སྐྱོ་གར། ཞར་བཀོད་གཉིས།

སྐྱོ་གར།

      ཞར་བཀོད་གཉིས།

            ཐེད་པོ། འདན་མ།


ཁ་སང་གི་རྐང་རྗེས་དེ་རིང་བསུབ་དགོས་ཚེ

གོམ་པ་སྤོས་དང་མ་སྤོས་ལ་ཁྱད་མི་འདུག


རྨི་ལམ་གྱི་ཡིད་ལྗོངས་ཐན་པས་ཟིན་ཚེ

དབྱར་ཚེས་དང་མ་ཚེས་ལ་ཁྱད་མི་འདུག


འཚོ་གནས་ཀྱི་སྙིང་པོ་གཞི་ནས་ཤོར་ཚེ

ཡུལ་འདིར་གསོན་དང་མ་གསོན་ལ་ཁྱད་མི་འདུག


འཇིག་རྟེན་གྱི་མི་ལ་བརྩེ་བས་སྟོང་ཚེ

བློ་གཏད་བགྱིས་དང་མ་བགྱིས་ལ་ཁྱད་མི་འདུག


ཡིན་ནའང

ངས་དེ་ལྟར་བསྒྲུབ་མི་ཐུབ

2021.6.27


རྡོ་བའི་སྟེང་གི་སྨྲེང་བ།


མིད་པ་འགག་དུས

རྒྱུན་པ་ཉན་སྤྲོ་བའི་གླུ་གཞས་ཀྱིས་སུན་པོར་བཟོ་ཡོང

མཐོང་ངོས་ཀྱི་ཅ་ལག་ཤི་རོ་དག་གིས་དྲན་པ་གཏོར

མཚམས་མི་ཆད་པའི་ཆར་ཞོད་དེས་ཀྱང་དགུན་ཁ་ཁྲིད་ཡོང


ད་ནི་སེམས་པ་ཁེན་ས་ཞིག་ཀྱང་མི་འདུག་སྟེ

སྙན་ངག་འབྲི་བར་ཞེ་གཏིང་ནས་སུན་སྣང་སྐྱེས

2021.6.23


ཉམ་ཐག་པའི་སྐད་ཆ།


ཁྱོད་ལ་སྐད་ཆ་བཤད་ཤེས་པའི་མིག་ཟུང་ཞིག་ཡོད

མཚན་མོ་གཉིད་མི་ཡོང་དུས

ང་ལ་སྒྲུང་འཆད་རོགས་བྱེད


ཁྱོད་ལ་རི་མོ་འབྲི་ཤེས་པའི་མཆུ་སྒྲོས་ཤིག་ཡོད

ང་ཡི་མི་འཇིགས་པའི་དྲན་ངོགས་སུ

མིང་མེད་པའི་དམ་ཚིག་གི་རི་མོ་བྲིས


ཁྱོད་ལ་བྱམས་བརྩེ་མངལ་བའི་ལག་ཟུང་ཞིག་ཡོད

ང་རང་ངལ་ཞིང་དུབ་པའི་ཚེ

སེམས་པའི་མཐིལ་ནས་བྱིལ་བྱིལ་ཡང་ཡང་གནང


ཡིན་ནའང

ཁྱོད་ལ་ལྡོག་སྟེ་སྐྱེས་པའི་ལྕེ་ཞིག་ཡོད

ངའི་ཕྱོགས་ལ་ནམ་ཡང་བེད་སྤྱོད་གཏོང་མི་སྲིད

2021.6.25


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2021/11/8 བལྟ་ཀློག (28898)