བསེ་མཁར་མཆོག་སྤྲུལ་བཀྲ་ཤིས་དོན་གོའི་མཛད་རྣམ་མདོར་བསྡུས།


བསེ་དགོན་བསྟན་བདག་ཟུང་གི་ཡ་གྱལ་༧མཁར་མཆོག་སྤྲུལ་བཀྲ་ཤིས་དོན་གོའི་མཛད་རྣམ་མདོར་བསྡུས།

རྩོམ་པ་པོ།   རྒན་བསེ་རིག་ཁོ། 

      མཆོག་སྤྲུལ་བཀྲ་ཤིས་དོན་གོ་ནི་མདོ་སྨད་རྔ་ལྗོངས་ཕྱུག་མོའི་སྨད་ཀྱི་ཆར།   བོད་རབ་བྱུང་བཅུ་བདུན་པའི་ལྕགས་ཕོ་རྟ་ལོ་སྟེ། ཕྱི་ལོ་༡༩༩༠ ལོའི་ཟླ་ ༢  ཚེས་  ༢༥ ཉིན་ལ་མཁས་གྲུབ་ཀྱི་སྐྱེས་ཆེན་བར་མ་ཆད་དུ་བྱོན་པའི་མཁར་སྒར་ཁྱིམ་དུ་གཟུགས་སྐུའི་འཁྲི་ཤིང་མངོན་པར་བཞད།   སྐུ་ཆུང་ངུའི་དུས་ནས་མཁས་གྲུབ་བྱེ་བའི་ཁྱུ་མཆོག་༧ མཁར་རྡོ་རྗེ་འཆང་ཤེས་རབ་ཆོས་འཕེལ་རྒྱ་མཚོའི་མདུན་དུ་རབ་བྱུང་བསྒྲུབས་ཏེ་མིག་གི་འབྲས་བུ་བཞིན་དུ་བསྐྱངས་ཤིང་གཅེས་སྐྱོང་བྱིན་རླབས་ཚད་མེད་ཐོབ།   མཆོག་སྤྲུལ་སྨན་གྱི་མྱུ་གུ་སྐུ་ན་ཤིན་ཏུ་ཕྲ་བའི་དུས་ནས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཨ་ཁུ་བཟོད་པ་རྒྱ་མཚོའི་མདུན་ནས་སྦྱོར་ཀློག་དང་རྒྱུད་སྡེ་ཁག་གི་འདོན་སྒྲིག་རྣམས་སློབ་པའི་དབུ་ཚུགས་ཤིང་ན་མཉམ་སློབ་གྲོགས་གཞན་ལས་རིག་པ་མྱུར་ཞེས་བསྟོད་པའི་མེ་ཏོག་ཡང་ཡང་འཐོར། 

     ལྷག་པར་དུ་ཡང་༧མཁར་རྡོ་རྗེ་འཆང་ཤེས་རབ་ཆོས་འཕེལ་རྒྱ་མཚོའི་སློབ་ཆེན་ཀུན་སྤངས་རི་ཁྲོད་པ་བླ་མ་ངེས་དོན་ཉི་མ་ཚང་བསམ་སྦྱོར་གཉིས་ཀྱིས་ཡོངས་འཛིན་དགེ་བའི་བཤེས་གཉེན་དུ་བཀུར་ཏེ་ལུགས་གཉིས་ཀྱི་བསླབ་བྱའི་བདུད་རྩི་ངོམ་མེད་དུ་རོལ་བའི་སྐལ་བཟང་ཐོབ།

     དེའི་རྗེས་དཔལ་ལྡན་དུས་ཀྱི་འཁོར་ལོའི་བྱིན་རླབས་དོན་རྒྱུད་ཀྱི་མངའ་བདག་བསེ་དགོན་གྱི་རྡོ་རྗེ་སློབ་དཔོན་ཆེན་པོ་༧ གསང་མཐའ་སྤྲུལ་བའི་སྐུ་ཐུབ་བསྟན་ཆོས་ཀྱི་འོད་ཟེར་གྱི་མདུན་ནས་དཔལ་ལྡན་ཇོ་ནང་བའི་སྤྱི་ནོར་སྦྱོར་བ་ཡན་ལག་དྲུག་གི་གདམ་ཟབ་སོགས་དབང་ལུང་མན་ངག་མཐའ་ཡས་པ་གསན།      གཞན་ཡང་ཇོ་ནང་སྐྱབས་མགོན་མཆོག་སྤྲུལ་འཇིགས་མེད་རྡོ་རྗེ་སོགས་སྐྱེས་ཆེན་དུ་མའི་ཞལ་ནས་ཟབ་ཆོས་མང་དུ་ཞུས།  མ་ཟད་མདོ་སྟོད་སྨད་ཀྱི་གྲྭ་ས་ཁག་གཅིག་ལ་ཕེབས་ནས་སློབ་གཉེར་གནང་བ་སོགས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་གནང་སྟེ་སྔོན་བྱོན་གོང་མའི་ཕྱག་བཞེས་བཟང་བོར་འབད་བརྩོན་ལྷོད་མེད་གནང་། 

     ཕྱི་ལོ་༢༠༡༣ ལོ་ནས་བགྲང་བྱ་གསུམ་གྱི་རིང་བསེ་དགོན་ཚོགས་འདུ་ལྷན་རྒྱས་ཀྱི་ཚོགས་གཙོའི་འགན་བཞེས་ཤིང་། སྔ་ཕྱི་བར་གསུམ་དུ་རང་དགོན་གྱི་གྲྭ་བ་སློབ་གཉེར་བ་དང་གྲྭ་ཆུང་སློབ་གྲྭ་སོགས་ལ་རྒྱབ་སྐྱོར་དང་མཐུན་རྐྱེན་གང་ལེགས་གནང་བ་དང་། རྔ་ཡུལ་སྟོད་སྨད་བར་གསུམ་གྱི་སྐད་ཡིག་ཚོགས་པ་མི་ཉུང་བར་ལོ་ངོ་དུ་མའི་རིང་རྒྱབ་སྐྱོར་དང་མཐུན་རྐྱེན་སྦྱར།  མ་ཟད་ཉམ་ཆུང་དྭ་ཕྲུག་སློབ་མར་སློབ་ཡོན་སྤྲད་པ། རྔ་བ་རྫོང་གི་ཡུལ་ཚོའི་སློབ་གྲྭ་བཞི་ལ་སློབ་གོས་དང་སློབ་ཁུག་སོགས་ཀྱི་གནང་སྦྱིན་བསྩལ་ནས་མི་རིགས་སློབ་གསོའི་ཕྱོགས་ལ་བླ་མེད་ཀྱི་ཐུགས་ཁུར་གནང་། མདོར་ན་མཆོག་སྤྲུལ་ཁོང་ནི་བླ་ཆེན་རྫིག་པོའི་ཟོལ་གྱིས་མ་བསྡད་པར་ཆུང་ངུའི་དུས་ནས་རང་ཉིད་སློབ་གཉེར་ལ་དགའ་བ་དང་སློབ་སྦྱོང་བ་ལ་རྒྱབ་སྐྱོར་བྱེད་པ། མི་སེར་ཉམ་ཆུང་དང་དབུལ་ཁྱིམ་སློབ་མར་དམིགས་བསལ་གྱིས་ལྟ་སྐྱོང་གནང་བ།

དུས་རབས་ཀྱི་འགྱུར་འགྲོས་མཐོང་ནས་ལེགས་ཉེས་བླང་དོར་གྱི་བསམ་བློའི་གཟིགས་རྒྱང་རིང་བ་སོགས་དགོན་གྲྭ་ཚང་དང་འབངས་ལྷ་སྡེ་ཡོངས་ཀྱི་སྣེ་ཁྲིད་གནང་ཐུབ་པའི་བླ་སྤྲུལ་དམ་པ་ཞིག་གིས་བསྒྲུབ་འོས་པའི་རྣམ་དཀར་བྱ་བཞག་ཀུན་ལ་འབད་བརྩོན་ལྷོད་མེད་གནང་མུས་སུ་སྐུ་ཚེ་ཞབས་པད་བརྟན་བཞིན་པ་འདི་ཀ་ལགས་སོ།།


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2018/2/24 བལྟ་ཀློག (30507)