ཚེ་འདིར། ངོ་ཤེས་པའི་མི་ལག​ས།

ཚེ་འདིར།  ངོ་ཤེས་པའི་མི་ལགས།

—ཚེ་འདིར་ལས་ཀྱི་དབང་གིས་ངོ་ཤེས་པའི་མི་ཐམས་ཅད་ལ་ཕུལ། 

འབའ་སྣང་གྲོལ། 

     ཚེ་འདིར། ངོ་ཤེས་པའི་མི་ལགས། ད་ལྟ། ངས་ཁྱོད་རང་གང་དུ་ཡོད་པ་གཏན་ནས་མི་ཤེས་ལ།  ཐ་ན་ངས་ཁྱོད་རང་འཇིག་རྟེན་འདིར་ཞལ་བཞུགས་གནང་ཡོད་མེད་ཀྱང་ཁ་ཚོན་མི་ཆོད།  ཡིན་ནའང་།  འུ་གཉིས་འཕྲད་པའི་སྐད་ཅིག་མ་དེ་ནས་བཟུང་།  ཁྱོད་རང་ངའི་ཚེ་འདིའི་ངོ་ཤེས་སུ་གྱུར་ཅིང་།   བློ་དཀར་གཞུང་དྲང་དང་། ངོ་ཚ་ཁྲེལ་གཞུང་གིས་འཚོ་བའི་མི་ཞིག་ཡིན་པ་ངས་ཡིད་ཆེས་བྱས་ཡོད།   མི་ཚེ་རིང་མོའི་ཁྲོད་དུ། ཁྱོད་ཀྱང་ང་རང་ནང་བཞིན་དཀའ་སྡུག་མང་བོ་མགོར་ལྷུང་མྱོང་བ་ངས་ཕལ་ཆེར་ཚོད་དཔག་བྱ་ཐུབ་ལ།   ཁྱོད་ཀྱི་བློ་སྤོབས་དང་དཔའ་གདེངས། ཀུ་ཡངས།  ཆོད་སེམས།  ཁེར་ཚུགས།   བཟོད་བསྲན་གྱིས་མི་ཚེའི་བཀྲ་མི་ཤིས་པ་ཡོད་ཚད་དང་དུ་བླངས་ནས།  གཅེས་སུ་འོས་པའི་འཁོར་བའི་ལས་འཕྲོ་སྲུང་བ་ལ། ཁྱོད་རང་བརྟན་པོར་འགྲེང་ཐུབ་པའང་ང་ལ་ཡིད་ཆེས་ཡོད།    ཁྱོད་ཀྱིས།  ད་སྐབས།  འཚོ་བ་ནི་ལས་སླ་མོ་ཞིག་མིན་པ་ཤེས་ཡོད་ངེས་ལ།   དེ་བས་ཀྱང་།  ཁྱོད་ཀྱིས་མི་དང་མིའི་བར་གྱི་ལས་འཕྲོ་ནི་འཇིག་རྟེན་འདིར་ཆེས་གལ་ཆེན་དང་རྩ་ཆེ་ཤོས་དེ་ཡིན་པའང་རྟོགས་ཡོད་ངེས།     དོན་ངོ་མ་ང་རང་ཁྱོད་ལ་ཧ་ཅང་དགའ་སྟེ།  ཁྱོད་ཀྱིས་གཏན་ནས་མི་ཤེས་པའི་གནས་ཤིག་ཏུ།  ངས་ཁྱོད་རང་ཡང་ཡང་དྲན་སྲིད།  གང་ཞིག་ཏུ།  ཚེ་འདིར།  སུས་ཀྱང་ཚོར་བ་མེད་པར་ཁྱོད་ཀྱི་སྐྱིད་སྡུག་ལ་ལྐོག་ལྟ་ཡང་ཡང་བྱེད་མཁན་དེ་ང་ཡིན་སྲིད།  ངས་ངོ་ཤེས་པའི་མི་ལགས།   ཁྱོད་རང་བདེ་བར་བཞུགས་ལགས་སམ།

     ཚེ་འདིར། ངོ་ཤེས་པའི་མི་ལགས། ཁྱོད་རང་ང་དང་ཆེས་རྒྱང་ཐག་རིང་ཤོས་ཀྱི་གནས་ཤིག་ཏུ་ཡོད་ཀྱང་སྲིད་ལ། ཡང་ན།  ཁྱོད་རང་ང་དང་བར་ཐག་ཆེས་ཉེ་ཤོས་སུ་ཡོད་ཀྱང་སྲིད།    ཐ་ན་འུ་གཉིས་དྲ་བའི་སྐུད་ལམ་གཅིག་གི་ཕར་སྣེ་ཚུར་སྣེ་བྱས་ནས་ནམ་ཡང་ཁ་གྲག་མ་མྱོང་བའང་སྲིད།   ཡིན་ནའང་།   ནམ་ཡང་ངས་རང་ཉིད་ཀྱི་ངོ་ཤེས་པའི་མི་ཞིག་གིས་ང་རང་གང་ཞིག་ཏུ་རྟག་ཏུ་དྲན་བཞིན་ཡོད་པའམ། གཅེས་པའི་མིང་གིས་འབོད་ཀྱིན་པའི་ཚོར་སྣང་ཟབ་ལ།   དེ་ནི་ཏག་ཏག་ཁྱོད་རང་ཡིན་ཆོག     ངས་ནམ་རྒྱུན།  འུ་གཉིས་ངོ་ཤེས་པར་ཁྱོད་རང་བློ་འགྱོད་སྐྱེ་མ་མྱོང་བར་ཡིད་ཆེས་གཙང་མ་བྱེད་ཀྱིན་ཡོད་པར་མ་ཟད།   སྐྱེ་བ་མང་བོའི་གོང་རོལ་གྱི་འུ་གཉིས་ཀྱི་ལས་འཕྲོའི་མེ་སྟག་ཕྲ་མོ་དེ་ད་རེ་མཆེད་པར་བསམ་བཞིན།   ངས་རྟག་ཏུ།   ངོ་ཤེས་པའི་སྙིང་ཉེ་བའི་ཁྱོད་རང་ཚེ་འདིར་བདེ་སྐྱིད་ལྡན་པར་སྨོན་ལམ་གཙང་མ་འདེབས་ངེས་ཤིང་།   ཁྱོད་ནི་ངའི་མི་ཚེ་འདིར།  མི་ཚོགས་དུང་ཕྱུར་མང་བོའི་ཁྲོད་དུ་ལས་ཀྱིས་ངོ་མཇལ་གནང་བའི་ཆེས་གལ་ཆེ་བའི་མི་ཞིག་ཡིན་ངེས་པའང་ངས་གསལ་བོར་ཤེས་ཡོད།  སྐྱེ་བ་འདིར།   ལས་ཀྱི་བཀའ་བབ་སྐྱོང་བ་ལ།   ཁྱོད་ནི་ཕོ་རྒོད་རུས་པ་ཅན་ཞིག་ཡིན་ཤག་ཤག་ཡིན།  ཡང་ན།   ཁྱོད་ནི་མཛངས་མ་ཁྲེལ་གཞུང་ཅན་ཞིག་ཡིན་ཤག་ཤག་ཡིན།   

      ཚེ་འདིར།  ངོ་ཤེས་པའི་མི་ལགས།    བསམ་ལོང་དྲན་ལོང་མེད་པར།  ལོ་ཟླ་མང་བོ་ཞིག་གིས་འུ་གཉིས་ཀྱི་མི་ཚེ་ཕྱེད་གཤགས་སུ་བཏང་ནས།  སྲབ་ཐག་ཆད་པའི་རྟ་རྒོད་བཞིན་མདུན་ཕྱོགས་སུ་སྨྱོ་ཧམ་གྱིས་རྒྱུག་བཞིན་པ་ཚོར་རམ།  མི་ཚེ་ནི་མ་གཞི་ནས་ཐོབ་ཤོར་གྱིས་གྲུབ་པ་ཞིག་ཡིན།  ཆེས་སྙིང་དུ་སྡུག་པའི་ཚེ་སྲོག་གི་རྒྱུ་བ་གཉོམ་པོའི་ཁྲོད་དུ།  སང་ཉིན་གྱི་རེ་བ་དང་འདོད་པ་མང་བོ་ཞིག་ཁུ་སིམ་མེར་སྦས་ནས།  གང་ཞིག་ཏུ།  དགའ་བ་དང་། སྐྱོ་བ། སུན་སྣང་། ཡིད་ཆད།  རེ་དོགས། ཡུས་གདུང་། དངངས་སྐྲག་སོགས་མ་ངེས་པའི་རྣམ་རྟོག་མང་བོ་རྐྱ་འཐབ་པའི་ཁྲོད།  ཅིས་ཀྱང་འཚོ་བ་རོལ་དགོས་པའི་བདེན་པ་ལ་ཨུ་ཚུགས་རྒྱག་ཞོར།  མི་གཤིས་ཀྱི་ཚུལ་འཆོས་འོག་ན།   ཡིན་ཤག་ཤག་གིས་འཚོ་བ་ཞིག་ཀྱང་ཡིན་པ་འདྲ།  གང་ལྟར།  ཅི་ཞིག་ཐོབ་ན་སྙམ་པའི་རེ་བ་ལྷག་མ་མང་བོའི་ཁྲོད་ཤེས་མེད་ཚོར་མེད་ངང་མི་ཚེ་ནི་ཇི་འདྲའི་ཟད་པར་མགྱོགས་དྲགས་པ་ལ་ཨང་།   ཁྱོད་ཀྱང་རེ་བ་མང་བོའི་རྡོག་ཁྲེས་ཁུར་དྲགས་ནས་ང་རང་ནང་བཞིན་སྐུ་ངལ་བཞེས་ཡོད་ཤག་ཡིན།   ཟློག་ཏུ་མེད་པར་ཅིས་ཀྱང་རོལ་དགོས་པའི་འཁོར་བ་འདིའི་ཉེས་དམིགས་ཀྱིས་སེམས་པ་གཉོམ་གཉོམ་དེ་བསྣད་ཡོད་ཤག་ཡིན།    འཇིག་རྟེན་འདིར་རེ་ས་དང་ལྟ་ས་གཞན་མེད་པའང་ཁྱོད་ཀྱིས་གཞི་ནས་མཁྱེན་ཡོད་ཚོད་ཡིན།  དེ་ལྟ་ན། ཁུ་སིམ་མེར་ཨམ་གཙིགས་སྙིང་ལ་བསྡམས་ནས།  རང་ཉིད་རང་གི་མགོན་དུ་བཞེངས་པར་ཤེས་རབ་ཀྱི་བློ་མིག་ཅིག་ཐོབ་ཡོད་སྲིད།   ཁྱོད་ཀྱིས།       འཚོ་བའི་དཀའ་སྡུག་གི་རྔུལ་ཆུ་མང་བོའི་ནང་ནས།   སྲ་མཁྲེགས་ལྡན་པའི་མི་གཤིས་ཀྱི་བདེན་པ་ཞིག་རྙེད་ཡོད་སྲིད།    ངོ་ཤེས་ཀྱང་མིང་མི་ཤེས་པའི་ཁྱོད།  མིང་ཤེས་ཀྱང་གཏན་དུ་མཇལ་བ་མེད་པའི་ཁྱོད།  ད་ལྟ།  ག་བར་བཞུགས་ལགས་སམ།  

     ཚེ་འདིར།  ངོ་ཤེས་པའི་མི་ལགས།   ངོ་ཤེས་ཀྱང་།  སྐྱིད་སྡུག་མི་གཅིག་པའི་སྙིང་ཉེ་བའི་ཁྱོད།   ད་ལྟ་གང་དུ་བཞུགས་པ་ངས་གཏན་ནས་མི་ཤེས།   ཡིན་ནའང་། ངོ་ཤེས་པའི་ལས་འཕྲོ་སྐད་ཅིག་མ་དེས། ཚེ་འདིར།  ངས་ཁྱོད་རང་ཡང་ཡང་དྲན་སྲིད།    ཁྱོད་རང་ངོ་ཤེས་པར་ང་རང་གཏན་དུ་ནོངས་འགྱོད་སྐྱེ་མི་སྲིད།     
༢༠༢༢ལོའི་༡༢ཚེས་༢༢ཉིན།

རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2023/1/20 བལྟ་ཀློག (15452)