སེམས་ཀྱི་འོད་ཅེས་པའི་དེབ་ཀྱི་འགྲེམ་བརྡ།

     དེབ་འདིའི་རྩོམ་པ་པོ་མགར་ཚེ་དབང་རྒྱལ་ཁོང་ནི་ཕྱི་ལོ་1991 ལོའི་ཟླ་བ་དང་པོར་ཁམས་ནང་ཆེན་ཉག་ལ་དབུ་སྨད་རུ་ཆུང་མགར་ཚང་དུ་ལང་ཚོའི་ལྟེ་ཁྲག་འཐོར་ཏེ་བགྲང་བྱ་བཅུ་གསུམ་གྱི་ན་ཚོད་སྨིན་པ་དང་ལྷན་དུ་མི་ཚེ་ཤེས་རིག་ལ་ཕྱོགས་པའི་གོམ་པ་དང་པོ་སློབ་ཆུང་གི་སྒོ་ཐེམ་དུ་སྤོས་ནས་སློབ་ཆུང་དང་སློབ་འབྲིང་གི་འཛིན་གྲྭའི་ཐེམ་སྐས་བརྒྱུད་དེ་བགྲོད་སྐབས་བོད་ཡིག་སོགས་སློབ་ཚན་དུ་མའི་རྒྱུགས་སྤྲོད་ཕལ་ཆེར་བའི་བྱ་དགའ་ཨང་དང་པོ་དང་གཉིས་པའི་རྒྱུགས་འབྲས་ཐོབ་ཀྱི་ཡོད་ཅིང་ཨང་གསུམ་པའི་མན་ལ་ལྷུང་མ་མྱོང་པའི་གསེར་མདོག་གི་འོད་སྣང་འབར་བའི་ལམ་བུ་ནང་མི་ལོ་བདུན་ལྷག་ཅིག་རིམ་གྱིས་བཞུད།

     འོན་ཏེ་སྟབས་མ་ལེགས་པ་ཞིག་ལ་2009 ལོར་ཁོ་རང་ལོ་བཅུ་དགུའི་ཐོག་འཕྲུལ་རྟའི་དོན་རྐྱེན་བྱུང་སྟེ་མིག་གཉིས་ཀས་གཏན་ནས་མི་མཐོང་བའི་གནས་ཚུལ་ཡ་ང་བ་ཞིག་བྱུང་།  བར་ཆད་དམ་རྐྱེན་ངན་དེ་ནི་སྨན་དཔྱད་དང་རིམ་གྲོ་སོགས་ཀྱིས་འཆོས་ཐབས་ལ་འབད་པ་མང་དུ་བྱས་ཀྱང་། དཔལ་ལྡན་ཆོས་གྲགས་ཀྱིས། མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་ཟློག་པར་བྱེད། །ཅེས་གསུངས་པ་ལྟར་རྒྱུ་ཚོགས་གང་ཞིག་ཚང་སོང་བའི་སྟབས་ཀྱིས་རྒྱུ་འབྲས་མི་བསླུ་བའི་ངང་ཚུལ་བསྟན་པ་ལས་བཅོས་རྒྱུ་དང་ཕན་ཐབས་མ་བྱུང་།

     ཡང་ལས་སྨོན་ཞིག་གིས་ཕྱི་ལོ་2014 ལོར་མཆོག་སྤྲུལ་བསྟན་འཛིན་རིན་པོ་ཆེ་དང་དགེ་བཤེས་འཇམ་དཔལ་རྒྱ་མཚོ་རྣམ་གཉིས་ཀྱི་བཀའ་དྲིན་འོག་ནས་མདོ་ཁམས་དགའ་ལྡན་དགོན་གྱི་ཆོས་སྒོར་ཞུགས་ཤིང་སེར་ཤུལ་དགོན་ཆེན་ནས་རབ་ཏུ་བྱུང་བ་དང་ལབ་དགོན་དགེ་བཤེས་འབྲུག་གྲགས་ཀྱི་མདུན་ནས་དགེ་སློང་གི་སྡོམ་པ་མནོས་ཏེ་རྣམ་གསུམ་ངུར་སྨྲིག་གི་འོག་ནས་ཕུགས་འདུན་ལྷ་ཆོས་ཀྱིས་འཚོལ་བའི་གྲྭ་བཙུན་ཞིག་ཏུ་གྱུར།

      དགེ་བཤེས་འཇམ་དཔལ་རྒྱ་མཚོ་མཆོག་གིས་ཁོང་ལ་ཁྱོད་ཀྱིས་མིག་གིས་མ་མཐོང་ཡང་བློ་སྟོབས་དང་ཤེས་རབ་ཆེ་བས་དཔེ་ཆར་བལྟ་དགོས་གསུངས་ནས་བསྡུས་གྲྭ་ནས་མགོ་བརྩམས་ཏེ་དཔེ་ཆ་ལ་སྦྱོང་རྒྱུའི་གོ་སྐབས་བཟང་པོ་ཞིག་ཐོབ་པ་ནི་སླར་ཡང་ཁོའི་མི་ཚེ་ལ་མཛེས་སྡུག་དང་རིན་ཐང་བསྐྲུན་པའི་ལམ་ཁ་གསར་བ་ཞིག་གི་དབུ་བརྙེས་པ་རེད།  དེ་ནས་བཟུང་དཔེ་ཁྲིད་ཀྱི་སྒྲ་དང་བལྟ་བྱ་དང་བློ་ལ་འཛིན་རྒྱུའི་དཔེ་ཆ་རྣམས་སྒྲ་རུ་བླངས་པ་ཉན་ནས་དཔེ་ཀློག་དང་བློ་འཛིན།  ཐོས་བསམ་སློབ་གཉེར་གནང་སྟེ་རིགས་ལམ་འཕྲུལ་ལྡེ་དང་གྲུབ་དོན་ས་གསུམ། སྐབས་དང་པོའི་སྤྱི་དོན་ད་དུང་མངོན་རྟོགས་རྒྱན་དང་དབུ་མ་འཇུག་པ། འགྲེལ་བ་དོན་གསལ། སྤྱོད་འཇུག་ཆེན་མོ། ཕར་ཕྱིན་ཟུར་བཀོལ་བཞི། དྲང་ངེས་ལེགས་བཤད་སྙིང་པོ་སོགས་གཞུང་ཆེན་མོའི་རྩ་བ་དུ་མ་གཞན་གྱིས་བཏོན་པའི་སྒྲ་སྒམ་ལ་ཉན་ཏེ་འབད་པ་དུ་མས་བློ་ལ་བཟུང་བ་ནི་རིན་ཐང་དང་དོན་སྙིང་གིས་ཕྱུག་པའི་བྱ་བ་ཞིག་ཡིན་ནོ། །

       ཕྱིའི་མིག་དབང་ཟུམ་ཡང་ནང་སེམས་ཀྱི་སྟོབས་ཤུགས་དང་བློ་སྤོབས་མ་ཞུམ་པར་སྔར་བཞིན་གསོན་པོར་གནས་ཡོད་པས་ 2017 ལོར་རང་གི་སྐྱེས་སྦྱངས་ཀྱི་རྩལ་ལས་ཐོན་པའི་དེབ་དང་པོ་རྨོངས་གཞི་སློབ་དེབ་”རྨོངས་སེལ་སྒྲོན་མེ་”ཞེས་བསྒྲིགས་པ་དང་དེབ་གཉིས་པ་རྩོམ་དེབ་ཐོག་མ་«ལོང་ཕྲུག་གི་སྙིང་སྟོབས་»ཟེར་བ་དེ་གཉིས་འགྲེམ་སྤེལ་བྱས། 

      2019ལོ་འདིར་ཡང་ཁོང་མི་སྒེར་གྱི་རྩོམ་དེབ་གཉིས་པ་དེབ་གསུམ་པ་”སེམས་ཀྱི་འོད་"ཅེས་པ་འདི་འགྲེམ་སྤེལ་བྱེད་རྒྱུར་ཉེ་ཡོད།   ད་ལྟ་ཡང་ཁོང་རང་དགོན་མཚན་ཉིད་གྲྭ་ཚང་གི་དབུ་མཛད་ཀྱི་འགན་བཞེས་ཏེ་ཐོས་བསམ་སློབ་གཉེར་ལ་བརྩོན་བཞིན་པའི་སྐབས་ལགས་སོ། ། 

2019/6/12ཉིན་མགར་ཚ་ཕྱིན་དྲུག་དང་པོའི་མིང་ཅན་གྱིས་མཚམས་སྦྱོར་གྱི་ཚབ་ཏུ་མདོར་ཙམ་སྨྲས་པའོ། །



རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2019/8/10 བལྟ་ཀློག (17293)