ང་ཡི་སྙན་ངག་གི་ལག་དམར།


ང་ཡི་སྙན་ངག་གི་ལག་དམར།


གྱིན་འདའ་བ།      ཁྲི་འདུ།

མི་སེམས་ཀྱི་ཞིང་ས་དེ་རུ
རྣམ་རྟོག་གི་མཁར་རྫོང་བརྩིགས་པའི
ང་ཡི་སྙན་ངག་གི་ལག་དམར
ཁྱེད་ནི་བརྡ་སྤྲོད་ཀྱི་རྙི་ལས་ཤོར་བའི་དབྱངས་གསལ་གྱི་ཡི་གེ་མཁྲེགས་པོ
ཚོར་མྱོང་གི་བཟི་ཁས་སྦྲིད་པའི་ནང་སེམས་ཀྱི་རྟོག་བཏགས་རི་མོ
དབྱིབས་དང་ཁ་དོག་མེད་པའི་གཟུགས་མིན་གྱི་གཟུགས
སེམས་དང་སེམས་པ་གླན་སའི་སྙིང་མཐུན་གྱི་གྲོགས

མྱོང་ན་བཟི་ཁ་བཙན་པའི
མདངས་ལ་ཐིག་ལེ་སྤ་པའི
ང་ཡི་སྙན་ངག་གི་ལག་དམར
རླུང་གི་གཤོག་པ་ཐོགས་པའི་མྱིའི་སེམས་སྙི་མོས
འཁོར་བའི་བྱེ་ཐང་སྐྱ་མོར་ཚིག་གི་གཡུང་དྲུང་ཕབ་སྟེ
ཡིད་ཀྱི་མེ་ལོང་ནག་པོར་རྡུལ་གྱི་ཚོམ་བུ་བཀོད་ཀྱང
སྙིང་ཆུང་སྙིམ་པས་ཐེགས་དང
ང་ཡིས་ཁྱོད་རང་སྙོད་ཆོག

དུས་ཀྱི་བསླུ་བྲིད་ལ་ཚིག་གི་ཡིད་ཆེས་མེད་ཀྱང
འཁྲེང་བའི་རྣམ་ཤེས་ཀྱིས་ཁྱོད་ཉིད་ཁོག་ཏུ་སྦས་ཡོད
ང་ཡི་སྙན་ངག་གི་ལག་དམར
ལོ་ཟླའི་ཐོད་པའི་གཉེར་རིས་འདི་བྱིས་དུས་ཀྱི་ཕྱིར་དྲན་སློག་ས་ཡིན
ཤོག་གི་དུར་ས་སྐྱ་བོ་འདི་རྒས་དུས་ཀྱི་རྣམ་ཤེས་འཁྲི་ས་ཡིན
མི་ཚེའི་ཐོ་ཡོར་འདི་ཚེ་ཡིས་བརྡ་ཆལ་དུ་མ་གྱུར་ན
སེམས་ཀྱི་ཆང་ཁང་དུ་ཡིད་སྲུབས་དུ་བས་བྱིབས་རུང
ཚིག་གི་རྒུན་ཆང་འདི་ད་དུང་ཅམ་གྱིས་བརྔུབ་དགོས

2020 . 5. 17

རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2020/5/26 བལྟ་ཀློག (19928)