གྲྭ་རྐྱང་གི་ལས་དབང་།

གྲྭ་རྐྱང་གི་ལས་དབང་།


ལྡོང་འཇིགས་སྲས།   དཀར་མཛེས།

ལས་ཀྱི་རྐང་ལམ་ཚོར་བའི་ཁམས་ལ་བསྒྱུར།།
ཚོར་བ་དགའ་སྐྱོ་མང་བོའི་གསེབ་ན་གཡོ།།
སྐབས་ལར་གཏི་མུག་གཉིད་ཀྱི་གཉུག་སེམས་སྒུལ།།
ཚོར་བ་རྣ་ལམ་གྱེར་ཡང་གཡེང་སྤྲོ་དབེན།།
ལོ་ཟླའི་གྲང་བསིལ་སྦྲུམ་པའི་རྨི་ལམ་ནང་།།
ཞེ་ལ་ཐོགས་པའི་ཁྲུང་ཁྲུང་ཡང་ཡང་དྲན།།
སེམས་དང་གཟུགས་ཕུང་འགྱུར་བའི་ཞེད་སྣང་ལ།།
ཁེར་རྐྱང་སྡོང་སྐམ་སྐྱོ་བའི་ཁམས་ནས་མནར།།

ང་ནི་མེ་ཏོག་ཅིག་ཏེ་དུས་བཞིའི་འཆར་ཡན་ནང་།།
རྨི་ལམ་འདབ་ལོ་སྐྱེས་འཐོར་ཚད་མེད་པས།།
སེམས་གཅོང་སྐྱོ་བའི་སྒྲུང་ལ་ཚད་མེད་པ།།
དྲན་ངོགས་གསེར་བྱའི་འཕུར་ལམ་ཞེ་ལ་དྲན།།
ཁུ་བྱུག་སྙན་བརྒྱུད་མན་ངག་ཞེ་ལ་དྲན།།

ནམ་ཞིག་ལས་འཕྲོའི་བཀོད་སྒྲིག་འཁོར་བ་ན།།
འདུ་བྱེད་སྤྲོ་སྣང་སུས་ཀྱང་དཔོག་མིན་པས།།
ཕྱག་སོར་ཐལ་མོ་སྦྱར་ཏེ་ཁྱོད་ཉིད་ལ།།
གཏན་བདེ་རང་ཉིད་གཅིག་མིན་ཐམས་ཅད་ཀྱི།
སྡུག་བསྔལ་ཞེ་གཙེས་ངལ་བ་ཞུ་བའི་ཆེད།།
ཁྱོད་ལ་སྨོན་ཅིང་ཁྱོད་ལ་གསོལ་བཏབ་བགྱི།

༢༠༢༣___༣___༢༩__ཉིན།


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2023/5/23 བལྟ་ཀློག (16103)