ཁ་བའི་རང་གཏམ་ལྷུག་མ། ཐེ་བོ་དཀོན་སེང་།


ཁ་བའི་རང་གཏམ་ལྷུག་མ།

ཐེ་བོ་དཀོན་སེང་།

༡༽

ཁ་བ་ལ་ཁ་བའི་རང་མདངས་ཡོད་ལ།  ཁ་བའི་གཤིས་ཀའང་མཆིས། ཡིན་ན་ཡང་ཁ་བ་འབབ་པའི་ཉིན་མོར། ཁ་བའི་གཏམ་རྒྱུད་གང་སར་གླེང་། ཁ་བའི་གཏམ་རྒྱུད་ལ་ཡག་བཙོག་ཅི་རིགས་ཡོད་དེ། ལ་ཤས་ཀྱིས་བཤད་ན་ཁ་བ་བབ་ན་གྲང་ངར་ཆེ་ལ་འཁྱགས་འདར་འབྱུང་ཟེར། འགའ་ཤས་ཀྱིས་དེ་ལས་ལྡོག་སྟེ་ཁ་བས་ས་གཤིན་ལ་གསོན་ཤུགས་སྣོན་པར་མ་ཟད་ཁ་བས་རི་མོ་སྣ་ཚོགས་བཟོས་ཏེ་མི་ལ་སྤྲོ་སྣང་ཚད་མེད་སྦྱིན་ཆོག་ཅེས་གླེང་། གང་ལྟར་ཁ་བའི་ངོས་གཅིག་ལ་ལྟ་ཚུལ་གཉིས་རེ་ཡོང་ཆོག་པ་ནང་བཞིན་ཅ་དངོས་གཅིག་ལ་ལྟ་ཚུལ་སྣ་ཚོགས་འབྱུང་རུང་ཕྱིན་གཞན་གྱི་ལྟ་ཚུལ་དང་གླེང་ཕྱོགས་ཡོད་ཚད་ལ་བདེན་པ་དང་ཡང་ན་མི་བདེན་པའི་མཐའ་གཅིག་འཛིན་གྱི་འཛིན་ཕྱོགས་དོར་དེ་བརྟགས་དཔྱད་ཞིབ་མོས་ཐག་གཅོད་རྒྱུ་ནི་དེ་རིང་གི་ཁ་བའི་གཏམ་རྒྱུད་ལས་རྙེད་པའི་ཚོར་རྟོག་གསོན་པོ་ཞིག་ཅི་ལ་མིན།

༢༽

དཔྱིད་དུས་ཀྱི་ཁ་བས་འཇིག་རྟེན་ལ་གསོན་ཤུགས་བསྣན་པ་བདེན་ལ། མཐོ་སྒང་གི་སེམས་ཅན་ཚོར་གྲང་ངར་གྱི་ཚོར་བ་བྱིན་པ་ནི་སུས་ཀྱང་བསྙོན་ཐབས་མེད་པའི་གནས་ཚུལ་ཞིག་ཏུ་མངོན། དེར་བརྟེན་ཁ་བས་སྐབས་ལ་རེར་ང་ཚོའི་སེམས་ལ་སྤྲོ་སྣང་བྱིན་མྱོང་ལ། ལན་རེར་ང་ཚོའི་ལུས་ལ་ན་ཟུག་ཀྱང་བསྐྱེད་མྱོང་། གསུང་རབ་ལས། ང་ཚོའི་བདེ་སྡུག་ཐམས་ཅད་ནང་སེམས་བྱུང་སེམས་པ་སྟེ་ལས་ཀྱིས་བསྐྲུན་པར་གསུངས་ནའང་ལུས་སེམས་ཀྱི་གློ་བུར་བའི་དགའ་སྡུག་མང་པོ་མང་པོ་ཞིག་ཕྱིའི་ཁོར་ཡུག་འཕོ་འགྱུར་ལས་འབྱུང་བར་མཐོང་བས་ན་འགལ་འདུའི་མདུད་པ་འདི་ནམ་ཞིག་ལ་དེ་རིང་གི་ཁ་བ་དང་ལྷན་དུ་ཞི་ཨང་།

༣༽

སོས་ཀའི་ཁ་བ་ནི་འབབ་སླ་ལ་ཞི་ཡང་སྐྱེན་པས་ཨག་གསར་ཆེ་བའི་མི་བུ་ཚོའི་དཔེ་མཚོན་ཞིག་ཏུ་འོས་ཤིང་འཚམ། ཞི་སླ་ལ་འབབ་སྐྱེན་པའི་ཁ་བ་ལ་རང་ཚུགས་ཤིག་དང་ཁ་ཕྱོགས་བརྟན་པོ་ཞིག་སུས་ཀྱང་མི་འདོད་པ་བཞིན་ཨག་གསར་ཆེ་བའི་མི་བུ་ཚོར་བློ་གཏད་ཅིག་ག་ན་ཡོད། དེ་བཞིན་ལས་དོན་གང་མང་ཞིག་ལ་ཨག་གསར་གྱིས་འཇུག་ན་མཇུག་འབྲས་ཀྱིས་སྟོང་ཕྱིན་རིགས་གཅིག་རྐང་འཛིན་ལ་འབད་ན་ལེགས་པའང་སོས་དུས་ཀྱི་ཁ་བས་ང་ཚོ་ལ་སྤེལ་བའི་ཉམས་མྱོང་གི་ལམ་སྟོན་ནོ།

༤༽

ཁ་བ་ལ་བསིལ་རེག་གི་རང་གཤིས་ཡོད་པར་མ་ཟད་རླན་གྱི་གཤིས་ཀ་ཡོད་པས་སྐྱེ་དངོས་རྣམས་ཡར་སྐྱེད་ཀྱི་ནུས་པ་ལྡན། རྒྱུ་མཚན་ནི་ཁ་བཤུལ་ཉིན་བྱེད་འཛུམ་ཐེངས་རེ་རེར་ལྗང་མྱུག་ག་ཚོད་ཅིག་སྔ་ཉིན་ནས་དེ་རིང་བར་འབུས་ཡོང་བ་ང་ཚོས་མིག་མཐོང་ལག་ཟིན་རེད། དེས་ཕྱིར་ང་ཚོ་མི་བུ་སུ་ཡིན་ཡང་ལྷག་བསམ་རླན་གྱིས་མ་ཟིན་པའི་ཆོས་སྲིད་ཅི་རིགས་ཀྱི་ལས་དོན་ནི་ཕྱིའི་འཁྲབ་སྟོན་ཙམ་ཡིན་པ་ལྟར་གྲུབ་འབྲས་ཀྱང་དེ་ཙམ་ལས་མེད་ལ། ཅིས་ཀྱང་ལེགས་འབྲས་ཤིག་སྨིན་འདོད་ན་ལུགས་གཉིས་གང་གི་ལས་དོན་ལ་བརྩོན་ནའང་ཐོག་མའི་ཀུན་སློང་ལྷག་བསམ་རླན་གྱིས་ཟིན་དགོས་པ་ནི་ལས་འབྲས་རགས་པ་ཁ་བ་དང་ལྗང་མྱུག་གིས་ང་ཚོར་ར་སྤྲོད་མི་ཡོང་ངམ།

༥༽

ཁ་བས་སྐྱེ་དངོས་ལ་གསོན་ཤུགས་བསྩལ་བས་ལེགས་པའམ། ཡང་ན་ཁ་བས་མཐོ་སྒང་གི་དབུགས་ཅན་ཚོར་གྲང་ངར་གྱི་ན་ཟུག་སྐྱེད་པས་མི་ལེགས་ཞེས་འཇིག་རྟེན་ན་འཆལ་གཏམ་སྣ་ཚོགས་གླེང་ཡང་། ཕྲན་ལ་མཚོན་ན་ཁ་བ་ནི་ནམ་ཡང་སེམས་ཀྱི་དུང་ས་ཞིག་ཏུ་ངོས་འཛིན་གྱིན་ཡོད། ཅིའི་ཕྱིར་ཞེ་ན། ཁ་བ་ལ་མཁྲེགས་འཛིན་གྱི་ལྟ་བ་མེད་པས་མི་ཚད། ནག་ནོག་གི་དྲི་མ་འཁྲུད་པའི་ནུས་ཤུགས་རྫོགས། མ་ཟད་ཚ་བའི་གདུང་བ་གཞོམ་པའི་འཁྱག་སིབ་སིབ་ཀྱི་བསིལ་རེག་དང་། དཀར་ལམ་ལམ་ཀྱི་བཀྲག་མདངས་ཡོད་པས་སོ།། མདོར་ན་མི་ཁའི་གླེང་ཕྱོགས་ཀྱི་ཚོར་བའི་རྗེས་མི་འབྲང་བར་སྒེར་ཚུགས་ཤེས་རབ་དང་བརྩོན་པའི་གཤོག་ཟུང་ལ་བརྟེན་ནས་གནའ་དེང་ཤེས་རིག་གི་མཁའ་དབྱིངས་ཉུལ་རྒྱུ་ནི་མི་ཚེའི་སྙིང་པོའི་ནང་གི་སྙིང་པོར་འཁུམས་སོ།།


རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2021/4/3 བལྟ་ཀློག (24165)