སྐབས་༼སོ་དགུ་པའི་༽རྩོམ་རིག་འགྲན་བསྡུར་ཁྲོད་འོས་བདམས་ཀྱི་རྩོམ་ཡིག་བཞི།

སྐབས་༼སོ་དགུ་པའི་༽རྩོམ་རིག་འགྲན་བསྡུར་ཁྲོད་འོས་བདམས་ཀྱི་རྩོམ་ཡིག་བཞི།


བསྟོད་པ་དབྱངས་ཀྱི་ཤམ་བུ།

སེའུ།

བྱིན་རླབས་ཆུ་འཛིན་རོལ་བའི་ཡིད་ཀྱི་མཁར། །
རྗེས་ཆགས་འོད་ཀྱི་འཛུམ་པ་རབ་མཛེས་པ། །
ཤེས་རབ་འཕྲུལ་གྱི་ཟེར་གྱིས་དྲེགས་ལྡན་གྱི། །
ངག་གི་ཉེས་པ་བསང་པའི་ལྷ་མོ་ཡི། །
སྒོ་གསུམ་བྱིན་ཆེན་རྒྱ་མཚོར་བཏུད་པ་ལས། །
ཁོ་བོའི་ངག་རིག་ཆུ་གཏེར་རྡོལ་གྱུར་ཅིག །

སྡེ་སྣོད་འཛིན་པའི་བློ་གྲོས་འདབ་མའི་དབུས། །
བསླབ་གསུམ་མཛེས་པའི་ཟེའུ་འབྲུའི་བཅུད་ཀྱིས་ཕྱུག །
ཆོས་གོས་ལི་ཁྲིའི་མདངས་མཛེས་ཀུངྐུམཾ། །
བློ་བཟང་རྒྱལ་བའི་མཚན་ཅན་སྤྱི་བོར་སྙེན། །

ཤེས་རབ་ཉིན་བྱེད་སྟོང་གི་ཚ་ཟེར་གྱིས། །
ལུང་རིག་གངས་ཀྱི་རི་བོར་བཞུས་པ་ཡི། །
དྭངས་བསིལ་ཡན་ལག་བརྒྱད་པའི་ཆུ་བོའི་རྒྱུན། །
ཁ་འབབ་བཞིན་དུ་ཕྱོགས་བཞིར་རྒྱས་འདི་རྨད། །

ཤེས་དང་ཤེས་བྱའི་དཀྱིལ་འཁོར་ལྷ་ལམ་དུ། །
རྒོལ་འཇོམ་རིག་པའི་དབྱར་སྐྱེས་རྫ་རྔ་འབུམ། །
བརྡུངས་པས་ཁྱེད་ཀྱི་རྣམ་དཔྱོད་རུ་མཚོན་ཡང་། །
ཟབ་མོ་ལྟ་བའི་གནམ་སའི་མཚམས་འདིར་བརྗིད། །

ཞེན་པ་ལྕགས་ཐག་ནག་པོའི་རྙི་ཡང་བརྟོལ། །
ཆོད་སེམས་བྲག་ཁུང་བཙན་པའི་སྒོ་ཡང་གཏན། །
བསམ་གཏན་ཤེས་རབ་མིག་ཉིད་འཚོལ་ཕྱིར་དུ། །
བགྲང་བྱའི་དབུ་སྐྲ་དབེན་པར་འཐོར་ལ་རངས། །

ཐབས་དང་རིག་པའི་བཅུད་ཀྱིས་ཕབས་པ་ཡི། །
མྱོས་ཚེར་འདི་སྣང་སྟོང་པ་མཐོང་བའི་ཆང་། །
རིང་དུ་ཐོབ་ཅིང་རིང་དུ་གསོལ་བའི་མཐར། །
ཆོས་ཉིད་བདེན་པའི་ལམ་བཟང་རྙེད་འདི་མཚར།།

གང་གི་ཆོས་ཚུལ་གསེར་གྱི་ལུགས་བཟང་གི །
ཀེ་ལ་ཤ་ཡི་ལྗོངས་འདིར་བསྟན་པའི་རྒྱན། །
གསེར་ཏོག་བྱུ་རུའི་ཕྲ་ལྟར་བསྐྲུན་པ་ཡིས། །
ཡིད་ཀྱི་དང་བའི་འདུན་པ་ཅིར་ཡང་འདྲེན། །

དགའ་ལྡན་ལྔ་མཆོད་ཉིན་ལ་སྦྱར་བའོ།།

ཆུ་མིག་དགུལ་སྒྲིལ།

གཏུམ་པོ།

སྣང་བའི་རྟོག་ཚོགས་འདི་དང་སྲིད་པའི་སྣང་བརྙན་གྱིས། །
ཁྱོད་ཞལ་མེ་ཏོག་བཏབ་སྟེ་སེམས་པའི་དབྱིང་སུ་ཞུགས། །
ཐ་སྙད་ཁྲུས་ལ་རོལ་བའི་སྣང་བའི་ཕོ་བྲང་དུ། །
དབྱངས་དང་ཚིག་གིས་འཚང་ཀ་བརྒྱབས་ཏེ་འོངས་པ་དེ། །
སེམས་ཀྱི་ངོགས་ནས་ཚོར་བ་སྐྱེན་པས་བརྗོད་པར་བྱས། །
དེའི་འཕྲོར་ཞེ་འདང་བསླེས་པའི་སེམས་ཉིད་པང་ཁུག་ཏུ། །
བཞག་སྟེ་ཚོར་བའི་གསེབ་ཀྱི་རྡུལ་རྣམས་སྤྲུགས་པར་བྱ། །
དེ་མིན་ཡིད་འགྱུར་སྐད་གཅིག་ཙམ་གྱིས་བརྗོད་པ་འམ། །
ཡང་ན་ཡིད་དུ་འོང་བའི་འཁོར་བའི་ལྷིང་འཇགས་ནས། །
ས་སྲོད་སྒུག་ནས་ཚིག་ཚོགས་འདིར་ཡང་མྱོང་བ་བྱས། །
དེའི་ཚེ་བས་མཐའི་གླུ་ཞིག་ངག་ནས་མི་ཁྲོལ་མོད། །
སེམས་ཉིད་ཏིང་འཛིན་ཞི་བའི་དགའ་ཚལ་སྙེག་པར་རོ། །
སྣ་ཚོགས་འཁྲེང་སེམས་ཁྱེར་བའི་ལྷོ་བཞུད་ཁྲུང་ཁྲུང་ཡང་། །
རྟོག་པ་ཡོན་པོའི་མཆན་དུ་གཤོག་ཟུང་རྡེབ་བཞིན་འཕུར། །

དྲང་སྲོང་རྒན་པོའི་སྐྱེས་རབས་མཚོ་བྱུང་ལྷ་མོའི་དོ་ཤལ།

མེ་དོང་།

སྤང་རྟོཊ་ཕུན་ཚོགས་མངའ་བའི་བསོད་ནམས་ལས་འཁྲུངས་པའི།།
གྲངས་མེད་དཀའ་སྤྱད་བསགས་པའི་མཁའ་མཉམ་གྱི་འཕགས་མཆོག།
མི་འབྱེད་ཞིང་གི་གཙུག་རྒྱན་ཟས་གཙང་གི་སྲས་པོ།།
ཡེ་ཤེས་ཚོགས་གཉིས་རྫོགས་པའི་གོའུ་ཏམ་ལ་ན་མོ།།

ཀུན་རྟོག་རྣམ་པར་བཀྲ་བའི་མཚོ་བྱུང་གི་ལྷ་མོས།།
བུང་བའི་དགའ་སྟོན་འགྱེད་པའི་དྲང་སྲོང་གི་སྐྱེས་རབས།།
ཐུགས་རྗེའི་བྱིན་རླབས་འཁྲིགས་པའི་ཟླ་བྲལ་གྱི་སྤོབས་པ།།
སྙན་འཇེབ་ངག་གི་དབང་ཕྱུག་བདག་རྒྱུད་ལ་ཕོབ་ཅིག།   

གངས་རིའི་ལྗོངས་སུ་རྩེན་པའི་གདོད་མ་ཡི་སངས་རྒྱས།།
ངེད་ཅག་ལྟོས་བཅས་སློབ་བུའི་ཉ་གང་གི་ཟླ་བ།།
སྐུ་ཡི་མཚན་དཔེའི་ཉི་མ་དབུས་རི་ནས་བལྟམས་པ།།
ཀ་དག་ཆོས་སྐུ་བླ་མའི་འཛུམ་ཞལ་དེ་དྲན་བྱུང་།།

དམིགས་བཅས་བསོན་ནམས་ཚོགས་ཀྱི་ཕ་རོལ་ཏུ་ཕྱིན་པའི།།
དག་དང་མ་དག་འགྲོ་བའི་གཞན་དོན་ལ་ངལ་བའི།།
ཕྲིན་ལས་སྣང་བའི་འོད་དཀར་མདོ་སྨད་དུ་རྒྱས་པ།།
འོད་གསལ་ལོངས་སྐུ་བླ་མའི་དགྱེས་ཞལ་དེ་དྲན་བྱུང་།།

ཐུགས་རྗེ་འགག་པ་མེད་པ་ཡེ་ཤེས་ཀྱི་རོལ་རྩལ།།
ཐུབ་པའི་བསྟན་པ་རིན་ཆེན་སྲོག་ལྟར་དུ་གཅེས་པའི།།
གནས་ལུགས་མདོ་དོན་སྙིང་པོའི་རྒྱལ་ས་དུ་སྙེག་པའི།།
རང་བཞིན་སྤྲུལ་སྐུ་རྫོགས་ཆེན་ཨ་ཏི་པ་དྲན་བྱུང་།།

དབོན་གནས་འཆི་མེད་ཚལ་དང་མཁའ་དཔྱོད་ཀྱི་གནས་སུ།།
དཀའ་དག་རྫོགས་པ་ཆེན་པའི་མན་ངག་གི་ཁྲིད་སྦྱངས།།
རང་ཤར་རང་གྲོལ་ལྷུན་གྲུབ་ཡོན་ཏན་ཀུན་རྫོགས་པའི།།
ཁྲག་འཐུང་གཟི་རྗིད་ཁྱེད་འདྲ་སྙིང་ཁོང་ནས་དྲན་བྱུང་།།

གཞི་དབྱིངས་སྤྲོས་དང་བྲལ་བའི་ཡང་ཟབ་ཀྱི་དགོངས་དོན།།
སྨིན་གྲོལ་ཆོས་ཀྱི་བདུད་རྩི་ཅི་དགར་དུ་ནོད་པའི།།
སྐྱབས་ཅིག་ཁྱབ་བདག་མགོན་པོའི་མཛད་པ་རེ་དྲན་ཞིང་།།
རེ་དོགས་མཐའ་ལས་གྲོལ་བའི་དད་སེམས་ཞིག་བརྩེགས་ཡོད།།

ཁྱེད་ལ་བསྟབས་པའི་ངག

མུ།

ཁྲུས་ལ་ཞུགས་པའི་ཐ་སྙད་དེས། །
སྣང་བའི་གཞུང་ལ་བརྐུས་པ་ཡི། །
འདང་གི་བསླས་པའི་མེ་ཏོག་དག །
ཁྱོད་ཞལ་ཅི་དགར་བཏབ་པ་ཡིས། །
འཛུམ་གྱི་འཚང་ཀ་བརྒྱབ་སྟེ་འོང་། །

བདག་ཉིད་ལ་ནི་སྙིང་ཉེ་བས། །
སུ་དང་གང་གིས་མི་མཚོན་པའི། །
ཤེས་རབ་རྡུལ་རྣམས་སྤྲུག་བྱེད་མ། །
ཁྱོད་བློར་ལན་གཅིག་འབྱར་བ་ཡིས། །
གཤིས་ཀྱི་སྙིང་པོ་རྫོགས་ཏེ་འོང་། །


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2021/1/21 བལྟ་ཀློག (23644)