གཏམ་གྱི་གཏིང་མ།


གཏམ་གྱི་གཏིང་མ།

      བོད་ཡིག་གི་མགོ་བོ་ཐེག་པར་དཀའ་ཞིང་སྙན་ངག་གི་མགོ་བོ་དེ་བས་ཀྱང་ཐེག་པར་དཀའ་བའི་ལུང་བ་ཁུག་ཀྱོག་ཅིག་ནས་ངེད་ཅག་གིས་རང་གིས་རང་ལ་ཨམ་གཙིགས་བསྡམས་ནས་ལམ་དུ་ཆས། སྙན་ངག་ལྟ་ཅི་རྩོམ་ཞིག་འབྲི་བར་ཡང་བཀག་རྒྱ་མང་བོར་གླེང་ནས་འཁང་ར་དང་ཞེན་ལོག་གི་སྣང་བ་ཅུང་ཚད་ལས་བརྒལ་ནའང། ང་ཚོ་སྙན་ངག་འབྲི་བར་འུར་སློང་གིས་ཞོགས་ཏེ་མི་ཁ་དང་བཤད་ཡམས་ལ་མ་སྐྲག  མ་དངངས། མ་འཇིགས་པར་གཞན་གྱི་སྐད་ཆ་དང་རྣམ་འགྱུར་ལ་ཡང་དང་དོད་ཆེན་པོ་མ་བྱས། མིང་མེད་སྙན་ངག་པ་ཐོ་རེངས་དུ་འབོད་པ་གང་དེས་༼དབུལ་ཕྱུག་གི་ཧེ་བག་ཙམ་གྱིས་སྙན་ངག་པ་ཞིག་ཏུ་འགྱུར་བར་གོ་བརྡ་སྦྲོན་མི་སྲིད་ནའང་། ཁྱོད་ཀྱིས་མི་ཡུལ་ལ་བཞག་པའི་བརྩམས་ཆོས་ཀྱིས་ད་གཟོད་ཁྱོད་རང་དབུལ་པོ་དང་ཕྱུག་པོ་གང་ཡིན་པ་ར་སྤྲོད་འོང་ངེས་རེད། དེས་སྙན་ངག་པའི་མི་ཚེའི་རིན་ཐང་མཚོན་ཐུབ་ལ་སྒྱུ་རྩལ་གྱི་བླ་གནས་ཤིག་ཀྱང་བསྲུངས་ཡོད་དོ། །༽


     དེ་བས་ངེད་ཅག་གིས་ཀྱང་ཁོར་ཡུག་གི་མི་ག་གེ་མོའི་མེ་ཁ་གསོ་སྤྱད་ཀྱང་ལོ་དཀའ་བར་རློམ་པའི(ལམ་ཕྲན་དཀར་པོ)འི་ཚགས་པར་འདོན་ཐེངས་དང་པོ་ནས་དགུ་བའི་བར་དཔར་དུ་བཏབ་ལ། 2017ལོར་དགེན་བཀའ་དྲིན་ཅན་ཚང་གི་རྒྱབ་སྐྱོར་འོག་མི་ཡུལ་དུ་འོངས་པའི་ཟས་རིན་ཙམ་གྱི་དོད་དུ་(འགྲུལ་ལམ་གཙང་བོ)ཟེར་བའི་སྙན་དེབ་ཅིག་ཀྱང་ཀློག་པ་པོ་དག་གི་སྤྱན་སྔར་བཀྲམས་ཟིན། དགའ་ཕྱོགས་ཀྱི་དབང་ངམ་རྒྱུན་རིང་བའི་བྱ་བ་དེ་འཕྲོ་གཏུབ་མ་འདོད་པར་ད་ལོར་ཡང་ང་ཚོའི་(ལམ་ཕྲན་དཀར་པོ)འི་ཚགས་པར་འདོན་ཐེངས་དགུ་བ་མི་འགྱང་བར་སྒོར་ཐོན་ལ་ཉེ་བས་ཁྱེད་ཀློག་པ་པོ་རྣམས་ཀྱི་ཐུགས་ཡིད་ཚིམ་པར་སྨོན། ད་ལོའི་ཚགས་པར་གྱི་ཕྱི་ནང་གཉིས་ཆར་སྤུས་གཙང་ཞིང་བཅུད་ཀྱིས་གཏམས་པར་རྩོམ་སྒྲིག་པས་ནུས་ཤུགས་ཆེ་ཙམ་བཏོན་ཡོད།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2020/12/7 བལྟ་ཀློག (26189)