ་བྱམས་སྐྱོང་དང་གཟིགས་རྟོགས་ཡང་ཡང་གནང་བའི་ཁྲི་སྲོང་བཙན་གྱི་མེད་ཐབས་མེད་པའི་བློན་ཆེན་བཞིའི་ཡ་གྱལ་ཞིག་ཡིན་ལ།  དཔའ་མཛངས་རྟུལ་ཕོད་ཀྱི་སྙན་གྲགས་འཛམ་གླིང་ལ་ཁྱབ་པའི་རྒྱ་བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་མི་སྣ་གྲགས་ཆེན་ཞིག་ཡིན།     རྒྱལ་དབང་ལྔ་བའི་དེབ་ཐེར་དང་།  སྡེ་དགེའི་གདུང་རབས་ལོ་རྒྱུས་སོགས་སུ་ཁོང་གི་ཡབ་ནི་མགར་སྟོང་མེས་ཁྲི་ཆགས་ཡིན་པར་གསུངས་ཡོད།      མགར་གྱི་རུས་མཛོད་ལས་ཀྱང་མགར་སྟོང་བཙན་དང་མགར་མང་ཞང་སུམ་སྣང་གཉིས་དབོན་པོའི་འབྲེལ་བ་ཡིན་པར་བསྟན་ཡོད།

     མགར་གྱི་རུས་མཛོད་ལས།     མགར་སྟོང་བཙན་འཁྲུངས་ཡུལ་ནི་སྟོད་ལུང་རམ་པའམ་སྟོད་ལུང་ཆུ་ཚན་ཁ་ཡིན་པར་གྲགས།     བོད་བློན་རིག་པ་ཅན་ཁོང་ནི་རྒྱའི་ཐང་ཡིག་སོགས་སུ་ཡི་གེ་མི་ཤེས་པར་བསྟན་ཡོད་མོད།  ལྡེའུ་ཆོས་འབྱུང་དང་།  མཁས་པའི་དགའ་སྟོན་སོགས་སུ་ཤོག་བུ་མཛོ་ཁལ་ལོངས་པ་བྲིས་པའི་བྲི་མཁན་ཞིག་དང་།  རྒྱལ་པོའི་བཀའ་ཁྲིམས་ཀྱི་ཡི་གེ་འབྲི་བའི་ཁྲིམས་དཔོན་ཞིག་གིས་ཡི་གེ་མི་ཤེས་གསུངས་པའི་སྐད་ཆ་དེ་ཧ་ཅང་ཐལ་ཆེ་བར་སེམས་སོ།   །

       མདོར་ན་བློན་ཆེན་འདིས་རྒྱ་བལ་གྱི་བཙུན་མོ་རྣམ་གཉིས་བོད་དུ་བསུས།   བཙན་པོ་མང་སྲོང་མང་བཙན་གྱི་སྐུ་ན་ཕྲ་བའི་དུས་སུ་ལོ་བཅོ་ལྔའི་རིང་ལ་ཆབ་སྲིད་འགན་དབང་ཡོངས་རྫོགས་བཞེས།    རྒྱ་བལ་གྱི་ལག་རྩལ་ཤེས་བྱ་སྣ་མང་བོད་དུ་ནང་འདྲེན་བྱས།       ཞང་ཞུང་དང་འ་ཞ་གྲུ་གུ་སོགས་རྒྱལ་ཕྲན་མང་པོ་དབང་དུ་བསྡུས་པ་སོགས་བོད་བཙན་པོའི་རྒྱལ་ཁབ་ལ་གསུབ་ཏུ་མེད་པའི་བྱས་རྗེས་རླབས་ཆེན་བཞག    བློན་ཆེན་མགར་སྟོང་བཙན་ལ་སྲས་ལྔ་ཡོད་ལ།   ཆེ་བ་མགར་བཙན་སྙ་ལྡོམ་བུ་ཡིན་ཞིང་ཁོང་ནི་ཕ་འདས་རྗེས་བཙན་པོའི་བློན་ཆེན་དུ་བསྐོ་བཞག་བྱས་པའི་རིང་ལ་མགར་ཁྲི་འབྲིང་བཙན་བྲོད་དང་འབྲིང་རྩན་རྩང་སྟོན།     སྟ་གུ་རི་ཟུང་།       བཙན་ཉེན་གུང་རྟོན་བཅས་ཀྱིས་དམག་དཔོན་བྱས།   མགར་གྱི་བུ་དག་གི་མིང་སྨྲོས་ཚུལ་མང་ཡང་སྐབས་འདིར་མགར་གྱི་རུས་མཛོད་ལྟར་བྲིས་ཡོད།    འདི་དག་གི་རིང་ལ་ད་ལྟའི་ཡོན་ནན་དང་སི་ཁྲོན་སོགས་སུ་ཡོད་པའི་འཇང་ཡུལ་ཚོ་བཅུ་གཉིས་སོགས་དབང་འོག་ཏུ་བཅུག    སྲས་ཆེ་བ་མགར་བཙན་སྙ་ལྡོམ་བུས་མི་ལོ་བཅོ་བརྒྱད་རིང་བློན་ཆེན་པོའི་གཙོ་འགན་བཞེས་ཏེ།  བྲུ་ཤ་དང་གྲུ་གུ།  རྒྱ་བལ་ཏ་ཟིག་བཅས་ལ་མཚན་སྙན་ཆེ་བའི་བློན་ཆེན་ཞིག་ཡིན།   མགར་ཁྲི་འབྲིང་བཙན་བྲོད་ནི་ཡབ་ཆེན་གྱིས་མངགས་པ་ལྟར་འ་ཞ་ཐང་གི་ལག་ནས་ཚུར་བཀུག་སྟེ་བོད་ཀྱི་འབངས་རྣལ་མར་ཁས་ལེན་དུ་བཅུག   མགར་འབྲིང་རྩན་རྩང་སྟོན་ནི་ཤར་གྱི་དཔག་སྤྱི་ཆེན་མོ་ཡིན་དང་ཐང་བོད་ཀྱི་མཐའ་སྲུང་དམག་དཔོན་ཆེན་མོ་འང་ཡིན།        མགར་སྟ་གུ་རི་ཟུང་གིས་སྔར་འཇང་ཡུལ་ཚོ་ཁག་ཉེར་ལྔ་བོད་ལ་ངོ་ལོག་པས་སྤྱི་ལོ་༦༨༩ལོར་འཇང་ཡུལ་ཏཱ་ལིས་ཀྱི་ཡངས་པའི་གཙང་པོ་སོགས་བརྒལ་ཏེ་སླར་ཡང་འཇང་ཡུལ་མངའ་འོག་ཏུ་བསྡུས།    མགར་གྱི་བུ་ཐ་ཆུང་མགར་བཙན་ཉེན་གུང་རྟོན་ནི་བཙན་པོ་ཁྲི་འདུས་སྲོང་གི་དུས་སུ་བློན་པོ་མཛད་ཀྱང་མཐའ་མར་མ་ཉེས་ཁ་ཡོག་ཐེབས་ཏེ་སྲོག་ཁྲིམས་བཅད།

མགར་ཚང་ལ་བཀྱོན་ཕབ་པའི་གནས་ཚུལ་དག་ལོ་རྒྱུས་གཞན་ལས་ཤེས་པར་སྲིད།   རྒྱ་ནག་གི་སྲིད་དོན་མེ་ལོང་ལས།     མགར་སྟོང་བཙན་ཕ་བུ་རྣམས་ལ་དམིགས་བསལ་གྱིས་གདེང་འཇོག་ཆེན་པོ་བྱས་ཡོད་ལ།  དེ་ནི་ཁོང་ཕ་བུ་དག་ནི་བོད་བཙན་པོའི་སྐབས་ཀྱི་ཆབ་སྲིད་པ་དང་དམག་དོན་པ་རྣལ་མ་ཡིན་པའི་ངོས་ནས་གདེང་འཇོག་གནང་གི་ཡོད།   མགར་ཚང་ལ་བཀྱོན་ཕབ་པའི་དབང་གིས་མགར་བུ་གསུམ་པ་འབྲིང་རྩན་རྩང་སྟོན་དང་མགར་ཁྲི་འབྲིང་བཙན་བྲོད་ཀྱི་བུ་མགར་མང་པོ་རྗེ་སྟག་བཙན་རྣམ་གཉིས་ཐང་ལ་བྲོས་བྱོལ་དུ་བྱིན་ཏེ་རྒྱའི་ཡུལ་དུ་མགར་གྱི་རུས་རྒྱུད་མཆེད།      མགར་བུ་གསུམ་པ་འབྲིང་རྩན་རྩང་སྟོན་གྱིས་ཕྱིས་སུ་མི་ཉག་ཏུ་རྗེ་བོ་མཛད་པས་མི་ཉག་གི་ཡུལ་དུ་མགར་གྱི་རུས་མཆེད།    གཞན་ཡང་མགར་གྱི་རུས་རྒྱུད་ཚལ་བ་ཁྲི་དཔོན་བྱུང་ཚུལ་ནི་མགར་སྟོང་བཙན་གྱི་བུ་ཆེ་བ་མགར་བཙན་སྙ་ལྡོམ་གྱི་བུ་གཉིས་ལས་མགར་ཁྲི་གཉེར་ཁྲི་ལྕག་ནས་རིམ་པར་རྒྱུད་པ་ཚལ་བའི་ཁྲི་དཔོན་མགར་རྒྱལ་བའི་འབྱུང་གནས།    མགར་སངས་རྒྱས་དངོས་གྲུབ།  མགར་ཐོག་ཡང་རྒྱལ་བ།

     ཚལ་བའི་ཁྲི་དཔོན་རིན་ཆེན་སེང་གེ་དང་དྲུང་ཆེན་མགར་སྨོན་ལམ་རྡོ་རྗེ་དེའི་སྲས་ཚལ་བ་ཀུན་དགའ་རྡོ་རྗེ་སོགས་བྱུང་ཡོད།

     མགར་བའི་རུས་རྒྱུད་མདོ་ཁམས་སུ་བྱུང་ཚུལ་ནི།   བོད་གངས་ལྗོངས་ཀྱི་ཤར་ཕྱོགས་ས་སྐྱོང་སྡེ་དགེ་རྒྱལ་པོས་དབང་བསྒྱུར་སའི་ཡུལ།   ཁམས་ཀྱི་ཀློང་ཐང་ཞེས་འབོད་པའི་གནས་འདིར་སྡེ་དགེའི་རྒྱལ་རྒྱུད་མཆེད་པ་ཞིག་ཡིན་ལ།  རྒྱ་ནག་གི་ཆིང་རྒྱལ་རབས་ཙམ་ནས་སྡེ་དགེའི་ཁྱིམ་རྒྱུད་ཀྱི་སྟོབས་ཤུགས་ཉིན་རེ་བཞིན་ཇེ་རྒྱས་སུ་སོང་སྟེ།   སྡེ་དགེའི་གདུང་རབས་ལོ་རྒྱུས་ལས།         དཔལ་ཡུལ་དང་།  འདན་ཁོག།  བྱང་རྒྱུད་རྫ་ཆུ་ཁ།   འཇོ་འདའ།   གོ་འཇོ།   ལི་ཐང་།  ཁམས་ཀྱི་འབའ་ཐང་།    ཏྲེ་ཧོར་བྲག་མགོ    རྒྱལ་རོང་།    སྐྱེ་རྒུའི་མངའ་ཁོངས་ཁག་ཅིག    ཉག་རོང་ཨ་སྲེ་ཡང་ཁྲོད་ཡན་ཆད་སྡེ་དགེའི་མངའ་ཁོངས་ཡིན་པར་བཤད་ཡོད།    དེ་འང་མགར་སྟོང་བཙན་བུ་ཆེ་བ་མགར་བཙན་སྙ་ལྡོམ་གྱི་སྲས་མགར་བཙན་སྙ་ལྡེམ་བུ།   དེའི་སྲས་མགར་ཁྲི་བཟང་དུམ་བུ།   དེའི་སྲས་ཨ་མྱེ་དགེ་བ་དཔལ།      དེའི་སྲས་ལྷ་རྗེ་བྱམས་པ་དཔལ།  དེ་ཁམས་ཀྱི་བྲག་ར་གླིང་ཆེན་དུ་གདན་ཆགས།    དེ་ནས་མགར་གྱི་གདུང་རྒྱུད་ཁམས་འདན་མའི་ཡུལ་དུ་མཆེད།     དེའི་སྲས་མགར་དཔལ་གྱི་ཡོན་ཏན།  མགར་དཔལ་གྱི་འབྱུང་གནས་སོགས་གདུང་རབས་སུམ་བཅུ་ལྷག་གི་རྗེས་སུ་གདུང་རབས་སོ་དགུ་བ་མགར་ཡ་རྒྱལ་འཕེལ་གྱི་སྲས་ཆུང་བ་ནམ་མཁའི་སྲས་དཔོན་ཆེན་ལྷུན་ཐུབ་འཁྲུངས།  དེའི་སྲས་བླ་ཆེན་བྱམས་པ་ཕུན་ཚོགས་ལགས་ཡིན་ཞིང་།  དེ་ནི་ཉི་མ་སྡེ་དགེའི་རྒྱལ་རབས་དང་པོ་ཡིན།   སྤྱི་ལོ་༡༥༨༥ལོར་དཔོན་ཆེན་ལྷུན་ཐུབ་ཀྱི་སྲས་གསུམ་པར་འཁྲུངས།    རྒྱལ་རབས་གཉིས་པ་བླ་ཆེན་ཀུན་དགའ་ཕུན་ཚོགས་ལགས་ནི་དཔོན་ཆེན་ལྷུན་ཐུབ་ཀྱི་སྲས་གཉིས་པ་ས་སྐྱོང་ཀླུ་འཕེལ་གྱི་བཙུན་མོ་དང་པོའི་སྲས་སུ་འཁྲུངས།       རྒྱལ་རབས་གསུམ་པ་ཁྲི་ཆེན་སངས་རྒྱས་བསྟན་པ་ནི་ས་སྐྱོང་ཀླུ་འཕེལ་གྱི་སྲས་ཆུང་ཤོས་དང་སྤྱི་ལོ་༡༦༢༨ལོར་བཙུན་མོ་གཉིས་པའི་སྲས་སུ་འཁྲུངས།    སྤུན་ཆེ་བ་སྐུ་གཤེགས་པ་དང་སྡེ་དགེ་རྒྱལ་པོའི་སྲིད་ཁྲིར་འཁོད།   རྒྱལ་རབས་བཞི་བ་ས་སྐྱོང་བསོད་ནམས་ཕུན་ཚོགས་མཆོག་ནི་སྤྱི་ལོ་༡༦༤༥ལོར་སྡེ་དགེའི་གདུང་སྲས་ཨྱོན་བཀྲིས་ཀྱི་སྲས་སུ་འཁྲུངས།   སྡེ་དགེའི་རྒྱལ་རབས་ལྔ་བ་ཆོས་རྒྱལ་བསྟན་པ་ཚེ་རིང་མཆོག་ནི་སྤྱི་ལོ་༡༦༧༨ལོར་ཡབ་ས་སྐྱོང་བསོད་ནམས་ཕུན་ཚོགས་དང་ཡུམ་ཨྱོན་མཚོ་གཉིས་ཀྱི་སྲས་སུ་འཁྲུངས།    ཡབ་སྐུ་གཤེགས་པ་དང་སྡེ་དགེའི་རྒྱལ་སྲིད་བསྐྱངས།     དགེ་རྩེ་དང་ཁྲོམ་ཐར།  ལྷོ་ཁོག    དཔོན་ཆུང་མང་པོ་ཆབ་འོག་ཏུ་བཅུག         ༡༧༣༡ལོར་རྒྱ་ནག་གོང་མ་ཡུང་ཀྲིན་གྱིས་ཆོས་རྒྱལ་བསྟན་པ་ཚེ་རིང་ལ་སྨད་དར་རྩེ་མདོ་ནས་སྟོད་སོག་ལ་སྐྱ་བོའི་བར་དབང་བསྒྱུར་ཆོག་པའི་ཆོ་ལོ་གནང་།     སི་ཏུ་པཎ་ཆེན་དང་རྫོགས་ཆེན་རིན་པོ་ཆེ་གཏེར་ཆེན་ཉི་གྲགས་སོགས་སྐྱེས་ཆེན་མང་པོ་གཙུག་ཏུ་བཀུར་ཏེ་བཅུ་ཕྲག་རིག་པའི་འབྱུང་གནས་སྡེ་དགེ་སྤར་ཁང་ཆོས་མཛོད་ཆེན་མོ་རྟེན་དང་བརྟེན་པ་བཅས་གསར་ཏུ་བཞེངས་པས་ཁོང་ནི་སྡེ་དགེ་རྒྱལ་རབས་ཁྲོད་ཀྱི་ཆོས་སྲིད་གཉིས་ཆར་ལ་མཛད་རྗེས་ཆེ་བའི་རྒྱལ་པོ་ཞིག་ཏུ་གྱུར།

རྒྱལ་རབས་དྲུག་པ་ཁྲི་ཆེན་ཕུན་ཚོགས་བསྟན་པ་ནི་སྤྱི་ལོ་༡༧༡༤ཆོས་རྒྱལ་བསྟན་པ་ཚེ་རིང་གི་སྲས་སུ་འཁྲུངས།

རྒྱལ་རབས་བདུན་པ་ཆོས་རྒྱལ་བློ་གྲོས་རྒྱ་མཚོ་མཆོག་ནི་སྤྱི་ལོ་༡༧༢༣ལོར་ཆོས་རྒྱལ་བསྟན་པ་ཚེ་རིང་གི་སྲས་གཉིས་པར་འཁྲུངས།   རྒྱལ་རབས་བརྒྱད་པ་དབྱངས་ཅན་སྒྲོལ་མ།     རྒྱལ་རབས་དགུ་བ་ས་དབང་སྡེ་དགའ་བཟང་པོ།    རྒྱལ་རབས་བཅུ་བ་ཚེ་དབང་ལྷ་མོ།    རྒྱལ་རབས་བཅུ་གཅིག་པ་ལྷ་སྲས་ཚེ་དབང་རྡོ་རྗེ་རིག་འཛིན།     རྒྱལ་རབས་བཅུ་གཉིས་པ་ཆོས་རྒྱལ་དམ་ཚིག་རྡོ་རྗེ།    རྒྱལ་རབས་བཅུ་གསུམ་པ་འཆི་མེད་རྟག་པའི་རྡོ་རྗེ།   རྒྱལ་རབས་བཅུ་བཞི་པ་ཨ་ཇ་རྡོ་རྗེ་སེངྒེ།       རྒྱལ་རབས་བཅོ་ལྔ་པ་རྒྱལ་པོ་ཚེ་དབང་བདུད་འདུལ།       རྒྱལ་རབས་བཅུ་དྲུག་པ་འཇམ་དབྱངས་དཔལ་མོ་སོགས་ས་སྐྱོང་སྡེ་དགེའི་རྒྱལ་རབས་དེ་དག་ཀྱང་དཔའ་མཛངས་མགར་གྱི་རིགས་རྒྱུད་དུ་འཁྲུངས་སོ།    མགར་ཨ་མྱེ་དགེ་བ་དཔལ་ནི་སྡེ་དགེའི་གདུང་རབས་ཀྱི་ཐོག་མའི་གྱེས་མཚམས་ཡིན་ཞིང་།     དེ་ལས་ཁམས་ཕྱོགས་སུ་མགར་གྱི་རུས་རྒྱུད་རྒྱ་ཆེར་གྱེས་ནས་ལ་ལ་རྗེ་རིགས་སུ་གྱུར་པ་སྡེ་དགེའི་རྒྱལ་པོ་ལྟ་བུ་དང་།   ལ་ལ་དམངས་རིགས་སུ་གཏོགས་པ་ད་ལྟ་ཁམས་ཕྱོགས་སུ་རྫ་ཆུ་ཁ་དང་།   ལི་ཐང་།  དཀར་མཛེས་སོགས་མགར་གྱི་རུས་ཚོ་དང་སྡེ་བ་མང་པོ་ཡོད་པ་འདི་དག་ཡིན་ལ།    རུས་རྒྱུད་དེ་ཉིད་ལས་རུ་སྡེ་ཁག་ཅིག་ས་ཕྱོགས་གཞན་དུ་བསྐྱོད་དེ་རྨ་འཛི་རྡོ་གསུམ་དུ་གཞིས་ཆགས་པ་དང་།      དེ་ནས་རིམ་བཞིན་རྨ་ཆུའི་སྟོད་རྒྱུད་དུ་འབྲོག་ཏུ་སྤོས་པས་དེང་སང་མགོ་ལོག་ཁག་གསུམ་གྱི་ཡུལ་སྡེ་སོ་སོ་ན་མགར་གྱི་རུས་སུ་གཏོགས་པའི་རུ་སྡེ་མང་པོ་ཡོད་པ་དེ་དག་གི་འབྱུང་ཁུངས་གཅིག་ཡིན་ནོ།     །

      གཞན་ཡང་གདུང་རྒྱུད་ལྔ་བ་ཨ་མྱེ་དགེ་དཔལ་དང་དེའི་གདུང་རྒྱུད་ལྔ་བ་མགར་བཀྲ་ཤིས་དཔལ་གྱིས་རིམ་པར་རྒྱུད་དེ་མགར་ཆེན་ཡེ་ཤེས་བཟང་པོ་དང་མགར་དམ་པ་དེའི་གཅུང་མགར་ཨ་བུར་དང་མགར་ཐེ་བུར་སྟོང་བཙན་ཟེར་བ་ཡོད་ལ།   དེ་དག་ལས་མི་རྒྱུད་མང་པོ་འཕེལ་ཏེ་མགར་རྩེ་ཚོ་བ་བཅོ་བརྒྱད་བྱུང་།    རྨ་ཡུལ་དུ་ཡོད་པའི་མགར་རྩེ་ཚོ་བ་དང་ཀན་སུའུ་ཞིང་ཆེན་ཀླུ་ཆུ་རྫོང་དུ་དཔོན་སྐོར་ཚོ་བ་རྣམས་ཀྱང་མགར་ཨ་བུར་དང་མགར་ཐེ་བུར་སྟོང་བཙན་གྱི་རིགས་རྒྱུད་ལས་མཆེད་པ་ཡིན་པར་(མགར་རྩེ་ཚོ་བ་བཅོ་བརྒྱད་ཀྱི་ལོ་རྒྱུས་ཤེལ་དཀར་མེ་ལོང་ལས་)གསུངས་ཡོད་པ་ལྟ་བུ་ཡིན་ནོ།   །   ད་དུང་ཧོར་སྦྲ་ཆེན་ཡུལ་དུ་མགར་གྱི་རུས་རྒྱུད་བྱུང་ཚུལ་ཡང་བཤད་ཡོད།  རེད་དེ་ཕྲན་གྱིས་སྐབས་འདིར་གླེང་མེད།

སྤུ་རྒྱལ་ལོ་༢༡༤༤/༡༢/༥/ལ།


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2018/2/21 བལྟ་ཀློག (29099)