ཕྱི་ནང་གི་འཕོ་ཉུལ།

 ࿐ཕྱི་ནང་གི་འཕོ་ཉུལ། 

གྱིན་འདའ་བ།        ཁྲི་འདུ། 

ཕྱི་ཨ་གསར་གྱི་འགྲན་རྩོད་བྲེལ་མྱུར་ཆེ་ཞིང་།།

ནང་རྣམ་རྟོག་གི་ཉོན་མོངས་དྲག་ཏུ་ལྡང་རུང་།།

སེམས་རང་གཤིས་ཀྱི་ལྕགས་རི་བརྟན་པོར་གྱུར་ན།།

བྱ་ལད་མོ་ཡི་ཟློས་གར་འཁྲབ་དགོས་མེད་དོ།།

ཕྱི་ཟང་ཟིང་གི་དགྲ་ཉོན་བསླུ་བྲིད་རྒོད་ཅིང་།།

ནང་ཀུན་རྟོག་གི་བཟེ་རེ་སྒུལ་ཤུགས་ཆེ་རུང་།།

སེམས་ཞི་གནས་ཀྱི་ཏིང་འཛིན་བསྐྱེད་པ་ནུས་ན།།

ལས་འགྲན་སེམས་ཀྱི་མཚོ་མོར་བརྒལ་དགོས་མེད་དོ།།

ཕྱི་དུས་རབས་ཀྱི་འཕོ་འགྱུར་རབ་ཏུ་སྐྱེན་ཞིང་།།

ནང་དགའ་སྐྱོ་ཡི་ཚོར་འདུ་ངེས་མེད་སྐྱོམ་རུང་།།

གཤིས་གནས་ལུགས་ཀྱི་ངོ་བོ་རིག་པས་མཐོང་ན།།

སེམས་གུ་དོག་གི་ཚད་གཅུན་འཆིང་དགོས་མེད་དོ།།

ཕྱི་འཇིག་རྟེན་གྱི་སྣང་བར་ཁ་དོག་བཀྲག་ཀྱང་།།

ནང་ཚོགས་དྲུག་གི་རེ་ཁ་ཕྱི་ནང་མོད་རུང་།།

སེམས་ཆོག་ཤེས་ཀྱི་བསམ་གཏན་ཞི་བར་གནས་ན།།

ཞེ་འདོད་རྔམ་གྱི་རྙི་རུ་འཚུད་དགོས་མེད་དོ།།

ཕྱི་ལོ་འདོད་ཀྱི་བརྐམ་པས་ཁྲེལ་གཞུང་བསླུས་ཤིང་།།

ནང་འཕྲལ་ཡུན་གྱི་བདེ་དགས་ཕྱི་མ་ཕོངས་རུང་།།

ལས་བདེན་དོན་གྱི་འབྲས་བུ་ཚུལ་བཞིན་བསྲུང་ན།།

རྗེ་ཆོས་རྒྱལ་དང་འཕྲད་ཀྱང་བྲེད་དགོས་མེད་དོ།།

2021.8. 28



རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2021/11/8 བལྟ་ཀློག (1408)