སྐུ་གསུང་ཐུགས་རྟེན་གདོན་ཟེར་བ་ནི་ལྷ་བ་མོ་བ་དག་གདོན་པ་རེད།

ཤེས་རབ་བསྟན་དར།

     ༄༅། །དེང་སང་དགོན་པ་གང་དུ་སོང་ནའང་མ་ནི་ཁང་སོགས་སུ་སྐུ་གསུང་ཐུགས་རྟེན་མང་བོ་གང་སར་འཕངས་ཡོད་པ་མ་ཟད། རང་ལ་ཆོས་འབྲེལ་ཡོད་པའི་ས་དགེ་རྙིང་གསུམ་གྱི་སྐྱེས་ཆེན་མང་བོའི་སྐུ་པར་ཡང་འཕངས་ཡོད། དེ་དག་ནི་ལྷ་བ་མོ་བ་གདོན་གྱིས་བརླམས་པ་དག་གི་ཁར་རྒྱུགས་ནས་ཆོས་སྤོང་གི་ལས་ཚབས་ཆེན་བསགས་པ་ཞིག་ཡིན།

ལམ་རིམ་ཆེན་མོ་ལས།  སངས་རྒྱས་ཀྱི་སྐུ་གཟུགས་རི་མོར་བྲིས་པ་ལེགས་ཉེས་ཅི་འདྲ་ཞིག་ལའང་།  དཔྱས་མི་གདགས་ཤིང་འོ་བརྒྱལ་སར་མི་གཞག་པ་དང་། གཏའ་མར་འཇོག་པ་སོགས་ཀྱི་མི་གུས་པ་དང་། བརྙས་ཐབས་སྤངས་ནས་སྟོན་པ་ལྟར་བཀུར་བའི་ཞིང་དུ་བཟུང་སྟེ། ཞེས་དང་། གཞན་གྱིས་སྐུ་གཟུགས་སོགས་རྒྱུ་བཟང་པོ་ལས་སྒྲུབ་པའམ་ཆེན་པོ་སྒྲུབ་པ་ལ་འཕྱ་བ་དང་། དེ་ལས་ལྡོག་པའི་ཁ་གཏོགས་སོགས་བྱར་མི་རུང་ངོ་། །ཞེས་གསུངས་པ་ལྟར་མ་གུས་པ་ཙམ་ཡང་བྱེད་མི་རུང་ན་གདོན་རྫས་སུ་བཟུང་ནས་འཕེན་ག་ལ་རུང་།

རྗེ་ཤེས་རབ་རྒྱ་མཚོའི་ཞལ་ནས་ཀྱང་། རྟེན་བཟང་ངན་དང་རྒྱུ་བཟོ་ལེགས་ཉེས་གསར་རྙིང་སོགས་ལ་བརྟེན་ནས་ཆོས་སྤོང་གི་ལས་བསགས་ཉེན་ཆེ། ཞེས་སྐུ་གསུང་ཐུགས་རྟེན་ལ་བཟང་ངན་དང་རྒྱུ་ལེགས་ཉེས་དང་གསར་རྙིང་གིས་བཟང་ངན་ཕྱེས་ན་ཆོས་སྤོང་གི་ལས་གསོག་པར་གསུངས་ཤིང་། ཁྱད་པར་དཀོན་མཆོག་གསུམ་གྱི་སྐུ་དང་གསུང་། ཐུགས་རྟེན་གང་དུ་ཡོད་ན་དེར་དགེ་བའི་མཚན་མ་འབྱུང་བ་ལས་གནོད་པ་ཞིག་ཇི་ལྟར་འབྱུང་། རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོས་ཀྱང་། དེ་གདོན་སོང་ཟེར་མཁན་གྱི་ལྷ་བ་དང་མོ་བ་ནི་རང་ཉིད་གདོན་གྱིས་བརླན་པ་ཡིན་ཞེས་དམ་པ་དག་གིས་གསུངས་པས་དེ་དག་བསྟེན་པར་མི་བྱའོ། །ཞེས་གསུངས་སོ། །

     རང་གི་རྩ་བའི་བླ་མ་དང་། དཀོན་མཆོག་གསུམ་གྱི་རྟེན་གྱིས་རང་ལ་གནོད་འདུག་ཅེས་དེ་དག་མར་འཕངས་དོན་ངོ་མར་ཁྱིམ་ཚང་དེར་གདོན་ཞུགས་པ་ཡིན་པས་དཀར་ཕྱོགས་སྐྱོང་བའི་ལྷ་དང་ཆོས་སྐྱོང་སྲུང་མ་ཐམས་ཅད་ཐུགས་མི་དགྱེས་པས་མགོན་སྐྱབས་མི་བྱེད་པ་དང་ནག་ཕྱོགས་བདུད་རིགས་ཐམས་ཅད་ཁྱིམ་དེར་འཇུག་པས་བཀྲ་མི་ཤིས་པ་དང་ནད་གདོན་མཐའ་དག་འབྱུང་ངེས་པས་ན་གདོན་རྫས་སུ་ངོས་འཛིན་པ་ནི་ཉེན་ཁ་ཤིན་ཏུ་ཆེའོ། །

     མདོར་ན་རང་གི་རྩ་བའི་བླ་མའི་སྐུ་པར་གདོན་སོང་ཞེས་མར་འཕེན་པ་དང་དཀོན་མཆོག་གསུམ་གྱི་རྟེན་གདོན་སོང་ཞེས་མར་འཕེན་པ་ནི་ཁྱིམ་དེར་འགོང་བོ་ཞུགས་ཤིང་སྐྱེ་བ་འདི་ཙམ་མ་ཟད། སྐྱེ་བ་ནས་སྐྱེ་བའི་བར་དུ་མི་ཟད་པའི་སྡུག་བསྔལ་མྱང་བར་འགྱུར་རོ། །

དེ་བས་མོ་བ་ཤོབ་རྐྱལ་དག་གི་རྗེས་སུ་འབྲངས་ནས་སྐུ་གསུང་ཐུགས་རྟེན་གདོན་སོང་ཞེས་དོར་བ་དག་གིས་འགྱོད་པ་བྱ་དགོས་ལ། ཕྱིན་ཆད་དེ་ལྟར་བྱེད་པར་དུག་བཞིན་དུ་འཛེམ་དགོས་སོ།།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2020/12/19 བལྟ་ཀློག (20849)