རྫ་སྟོད་རྫོང་ཤེས་རིག་ཡར་སྐུལ་ཚང་གི་སྤྱི་ཕན་འཕྲིན་གསར།

རྫ་སྟོད་རྫོང་ཤེས་རིག་ཡར་སྐུལ་ཚང་གི་སྤྱི་ཕན་འཕྲིན་གསར།

     རང་མི་རིགས་ཀྱི་སྐད་དང་ཡི་གེ་ལ་ཞབས་འདེགས་ཅུང་ཟད་ཅིག་གི་ཆེད་དུ་རྫ་རྫོགས་ཆེན་དགོན་པའི་མཁན་པོ་མགར་ཆོས་འགྲུབ་ཀྱིས་གཙོ་སྒྲུབ་བྱས་པའི་ཤེས་རིག་ཡར་སྐུལ་ཚང་གི་སེར་སྐྱ་བཅུ་ཕྲག་འགས་མཉམ་སྒྲུབ་ཀྱིས2019ལོའི་ཟླ་10པའི་ནང་ནས་རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད་དེབ་ཕྲེང་གཉིས་པའི་སློབ་བརྡ་བཀྲམ་ཞིང་།

    2020ལོའི་ཟླ8པའི་ཚེས17ཉིན་དངོས་སུ་སློབ་རྒྱུགས་བླངས།

    རྒྱུགས་ལེན་གྱི་སྐབས་སུ་རྫ་སྟོད་རྫོང་ཡོངས་ནས་ལོ་ན་ཆེ་ཆུང་མ་ངེས་པའི་རྒྱུགས་འགྲན་པ་མི་གྲངས་བདུན་ཅུ་ཡར་ལྷག་རྒྱུགས་རར་ཞུགས། ཟླ་དེའི་ཚེས20ཉིན་དེ་དག་གི་ནང་ནས་ཨང་དང་པོ་ལ་དམངས་སྒོར་6000དང་། ཨང་གཉིས་པ་ལ་དམངས་སྒོར་4500། ཨང་གསུམ་པ་ལ་དམངས་སྒོར་3400། ཨང་བཞི་བ་ལ་དམངས་སྒོར་2600། ཨང་ལྔ་པ་ལ་དམངས་སྒོར་1900། ཨང་དྲུག་པ་ལ་དམངས་སྒོར་1400། ཨང་བདུན་པ་ལ་དམངས་སྒོར་1000བཅས་དང་། 

    དེའི་ཁར་སྐྱབས་རྗེ་ཡིད་བཞིན་ནོར་བུའི་ན་བཟའ་གཟུངས་གཞུག་ཅན་གྱི་བྲང་འདོགས་བྱིན་ཅན་རེ་རེ། ཆོས་རིག་སློབ་གླིང་གིས་གནང་བའི་གཟེངས་རྟགས་སྤུས་ལེགས་རེ་རེ། རྫོང་བྲིས་པ་མཐུན་ཚོགས་ཀྱི་ཚོགས་གཞོན་མགར་དཔྱོད་ཤེས་ལགས་ཀྱི་བྲིས་ཐང་གི་གཟེངས་རྟགས་རེ་རེ། རྫོགས་ཆེན་ཚུལ་རྣམ་རིན་པོ་ཆེའི་ཞལ་གདམས་བྱིན་ཅན་མཛོད་བདུན་མ་རེ་རེ། རྫོགས་ཆེན་རྣམ་ཚང་གི་སྲོལ་རྒྱུན་བྱིན་རྟེན་སྐྱ་ཧྲུག་མ་དང་ཚེ་རིལ་བཅས་ཨང་རིམ་བདུན་ཙམ་ལ་གཟེངས་རྟགས་དང་བྱ་དགའ་མི་ཉུང་བ་ཕུལ་བ་མ་ཚད། རང་སྐལ་ཅན་དག་ལ་དམངས་སྒོར་200རེ་དང་གོང་གི་བྱིན་རླབས་ཀྱི་རྟེན་དེ་དག་རེ་རེ། རྒྱུགས་མ་འཕྲོད་ཀྱང་རྒྱུགས་རའི་ནང་དུ་ཞུགས་ཡོད་པ་ཚང་མར་རྟེན་བྱིན་ཅན་དེ་དག་རེ་རེ་དང་། དམངས་སྒོར་50རེ་ཁ་དར་དཀར་པོས་སྣ་དྲངས་ཏེ་ཕུལ་ཞིང་། ད་དུང་རྗེས་སུ་ཕྱོགས་ཡོངས་ཀྱི་རྒྱ་ཆེའི་སྤུན་ཟླ་མིང་སྲིང་རྣམས་ཀྱིས་རང་མི་རིགས་ཀྱི་སྐད་དང་ཡི་གེའི་དོན་དུ་རྒྱུ་ཚེགས་གང་ཐད་ནས་ཧུར་བརྩོན་ཅུང་ཟད་རེ་བྱེད་རྒྱུ་སྙིང་ཁུང་རུས་པའི་གཏིང་ནས་གསོལ་བ་འདེབས་བཞིན་ཡོད་པར་མ་ཚད། ད་དུང་ཁོང་གིས་དགོན་པའི་བཤད་གྲྭའི་དགེ་འདུན་པ་དག་གིས་ལོ་གཅིག་ལ་ཐོས་བརྩོན་གཟབ་ནན་བྱས་ཏེ་ཤེས་ཡོན་དམིགས་བསལ་གོང་འཕེལ་སོང་བའི་གྲྭ་གཞོན་རིག་སྨྲ་བ་སུམ་ཅུ་ཡར་ལྷག་ལ་ཨང་རིམ་ཕྱེས་ནས་གཟེངས་འབུལ་རྒྱ་ཆེར་བྱས།

     མདོར་ན་2020/8/20ཉིན་དགེ་འདུན་པས་མདོ་སྔགས་རིག་གནས་ལ་ཐོས་བརྩོན་བྱེད་པའི་ཤེས་རབ་གོང་འཕེལ་གྱི་ཆེད་དང་། ས་གནས་རྒན་གཞོན་རིས་སུ་མ་ཆད་པ་ཚང་མ་རང་གི་ཕ་སྐད་མ་ཡིག་ལ་གོམས་འདྲིས་དང་མོས་བློ་སྐྱེ་ཕྱིར་ཆོས་དང་རིག་གནས་ལ་སློབ་སྦྱོང་གོང་འཕེལ་དུ་སོང་བའི་མི་སྒེར་རེ་རེ་བཞིན་དུ་རྒྱུགས་འབྲས་ཀྱི་སྐར་གྲངས་ལ་བརྟགས་ནས། རྒྱ་ཆེའི་མི་དམངས་དག་གི་རོགས་སྐྱོར་ལ་བརྟེན་པའི་དམངས་སྒོར་ཁྲི་བཅུ་ལྷག་ཅིག་གིས་ཆོས་རིག་ལ་ཞབས་འདེགས་བླ་མེད་ཞུས་འདུག

རྒྱུན་བཀོལ་རིས་འགྲེལ་མིང་མཛོད།

རྒྱུགས་ལེན་པའི་ཡུལ་དངོས།

བྱ་དགའ་འབུལ་བའི་མཛད་སྒོ།

མཁན་པོ་མགར་ཆོས་འགྲུབ་ཀྱིས་གསུང་བཤད་གནང་བཞིན་པ།

བྱ་དགའ་འབུལ་བཞིན་པའི་ཡུལ་དངོས།

བྱ་དགའ་འབུལ་བཞིན་པའི་ཡུལ་དངོས།

བྱ་དགའ་ལེན་མཁན་དག་གི་མཉམ་པར།

དགེ་འདུན་པའི་སྡེའི་ཁྲོད་ཀྱི་ཤེས་འཇོན་པར་བྱ་དགའ་འབུལ་བཞིན་པ།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2020/8/29 བལྟ་ཀློག (23286)