མགོ་ལོག་རྣམ་རྒྱལ་གྱིས་སླར་ཡང་རྟ་བྲག་སློབ་གྲྭར་དཔེ་ཁྲིད་བྱས།


      བོད་ཀྱི་ལོ་ཙཱ་བ་ཆེན་མོ་རྒན་མགོ་ལོག་རྣམ་རྒྱལ་ལགས་ཀྱིས་ལོ་སྔོན་མ་དག་ཏུ་ཁོང་གིས་བསྒྱུར་བའི་ཁུང་ཙིའི་གསུང་སྒྲོས་དང་སློབ་བུའི་བསླབ་བྱ་སོགས་ངེད་མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭའི་དགེ་སློབ་ཀུན་ལ་འཆད་ཁྲིད་གནང་བ་དང་། ད་ལོ་ཡང་ཁོང་གིས་བསྒྱུར་བའི་སློབ་བུའི་ཁུར་ཐང་དང་བྱིས་པར་གདམས་པའི་གཏམ་གཉིས་འཆད་ཁྲིད་གནང་བར་མ་ཟད། སྤྱི་ཟླ་དགུ་བར་ཁོང་གིས་བསྒྱུར་བའི་ཁྱིམ་སྐྱོང་སློབ་གསོ་ཁྲིད་རྒྱུ་ཞལ་བཞེས་གནང་།

     ཁོང་གིས་གསུངས་རྒྱུར། ངས་ལོ་ཟླ་མང་བོའི་དུས་ཚོད་བཏང་སྟེ་མི་རིགས་ཆེན་མོའི་སྲོལ་རྒྱུན་རིག་གནས་ལས་གཞུང་ལུགས་དང་ལེགས་བཤད་སྣ་ཚོགས་རང་རིགས་ལ་ཅུང་ཕན་དུ་རེ་ནས་བོད་ཡིག་ཏུ་བསྒྱུར་བ་ཡིན། དེ་ལས་ཁུང་ཙིའི་གསུང་སྒྲོས་དང་སློབ་བུའི་བསླབ་བྱ་སོགས་ཁྱེད་ཅག་ལ་མཁོ་གལ་ཆེ་བ་འགའ་ཞིག་ལོ་འགའི་ནང་ལ་ཁྲིད་ཁུལ་བྱས་པ་ཡིན། ད་ལོ་ཡང་སློབ་བུའི་ཁུར་ཐང་སོགས་ཁྲིད་དོན། སློབ་གྲྭ་འདིའི་སློབ་མ་ཡོངས་རྫོངས་ཕ་མ་མེད་པ་དང་ཆ་རྐྱེན་ཞན་པའི་དམིགས་བསལ་བ་ཤ་སྟག་ཡིན་པས་སློབ་གྲྭ་འདིའང་མགོ་ལོག་གི་སློབ་གྲྭ་གཞན་དག་དང་བསྡུར་ན་ཁྱད་པར་བ་ཞིག་ཡིན་པར་བསམ་སྟེ་ཅུང་རེ་ཕན་པར་འདོད་ནས་ནམ་རྒྱུན་ཡོང་ཁུལ་བྱས་པ་ཡིན།

    ལྷག་པར་དུ་སློབ་མ་ཚོས་སློབ་ཁྲིད་ལ་ཉན་པ་དང་སློབ་སྦྱོང་བྱས་པའི་རྣམ་པ་ཧ་ཅང་ལེགས་པས་དགའ་འོས་པ་ཞིག་རེད་ཅེས་གསུངས་ནས་ཐུགས་དགྱེས་དགྱེས་མཛད། མཐར་སློབ་གཙོ་ཐུབ་བསྟན་ཉི་མ་ལགས་ཀྱིས་དགེ་རྒན་ཁོང་གིས་དུས་རྟག་པར་མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭར་ཐུགས་ཁུར་དང་རྒྱབ་སྐྱོར་བླ་མེད་གནང་དང་གནང་བཞིན་ཡོད་པར་སློབ་གྲྭའི་དགེ་སློབ་ཡོངས་ཀྱི་ཚབ་བྱས་ཏེ་བཀའ་དྲིན་ཞུས་ཤིང་ཁ་བཏགས་ཕུལ།

སློབ་གཙོ་གཞོན་པ་ས་སྒང་འཇམ་དབྱངས་མཁྱེན་རབ་ཀྱིས་མགོ་ལོག་རྣམ་རྒྱལ་དང་ཁྲིད་བྱ་ངོ་སྤྲོད་གནང་བཞིན་པ།

མགོ་ལོག་རྣམ་རྒྱལ་ལགས་ཀྱིས་དཔེ་ཁྲིད་གནང་བཞིན་པ།

དགེ་སློབ་ཡོངས་ཀྱིས་གཟབ་ནན་གྱིས་ཉན་བཞིན་པ།

སློབ་མ་རྣམས་ཀྱིས་ཟིན་བྲིས་འདེབས་པ་དང་སློབ་ཁྲིད་ལ་གསན་བཞིན་པ།


སློབ་གཙོ་གཉིས་ཀྱིས་ཁོང་ཕེབས་སྐྱེལ་གྱི་རྣམ་པ།

འཕྲིན་གཏོང་པ། རྟ་བྲག་སློབ་གྲྭའི་སྣང་བྱེད།


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2020/7/26 བལྟ་ཀློག (10845)