རྫ་ཤུལ་བློ་བཟང་རྒྱ་མཚོ་མཚམས་སྦྱོར་མདོར་བསྡུས།


༄༅། །ལྔ་རིག་སྨྲ་བ་རྫ་ཤུལ་བློ་བཟང་རྒྱ་མཚོ་ལགས་མཚམས་སྦྱོར་མདོར་བསྡུས།


འཕྲིན་གཏོང་བ།  ཨར་མའི་སྨོན་ལམ།

     

རྫ་ཤུལ་བློ་བཟང་རྒྱ་མཚོ་ནི། མདོ་སྨད་རྟ་ཡི་ཆོལ་ཁའི་འབྲོག་སྡེ་ཆེན་པོ་ཁྲོ་ཁོ་སྨད་མའི་མཐའ་གཉིས་སུ་མ་ལྷུང་བའི་ཁྱིམ་རྒྱུད་ཅིག་ཏུ། རབ་རྒྱལ་ལྕགས་ཕག༡༩༧༡ལོའི་ས་ཟླའི་དཀར་ཕྱོགས་རྫོགས་པ་གསུམ་པའི་ཉིན་ཕྱེད་རྟ་དུས་ཤིག་ལ་ངུ་ངག་གི་དབྱངས་རྟ་ཐོག་མ་བསྒྲགས། ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་བ་རྫ་ཤུལ་དགེ་བཤེས་འཇམ་དཔལ་མཐུ་སྟོབས་རིན་པོ་ཆེས་འཇིགས་བྱེད་སྐྱབས་ཞེས་པའི་མིང་བསྩལ། རང་ལོ་དགུ་བ་ནས་བཅུ་བའི་བར་སྦྲ་གུར་སློབ་གྲྭར་ཞུགས།

      རང་ལོ་བཅུ་བའི་དགུན་ཁར་ཞལ་ཤུལ་དགོན་པའི་གནས་བརྟན་འདུལ་འཛིན་ཆེན་མོ་སྐལ་བཟང་ཚོགས་འཕེལ་ཞུ་བ་ལས་སྐྱབས་འགྲོ། དགའ་ལྡན་ལྷ་བརྒྱ་མ། ཡོན་ཏན་གཞི་གྱུར་མ། སྒྲོལ་མ་ཕན་ཡོན་དང་བཅས་པ་བློ་འཛིན་མཛད།

      བཅུ་གཅིག་སྟེང་སྨད་མ་ཡུལ་ཚོའི་སློབ་ཆུང་ལ་ཞུགས་ནས་གསུམ་བཟང་སློབ་མའི་མཚན་སྙན་ཐེངས་མང་པོར་ཐོབ་མྱོང་།

      བཅུ་བཞི་ལོར་སློབ་མཐར་ཕྱིན། ལོ་གཅིག་ཙམ་ལ་རྟ་རྫི་བགྱིས།

      བཅུ་དྲུག་སྟེང་ཞལ་ཤུལ་དགོན་པའི་ཚོགས་གྲལ་དུ་ཞུགས་ཏེ་དབུ་མཛད་དཀོན་མཆོག་ཞུ་བ་དགེ་རྒན་དུ་བསྟེན་ནས་ཆོ་ག་ཆོས་སྤྱོད་བློ་འཛིན་མཛད། མཁས་གྲུབ་ངང་མོ་བྱེ་བའི་བསྟི་གནས་དཔལ་ལྡན་བཀྲ་ཤིས་གཡས་སུ་འཁྱིལ་བའི་ཆོས་ཀྱི་སྡེ་ཆེན་པོ་དེ་ཉིད་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ༸རྔ་བ་སྦྱིན་པ་རྒྱ་མཚོ་ལས་དགེ་ཚུལ་གྱི་སྡོམ་པ་བླངས། བློ་བཟང་རྒྱ་མཚོ་ཞེས་པའི་མིང་འདོགས་གནང་། དབང་ལུང་འགའ་ཞིག་ཐོབ། དགོན་དེ་གའི་རྨད་བྱུང་ཐོས་བསམ་གླིང་དང་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གཉིས་ཀྱི་ཆོ་ག་ཕྱག་ལེན་དང་བཅས་པ་རང་ལོ་བཅོ་བརྒྱད་སྟེང་ཕལ་ཆེར་བསླབ་ཚར།

      བཅུ་དགུ་ནས་ཉེར་གཅིག་བར། ཐལ་ཕྲེང་ཟུར་བཀོད་དང་ཞོར་དུ་བསྡུས་གྲྭའི་རྩ་ཚིག གྲུབ་མཐའ་རྩ་བ། རྒྱན་འཇུག་གཉིས། སྤྱོད་འཇུག་ཆེན་མོ། རྣམ་འགྲེལ་རྩ་བའི་ལེའུ་གཉིས་སོགས་བློ་འཛིན་མཛད་ནས་གྲྭ་མང་ལ་ཚོགས་རྒྱུགས་ཕུལ། རང་དགོན་གྱི་དགེ་བཤེས་རྣམ་པའི་མདུན་དུ་སྐབས་གང་འོས་ཀྱི་དཔེ་ཁྲིད་དང་འཕྲོས་པ་དོགས་གཅོད། ཆོས་གྲྭ་ཆག་མེད་སྒོས་དཔེ་འཛིན་སྐྱོར་སྦྱང་བགྱིས།

ཉེར་གཅིག་པ་ལྕགས་ལུག༡༩༩༡ལོའི་དགུ་བའི་ཚེས་མགོར་ལྡོང་མཆོག་སྤྲུལ་རིན་པོ་ཆེ༸རྗེ་སྐལ་བཟང་འཕྲིན་ལས་དར་རྒྱས་ཚང་དང་གད་སྐྱའི་རི་ཁྲོད་པ་རྣམ་གཉིས་དབུ་མཛད་ནས་ལས་སྣེ་བཀའ་བགྲོས་གཅིག་མཐུན་གྱིས་ཕྲན་བཅས་གྲྭ་བ་བཞི་རྩིས་དཀར་ནག་ཁྲིད་པར་བདམས། རྭ་ཚང་དགེ་བཤེས་སྐལ་བཟང་ཚོགས་འཕེལ་ལས་དགུ་མཐའ་དང་ཚེས་ཞག་ལྔ་བསྡུས་ཁྲིད། ཞོར་དུ་ས་དཔྱད་ཕྱེ་མ་བརྡར་སྤུངས་ཀྱང་ཁྲིད། སྐར་རྩིས་དང་ནག་རྩིས་གཉིས་ཀྱི་སྔོན་འགྲོ་བློ་འཛིན་མཛད།

      ཉེར་གཉིས་པ་ཆུ་སྤྲེལ༡༩༩༢ལོར། བླ་བྲང་བཀྲ་ཤིས་འཁྱིལ་དུ་སྐར་རྩིས་ཁྲིད་པར་ཆེད་བཏང་མཛད། དུས་གྲྭ་བ་ཨ་ཁུ་ཀ་མདོ་བསྟན་པ་ཚང་ལས་རིགས་ལྡན་མཆོད་པའི་འོད་སྣང་།རྩིས་གཞུང་དེ་ནི་ཨ་ཁུ་བསྟན་པ་ཚང་ཁོང་དང་ཨ་ཁུ་བཛྲ་ཚང་རྣམ་གཉིས་ཀྱིས་རྩིས་མགོ་གསར་སྤོས་མཛད་པའི་སྟེང་ནས་ཐོབ། ཞོར་དུ་སྒྲ་ཆ་ཚང་། མཁས་དགུའི་གཙུག་རྒྱན་རྡོ་རྗེ་འཆང་ཆེན་འཇམ་དབྱངས་བླ་མ་ཁྲི་ཆེན་གུང་ཐང་དྲུག་པ་ཆེན་མོ་ལས་དུས་འཁོར་དབང་ཆེན་ཐེངས་གསུམ་པ་དང་གཞན་ཁྲིད་ལུང་བཀའ་ཆོས་ཐོབ། ཨ་ཁུ་བཛྲ་ཚང་ལས་པྲ་ཏིའི་སུམ་རྟགས་ཀུན་བཟང་དགོངས་རྒྱན། སི་ཏུའི་སུམ་རྟགས་འགྲེལ་ཆེན། ནག་རྩིས་རྡེལ་འཇོག་དང་བཅས་པ་ཁྲིད།

ཨ་ཁུ་འཇམ་དབྱངས་ཉི་མ་ཚང་ལས་སྒྲ་མཚམས་སྦྱོར་ལྔ་བ། སྙན་ངག་དབྱངས་ཅན་དགྱེས་གླུ། བོད་མཁས་སྙན་ངགས་དཔྱད་ཚིག་དོན་ཀུན་གསལ་འདོད་དགུ་འབྱུང་བའི་རིན་ཆེན་བུམ་བཟང་། དུར་ས་སྤོར་ཚུལ་གཉིས་ཀྱི་ཁྲིད་དང་། རྒྱ་ནག་གླང་རྩིས། བློ་རྟགས་གཉིས། ས་ལམ། གྲུབ་མཐའ་སོགས་ཀྱི་དཔེ་ཁྲིད། གཞན་ཙཀྲ་དང་། སྲུང་དཔེ་སྣ་ཚོགས་འབྲི་ཚུལ་དང་ལྟེབ་ཚུལ། ས་བདག་ལྟོ་འཕྱེའི་ཐིག་འདེབས་ཚུལ་སོགས་ཀྱི་ཕྱག་ལེན་ཞིབ་ཅིང་ཕྲ་བ་ཐོབ། ཨ་ལགས་དཔའ་རིས་པ་ཚང་ལས་སྐར་རྩིས་རིགས་ལྡན་མཆོད་པའི་འོད་སྣང་དང་། ནག་རྩིས་རྡེལ་འཇོག་དང་བཅས་པའི་གཞུང་ཆ་ཚང་ཐོབ།

དངུལ་རྭའི་ཨ་ཁུ་སྐལ་བཟང་ཚུལ་ཁྲིམས་ཚང་གི་མདུན་ནས་ཁོང་གིས་མཛད་པའི་དགེ་ལྡན་རྩིས་ཀྱི་བསྟན་བཅོས་ལེགས་པར་བཤད་པ་མཁས་གྲུབ་ཞལ་ལུང་དཔྱོད་ལྡན་འདོད་འཇོ་ཆ་ཚང་དང་། ཨ་ཁུ་ལྷ་མོ་ཚུལ་ཁྲིམས་ཚང་གིས་མཛད་པའི་ནག་རྩིས་ཀྱི་ཡལ་འདབ་དང་པོ་མ་གཏོགས་རྡེལ་འཇོག་ཆ་ཚང་། རྡེལ་འགྲེམ་དཔག་བསམ་ལྗོན་ཤིང་གི་འབྲས་བཤད་ནག་འགྲོས་སུ་བཀོད་པའི་ཁྲིད་མ་ཐོབ། རྒྱ་རྩིས་ཉི་འཛིན་ཟླ་འཛིན་དང་བཅས་པ་ཆ་ཚང་ཁྲིད་ནས་ཞལ་ཤུལ་དགོན་པར་གླང་རྩིས་ཐོག་མར་སྤེལ། སུམ་རྟགས་གཉིས་ཀྱི་རྩ་བ། སྙན་ངག་དབྱངས་ཅན་ཞལ་ལུང་ཉི་མ་འབུམ་གྱི་འོད་ཅན། བློ་གསལ་འཇུག་ངོགས་ཀྱི་སྡོམ་སོགས་བློར་བཟུང་།

      ཉེར་གསུམ་པ་ཆུ་བྱ༡༩༩༣ལོར། མཚན་སྒྲོགས་དགོན་པའི་རྩིས་རམས་པ་ཨ་ཁུ་སྐལ་བཟང་དཀོན་མཆོག་ཚང་ལས་ནག་རྩིས་འགའ་ཞིག་གི་ཁྲིད་རྒྱུན་དང་རྡེའུ་དགྲམ་ཚུལ། སྨེ་བའི་ཤ་རྩིས། དར་གུད་གསེར་ཕྲེང་། དབྱངས་འཆར། དུས་རྩིས་ངོ་མཚར་ཉི་མ་སོགས་ཀྱི་རྡེལ་འཇོག དཔྱད་དོན། ལག་ལེན། ཉམས་མྱོང་མན་ངག་སོགས་བུམ་པ་གང་བྱོས་ཚུལ་དུ་གནང་བར་རང་ལའང་སྔར་མེད་བློ་བསྐྱེད་གསར་བ་མང་དུ་ཐོབ། ད་སྐབས་དབྱངས་འཆར་དང་འབྱུང་རྩིས་ཕྱོགས་ལ་མྱོང་གོམས་ཅུང་ཟད་རེ་ཡོད་པ་ཁོང་གི་བཀའ་དྲིན་ཉག་གཅིག་གོ ། དེ་དུས་ཞལ་ཤུལ་དགོན་ནས་མཚན་སྒྲོགས་དགོན་པར་རྐང་ལམ་བརྒྱུད་ནས་ཟླ་ངོ་གཅིག་ཙམ་ལ་སོང་། རྗེས་ནས་ཡང་ཁོང་ལ་དོགས་གནས་མང་དུ་ཞུས་པར་སྦ་གསང་མེད་པར་གསུང་བའི་བཀའ་དྲིན་བླ་ལྷག་ཏུ་ཆེའོ། །

      ཉེར་བཞི་བ་ཤིང་ཁྱི༡༩༩༤ལོར། ལྔ་རིག་སྨྲ་བའི་དབང་པོ་ཨ་ཁུ་སངས་རྒྱས་དོན་འགྲུབ་ཚང་ལས་སྙན་ངག་སྤྱི་དོན། ཐོན་མིའི་ཞལ་ལུང་། སི་ཏུའི་སུམ་རྟགས་འགྲེལ་ཆེན། པྲ་ཏིའི་ཀུན་བཟང་དགོངས་རྒྱན། ཆབ་ཤོག་ཕོ་ཉ་གཞོན་ནུ་དོན་འགྲུབ་མ། བསེ་བསྡུས། གྲུབ་དོན་ས་གསུམ་སོགས་ཁྲིད། རྔོག་རྒྱུད་འཇམ་དབྱངས་འཕྲིན་ལས་ཚང་ལས་བློ་གསལ་འཇུག་ངོགས། པྲ་ཏིའི་ཀུན་བཟང་དགོངས་རྒྱན། སྙན་ངག་ཡང་གསལ་སྣང་མཛོད། དབྱངས་ཅན་དགྱེས་གླུ། ཀུན་མཁྱེན་འཇིགས་མེད་དབང་པོའི་ཆབ་ཤོག ལོ་རྒྱུས་ཀུན་དགའི་མེ་ལོང་སོགས་ལོ་རྒྱུས་སྐོར་ཁྲིད། རྗེ་བློ་བཟང་གྲགས་པས་མཛད་པའི་དབྱངས་ཅན་མའི་བསྟོད་པ་ཆུ་འཛིན་དཀར་པོ་མའི་ལུང་ཕྲན་གཅིག་པུ་ལ་གནང་། ཁྲི་ཆེན་གུང་ཐང་དྲུག་པ་རིན་པོ་ཆེའི་དྲུང་ཡིག་ཨ་ཁུ་ངག་དབང་ཚང་ལས་དབུ་མེད་བར་བྲིས་དང་འཁྱུག་བྲིས་གཉིས་ཀྱི་ཕྱག་ཁྲིད། ལྔ་རིག་སྨྲ་བ་ཤཱི་ལའི་མཚན་ཅན་ལས་དྲུང་ཡིག་སྨོན་ལམ་གྱི་ཡིག་རྒྱུན་ཆ་ཚང་ཕྱག་ཁྲིད་ཐོབ། སྙན་ངག་རྩ་བ་མེ་ལོང་མ་བློར་བཟུང་།

     ཉེར་ལྔ་བ་ཤིང་ཕག༡༩༩༥ལོར། གྲོགས་ཞིག་དང་ལྷན་དུ་རྒྱ་རྩིས་ལོ་ཐོ་ཧུང་ལི་ཀུན་གསལ་མེ་ལོང་ཞེས་པ་གསར་དུ་བསྐྲུན། དགེ་རྒན་བཀའ་དྲིན་ཅན་རྗེ་བསམ་འགྲུབ་རྒྱ་མཚོ་ཚང་དང་། དངུལ་རྭའི་རྩིས་རམས་པ་ཨ་ཁུ་སྐལ་བཟང་ཚུལ་ཁྲིམས་རྣམ་གཉིས་ཀྱིས་རྨ་ཆུའི་ཁུགས་སོ་དང་པོར་མཚོན་ན་སྤྱི་ཚོགས་གསར་བ་དབུ་བརྙེས་པ་ནས་བཟུང་ཆེས་ཐོག་མའི་ལོ་ཐོ་ཡིན་ཞེས་བསྔགས་བརྗོད་རྒྱ་ཆེར་གནང་།

      ཉེར་དྲུག་པ་མེ་བྱི༡༩༩༦ལོར། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སྐར་རྩིས་གཟབ་སྦྱོང་འཛིན་གྲྭར་ཞུགས་ཏེ། མ་ཧཱ་པཎྜི་ཏ་སློབ་དཔོན་རིན་པོ༸རྗེ་བཙུན་བསམ་འགྲུབ་རྒྱ་མཚོ་ཚང་ལས། དབུ་མ་དགོངས་པ་རབ་གསལ། ཁོང་གིས་མཛད་པའི་སྐར་རྩིས་ཀུན་འདུས་ནོར་བུ་གཞུང་ཁྲིད་ཆ་ཚང་ཐོབ། ཞོར་དུ་དུང་དཀར་སྙན་ངག བསྡུས་གྲྭ། རྒྱ་ཡིག་སོགས་ཁྲིད། རྗེས་ནས་དགེ་རྒན་བཀའ་དྲིན་ཅན་ཁོང་གི་མདུན་ནས་སྔོན་འགྲོའི་ཁྲིད་ཆེན་བཞི། སྡོམ་གསུམ་བསླབ་བྱ། རྫ་ཤུལ་དགེ་བཤེས་ཀྱི་རྣམ་ཐར་སོགས་ཀྱི་ཁྲིད་ལུང་དང་། ཁོང་གིས་མཛད་པའི་རྒྱ་རྩིས་ཀྱི་གཞུང་ཁྲིད་ཆ་ཚང་ཐོབ།

     ཉེར་བདུན་པ་མེ་གླང་༡༩༩༧ལོར། ཨ་ཁུ་རས་ཆུང་ཤེས་རབ་རྒྱ་མཚོ་ལས་དག་ཡིག་མཁས་པ་དགའ་བསྐྱེད། བློ་གསལ་འཇུག་ངོགས། བློ་གསལ་དགའ་སྟོན། མཐའ་དཔྱད། སྙན་ངག་དབྱངས་ཅན་དགྱེས་གླུ་དང་ཡང་གསལ་སྣང་མཛོད་གཉིས། སྒྲ་ཆ་ཚང་སོགས་ཀྱི་ཁྲིད་ཐོབ། དམུ་དགེ་བསམ་གཏན་རྒྱ་མཚོས་མཛད་པའི་ས་བདག་ལྟོ་འཕྱེའི་ཐིག་འདེབས་དང་ཆོ་ག་གཉིས་ཀྱི་ཁྲིད་ལུང་དང་། གཞན་བཀའ་ཆོས་འགའ་ཞིག་ཐོབ། དབལ་བན་རྙིང་མ་དགོན་པའི་རྒྱུ་ཚའི་ཤེས་རབ་དང་། བསྟན་འཛིན་རྒྱ་མཚོ་ངེད་གསུམ་གྱིས་རྩོམ་སྒྲིག་མཛད་པའི་སྐར་རྩིས་ལོ་ཐོ་རིགས་ལྡན་དགྱེས་པའི་འཛུམ་དཀར་ཞེས་པ་པར་བསྐྲུན་བགྱིས། རྗེ་བསམ་འགྲུབ་རྒྱ་མཚོས་མཛད་པའི་རྫ་ཤུལ་དགེ་བཤེས་འཇམ་དཔལ་མཐུ་སྟོབས་རིན་པོ་ཆེའི་རྣམ་ཐར་རྩོམ་ཞུས་པའི་འགན་ཁུར་ཏེ་དཔར་དུ་བཏབ། དབྱར་གནང་ལ་རྨ་ཆུའི་རིག་གནས་ཟབ་སྦྱོང་འཛིན་གྲྭར་ཞུགས་ནས། གླིང་སྤྲུལ་བསྟན་འཛིན་རྒྱ་མཚོ་ཚང་དང་། ཨ་ཁུ་ཚུལ་ཁྲིམས་ཚང་། ཨ་ཁུ་འཇིགས་མེད་སོགས་ལས་ཐོན་མིའི་ཞལ་ལུང་། སྙན་ངག་དབྱངས་ཅན་དགྱེས་གླུ། སྙན་ངག་སྤྱི་དོན། ཀུན་མཁྱེན་འཇིགས་མེད་དབང་པོའི་ཆབ་ཤོག གུང་ཐང་བསྟན་པའི་སྒྲོན་མེའི་སློབ་གཉེར་བསླབ་བྱ་སོགས་ཁྲིད།

     ཉེར་བརྒྱད་པ་ས་སྟག༡༩༩༨ལོར། མཁས་པའི་དབང་པོ་བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག་གིས་མཚན་འདོགས་གནང་བའི་རིག་གནས་ཡར་སྤེལ་ཞེས་པའི་སྣ་འཛོམས་ལོ་དེབ་རྩོམ་སྒྲིག་པའི་ལས་ཀ་འདི་ལ་འཇུས་ནས་ད་ལོ་སྟེ༢༠༡༨ལོའི་བར་མི་ལོ་ཉི་ཤུ་འགོར་སོང་། དེའི་རིང་ལ་གསར་སྐྱེས་རྩོམ་པ་པོ་མི་ཉུང་བ་ཞིག་སྐྱེད་སྲིང་བྱས་པ་ཙམ་དུ་མ་ཟད། ལོ་བཅུའི་རྩོམ་རིག་ཚོགས་འདུ་དང་། བགྲོ་གླེང་སོགས་ཀྱི་གྲུབ་འབྲས་ལ་སྒེར་གཞུང་གང་རུང་ནས་གཟེངས་བསྟོད་ཐོབ་པ་གཤམ་གསལ་ལྟར།

     གོ་བརྒྱད་ལོའི་དགུན་ཁར་ཞལ་ཤུལ་དགོན་པའི་འཛིན་གྲྭ་གཅིག་པའི་ཆོས་གྲོགས་རྣམས་དང་ལྷན་དུ། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་ཀུན་ལས་བཏུས་པ་དང་། མངོན་རྟོགས་རྒྱན། དབུ་མ་འཇུག་གཉིས་སོགས་ཀྱི་གཞུང་རྒྱུགས་སྤྲད།

      ༢༠༠༡ལོར་འཇིགས་མེད་རྒྱལ་མཚན་སྒེར་བཙུགས་སློབ་གླིང་དུ་ཞུགས་ཏེ། དགེ་རྒན་བཀའ་དྲིན་ཅན་འཇིགས་མེད་རྒྱལ་མཚན་ཚང་གཙོས། དགེ་བའི་བཤེས་གཉེན་ཆེན་མོ༸བཛྲ་ཚུལ་ཁྲིམས་རྒྱ་མཚོ་ཚང་། སློབ་གསོ་བ་ལྡོང་ཡོན་ཏན་རྒྱ་མཚོ་ཚང་། སེ་ར་བ་དགེ་རྒན་བློ་བཟང་ཐོགས་མེད་ཚང་། སྐད་གཉིས་སྨྲ་བ་དགེ་རྒན་གཅོད་པ་ཚེ་རིང་ཚང་སོགས་ལས་རྒྱ་བོད་དབྱིན་གསུམ་གྱི་སྐད་ཡིག་གཙོས། གནའ་དེང་གི་རིག་གཞུང་ལ་སློབ་གཉེར་བྱས། ཞོར་དུ་སློབ་གླིང་དེའི་སློབ་བུ་ཚོགས་པའི་ཚོགས་གཙོའི་འགན་ཡང་ཁུར། ༢༠༠༤ལོར་སློབ་མཐར་ཕྱིན།  ཆེད་རྩོམ་ལ་བོད་རང་ས་ནས་བྱུང་བའི་སྐར་རྩིས་ཡོད་མེད་ཀྱི་ཁུངས་ལ་དཔྱད་པ་དང་། མཐར་ཕྱིན་ཆེད་རྩོམ་ལ་བོད་རྩིས་ཀྱི་བྱུང་འཕེལ་ཞེས་པ་བྲིས་ནས་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས་ཏེ་བཀྲམ། སྐྱ་སེར་རིས་སུ་མ་ཆད་པའི་རྩོམ་པ་པོ་དང་ཀློག་པ་པོ་མི་ཉུང་བ་ཞིག་གིས་གདེངས་འཇོག་ཚད་མཐོ་གནང་མྱོང་།

       ༢༠༠༨ལོར་རིག་གནས་ཡར་སྤེལ་ལོ་དེབ་གཉེར་ནས་བགྲང་བྱ་བཅུ་འཁོར་བའི་རྩོམ་རིག་ཚོགས་འདུ་རྨ་ཆུ་རྫོང་ནས་ཚོགས། ཀན་ལྷོ་ཁུལ་རྩོམ་རིག་ལྷན་ཚོགས་དང་། ཀན་ལྷོ་ཁུལ་ཟླ་ཟེར་རྩོམ་སྒྲིག་ཁང་གཉིས་ཀྱི་གཙོ་འགན་པ། རྨ་ཆུ་རྫོང་གི་འགོ་ཁྲིད་པ། བོད་ཀྱི་སློབ་གསོ་བ། དགེ་རྒན་ཆེན་མོ། རྩོམ་པ་པོ་སོགས་ཞིང་ཆེན་གསུམ་ནས་ཕེབས་པའི་དཔྱད་བརྗོད་པ་མང་པོས་རིག་གནས་ཡར་སྤེལ་ལོ་དེབ་ཀྱི་བྱ་བའི་གྲུབ་འབྲས་ལ་གཟེངས་བསྟོད་མི་དམན་པ་གནང་། རིག་གནས་ཡར་སྤེལ་རྩོམ་སྒྲིག་ཁང་གིས་ཀྱང་ལོ་བཅུའི་རྩོམ་ཡིག་བདུན་བརྒྱ་ལྷག་གི་ཁྲོད་འདམས་ཐོན་བྱུང་བའི་རྩོམ་པ་པོ་རྣམས་ལའང་བྱ་དགའ་གྱ་ནོམ་པ་དང་གཟི་བརྗིད་དཔང་ཡིག་ཕུལ།

      ༢༠༠༥ལོ་ནས༢༠༡༨ལོའི་བར་དུ་དབང་ལུང་ཁྲིད་གསུམ་ཐོབ་ཚུལ་འགའ་ཞིག་ཟུར་དུ་བརྗོད་ན། སྐྱབས་རྗེ་གུང་ཐང་རིན་པོ་ཆེའི་གཙོས་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་ཚང་དང་། བདེ་ཐང་ཞབས་དྲུང་དཀོན་མཆོག་མཁྱེན་རབ་རྒྱ་མཚོ་ཚང་།ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ༸རྗེ་དགེ་འདུན་རྒྱ་མཚོ་ཚང་།པན་ཆེན་བཅུ་གཅིག་པའི་རིགས་ཀྱི་ཅོད་པན༸རྗེ་འཇམ་དབྱངས་རྒྱ་མཚོ་ཚང་།བླ་བྲང་དགེ་བཤེས༸རྗེ་བློ་བཟང་རྒྱ་མཚོ་ཚང་། རྔ་བ་རྗེ་གྲགས་པ་རྒྱ་མཚོ་ཚང་། གུང་ཐང་བདུན་པའི་ཡོངས་འཛིན༸རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོ་ཚང་སོགས་ལས་སྔགས་ཕྱོགས་ཀྱི་རྒྱུད་སྡེ་བཞིའི་དབང་ལུང་ཁྲིད་གསུམ་དང་། མདོ་ཕྱོགས་ཀྱི་བཀའ་པོད་ཆེན་པོ་ལྔའི་དཔེ་ཁྲིད་སོགས་དམ་པ་གོང་མའི་མན་ངག་གི་དྲོད་མ་ཡལ་བ་ལེགས་བཤད་ཀྱི་དྲི་མ་ཉམས་པ་མང་དུ་ཐོབ།མཁན་ཆེན་གྲགས་པ་རྒྱ་མཚོ་ལས་ཞྭ་དམར་བའི་ལམ་རིམ་དང་། ཀུན་མཁྱེན་འཇིགས་མེད་དབང་པོའི་བཀའ་འབུམ་སོགས་ལུང་ཁྲིད་མང་ཙམ་ཐོབ།

གཙང་བཀྲ་ཤིས་ལྷུན་པོའི་བཀའ་ཆེན་རྡོ་རྗེ་རྒྱལ་མཚན་ལས་ལམ་རིམ་སོགས་བཀའ་ཆོས་མང་པོ་དང་། དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད་པའི་ཐོན་མིའི་ལེགས་བཤད་ལྗོན་པའི་དབང་པོ་དང་། རྟགས་ཀྱི་འཇུག་པའི་སྙིང་པོའི་དོན་མདོ་ཙམ་བརྗོད་པ་དཀའ་གནད་གསལ་བའི་མེ་ལོང་། བཀའ་ཆེན་ཁོང་གིས་མཛད་པའི་ལེགས་བཤད་ལྗོན་དབང་དང་དཀའ་གནད་གསལ་བའི་མེ་ལོང་གཉིས་ཀྱི་འགྲེལ་བ་གཟོང་ཆུང་རྣོན་པོ་སོགས་ཀྱི་ཁྲིད་རྒྱས་པ་བསྩལ། སེ་རའི་དགེ་བཤེས་དགེན་ཐེག་མཆོག་ཚང་ལས། སྤྱོད་འཇུག་ཆེན་མོའི་རྩ་བའི་ལུང་སོགས་ཁྲིད་ལུང་ཁ་ཤས་ཐོབ།

      བླ་བྲང་བཀྲ་ཤིས་འཁྱིལ་ནས་དཔེ་ཁྲིད་ཀྱི་ཞོར་དུ། ཀྲུང་དབྱང་མི་རིགས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། བོད་ལྗོངས་གསོ་རིག་སློབ་ཆེན། མཚོ་སྔོན་ནང་བསྟན་སློབ་གྲྭ། ཀན་སུའུ་ནང་བསྟན་སློབ་གྲྭ་སོགས་ནས་ཕེབས་པའི་སློབ་བུ་སོགས་ལ་སྒྲ་སྙན་ངག རྩིས་ས་རིས། ས་དཔྱད། སྐྱབས་ཁྲིད། བསླབ་བྱ། སུམ་རྟགས་དག་གསུམ། རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད། སྙན་ངག་སྤྲིན་གྱི་ཕོ་ཉ། ལོ་རྒྱུས་སོགས་གང་ལ་གང་མཁོ་ཁྲིད་ཁུལ་བྱས། གཞན་ས་དགེ་རྙིང་གསུམ་གྱི་གྲྭ་བ་སོགས་ལའང་རིག་གནས་སྐོར་ནས་དཔེ་ཁྲིད་དང་འཕྲོས་པ་དོགས་གཅོད་བགྱིས། སློབ་མའི་གྲངས་ཀ་རགས་བརྩི་བྱས་ན་ཕལ་ཆེར་བདུན་བརྒྱ་ལ་ཉེ་བ་ཙམ་ཞིག་བསྐྱངས་ཁུལ་བྱས། དེ་མིན་ཁམས་ལི་ཐང་དགོན་ཆེན་གྱི་མཚན་ཉིད་གྲྭ་ཚང་དང་། སི་ཁྲོན་ཨ་སྐྱིད་གནས་བཞི་དགོན། སྒོ་མོག་བཀྲ་ཤིས་བདེ་ཆེན་གླིང་སོགས་ལ་ཕྱིན་ནས་རིག་གནས་འཆད་ཁྲིད་བགྱིས།

      གོ་དྲུག་ལོ་ནས་གསར་རྩོམ་གྱི་ལས་ལ་ཞུགས་ཏེ་ད་ལྟའི་བར་དུ་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་ཚགས་པར་བཅུ་ཕྲག་གཉིས་ལྷག་གི་སྟེང་རྩོམ་ཡིག་མང་ཙམ་ཞིག་བཀོད་ཡོད།

      འདིར་པར་དུ་མ་འཁོད་པའི་སྐོར་ཉུང་ཤས་ཤིག་འགོད་ན།

      དཔྱད་རྩོམ་ཚངས་པའི་ཐིག་ཤིང་སོགས་དཔྱད་རྩོམ་སྣ་ཚོགས། མ་ཧཱ་པཎྜི་ཏ་གྲུབ་དབང་ཞལ་ཤུལ་རིན་པོ་ཆེ༸རྗེ་བཙུན་ངག་དབང་བསྟན་པའི་རྒྱ་མཚོའི་རྣམ་ཐར་སོགས་རྣམ་ཐར་ལོ་རྒྱུས་སྐོར།  དག་ཡིག་རིན་ཆེན་མྱུ་གུ་མའི་འབྲུ་འགྲེལ་ཚིག་དོན་ཀུན་གསལ་སོགས་འགྲེལ་རྩོམ་སྐོར། ངག་རིག་རྩེད་འཇོའི་ཟློས་གར་སོགས་བཅད་རྩོམ་དང་ལྷུག་རྩོམ་རང་མོས་གསུམ་གྱི་སྐོར། གཞན་རྩིས་དཀར་ནག་གི་སྐོར་སོགས་ཅུང་མང་པོ་ཞིག་མི་ཚེའི་ཟས་རིན་གྱི་ཚུལ་དུ་བརྩམས་ཡོད་དོ། །

      དེའི་ནང་ནས་ཀྱང་སྒེར་གཞུང་དུས་དེབ་དང་ལོ་དེབ་ཚགས་ཤོག་སྟེང་དུ་བཀོད་པར་གཟེངས་རྟགས་འགའ་ཞིག་ཐོབ་པ་ནི།

     ༢༠༠༤ལོར་ཀན་ལྷོའི་གསར་འགྱུར་ཁང་གི་ཕུལ་བྱུང་རྩོམ་པ་པོའི་བྱ་དགའ།

     ༢༠༠༤ལོར་གུར་ཀུམ་ཆུན་པོ་རྩོམ་སྒྲིག་ཁང་གིས་རྟིང་སྐུལ་བྱ་དགའ།

     ༢༠༠༤ལོར་རྨ་ཆུ་རྫོང་ཁྲོ་སྨད་ཡུལ་ཚོའི་རྩོམ་པ་པོ་བྱས་རྗེས་ཅན་གྱི་གཟེངས་བསྟོད་བྱ་དགའ།

     ༢༠༠༨ལོར་ཀན་ལྷོ་ཁུལ་རྩོམ་རིག་ལྷན་ཚོགས་དང་། ཀན་ལྷོ་ཁུལ་ཟླ་ཟེར་རྩོམ་སྒྲིག་ཁང་གཉིས་ཀྱིས་ཕུལ་བྱུང་རྩོམ་སྒྲིག་པའི་བྱ་དགའ།

     ༢༠༠༨ལོར་རྨ་ཆུ་རྫོང་རིག་གནས་ཡུལ་སྐོར་ཅུའུ་དང་། རྫོང་དྲིལ་བསྒྲགས་ཁང་གཉིས་ཀྱིས་ཕུལ་བྱུང་རྩོམ་སྒྲིག་པའི་བྱ་དགའ།

     ༢༠༡༢ལོར་ལྔ་རིག་ལང་ཚོའི་ལོ་དེབ་ལོ་འཁོར་བཅུའི་གཟེངས་ཐོན་རྩོམ་ཡིག་བྱ་དགའ།

    ༢༠༡༤ལོར་རྨ་ཡུལ་རྩོམ་སྒྲིག་མཐུན་ཚོགས་སྐབས་དང་པོས་ཕུལ་བྱུང་ལོ་དེབ་ཀྱི་བྱ་དགའ། གཞན་ད་དུང་ཚོགས་པ་དང་མི་སྒེར་གང་རུང་ནས་ཕུལ་བའི་གཟེངས་བསྟོད་དང་བྱ་དགའ་ཧ་ཅང་མང་པོ་ཡོད་ཀྱང་ཡིག་ཚོགས་སྐྱོང་ཕྱིར་མ་བཀོད་དོ། །

    རྨ་ཆུའི་རིག་གནས་ཡར་སྤེལ་ལོ་དེབ་གསར་བཏོད་པ་དང་གཙོ་སྐྱོང་བ། རྨ་ཡུལ་རྩོམ་སྒྲིག་མཐུན་ཚོགས་སྐབས་དང་པོ་དང་གཉིས་པའི་ཚོགས་གཙོ། ༡༩༩༨ལོ་ནས༢༠༠༠ལོའི་བར་ཀན་ལྷོའི་གསར་འགྱུར་གསར་འགོད་པ། ༢༠༠༦ལོར་ཀན་ལྷོ་ཁུལ་བོད་ཀྱི་གསོ་རིག་སློབ་ཚོགས་སྐབས་གསུམ་པའི་ལས་འཛིན་མི་སྣ། ཁྲི་ཆེན་གུང་ཐང་དྲུག་པ་ཆེན་པོའི་བཀའ་རྩོམ་ཕྱོགས་བསྒྲིགས། གཙོ་སྒྲིག་པ་གཞོན་པ། ཀུན་མཁྱེན་སྐུ་ཕྲེང་བཞི་བའི་རྣམ་ཐར་རྟོགས་བརྗོད་རིན་ཆེན་ཕྲེང་བའི་གཙོ་སྒྲིག་པ་གཞོན་པ། རྨ་འགྲམ་གྱི་འོད་སྣང་དང་།  ཁྲོ་ཁོའི་སྦྲ་རྒན་ལོ་དེབ་གཉིས་ཀྱི་བློ་འདྲི་ཡུལ། ཀན་ལྷོའི་ཐོན་མིའི་སློབ་ཚོགས་སྐབས་དང་པོའི་ཚོགས་གཙོ། ལེན་ཤཱ་རྫོང་གི་ཆོས་ལུགས་མི་སྣ། སྒོ་མོག་དགོན་པའི་གཙོ་སྐྱོང་བ་བཅས་ཀྱི་འགན་ཁུར་གྱིན་ཡོད་དོ། །


དཔེ་ཁྲིད་བྱེད་བཞིན་པའི་ཟུར་གཅིག


སི་ཁྲོན་ཨ་སྐྱིད་གནས་བཞི་དགོན་པའི་གསོ་སྦྱོང་སྟེང་གསུང་བཤད་གནང་བཞིན་པ།


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2019/1/31 བལྟ་ཀློག (33987)