རུས་མཛོད་མེ་ཏོག་སྐྱེད་ཚལ།
༄༅།
།བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ།
ལེའུ་གསུམ་པ། བསེ་ཁྱུང་སྦྲའི་སྐོར།
བསེ་ཁྱུང་སྦྲ་ནི། སྔོན་སྤྲེའུ་བྱང་ཆུབ་སེམས་དཔའི་རང་གི་མི་ཚན་བཞིར་བཅད་པའི་ནང་གི་བསེ་ཞེས་པ་དེ་ཡིན་ལ་དེ་ལ་བསེ་ཁྱུང་སྦྲ་ཞེས་ཟེར་ཏེ། ཇི་སྐད་དུ། སྦྲ་མིང་རྣ་ཅན་ཞེས་ཕྱུག་དཔལ་ཆེ། ཞེས་པ་དང་། གནའ་སྒྲུང་ལས། འགག་དོག་མོ་གསུམ་ནི་སྦྲ་ལ་ཐོབ། སྦྲ་དཔལ་རྩལ་ཆེ་བ་དེ་ནས་བྱུང་། ཞེས་སྒྲུང་གླུ་འདི་དག་གི་དོན་ཆེན་བཞི་ལ་ཡོད་པ་སྦྲ་ལ་དོན་ཐོབ་ཀྱི་གླུ་ཡིན་ཏེ། མདོ་ཁམས་འདི་ནི་འདིའི་རོང་ཆེན་བཞིའི་བྱེ་བྲག་ཤར་རྒྱལ་མོ་རོང་སོགས་རོང་གི་འགག་དོག་མོར་གནས་པའི་དོན་ཡིན། སྤྱིར་སྦྲ་ལ་སྦྲ་དཀར་དང་། སྦྲ་ཁྲ་དང་། སྦྲ་ནག་སྟེ་གསུམ་དང་། དེ་ལ་ཆེ་དྲུག ཕྱུག་དྲུག བཙན་དྲུག་རྣམས་ཀྱི་རིགས་དང་། སྦྲ་དཀར་པོ་ལ་དབུས་སུ་བར་སོ། ཞིང་དང་། མར་བ་སོགས་བཅུ་གཉིས་ཡོད། དྲུག་ཟེར་བ་ཡང་ཡོད། ལྷོ་རོང་ཆོས་འབྱུང་དུ། མགར་དམ་པའི་ལོ་རྒྱུས་སུ། སྦྲ་དཀར་གྱི་ནང་ཚན་རིགས་བཞིར་ཕྱེ་བས། སྟོང་བཙན་ཡུལ་བཟུང་འཕྲུལ་རྒྱུད་ནི་དབུས་གཙང་ཀུན་ཏུ་འབྱུང་། བཙན་ལ་དྲེགས་པའི་དཔའ་རྒྱུད་ནི་འཇང་དང་ས་མཐར་དབྱུང་། སྙེ་རོང་བཞག་འཇུག་གི་སྐལ་རྒྱུད་ནི་བྲག་དར་དང་མི་ཉག་སྟོད་སྨད་དུ་འབྱུང་།
ལྷ་རྗེ་བྱམས་པ་དཔལ་གྱི་ཆོས་བརྒྱུད་ནི། རྒྱལ་བ་མཆོག་དབྱངས། འཁོན་ཀླུ་ཡི་བྱང་ཆུབ། གཡུ་སྒྲ་སྙིང་བོ་གསུམ་ལ་གཏུགས་པས་ལྷ་རྗེས་འདན་དུ་བསྒྲུབ། གྲུབ་པ་བརྙེས་ཏེ་ཨ་མྱེས་དཔལ་དུ་གྲགས། དྲིལ་བུ་སེར་བོ་རྟ་སྐད་འཚེར་བ་དཀྲོལ་ན་ལྷ་ཚོགས་འདུས། ནག་པོ་ཧྰུཾ་སྒྲ་སྒྲོག་པ་དཀྲོལ་ན་སྡང་དགྲ་སྐད་ཅིག་ཐང་ལ་ལྷུང་།
དེ་དགུང་ལོ་གྱ་བཞིའི་དུས་སུ་དྲིལ་བུ་སེར་བོ་བསྣམས་ནས་མཁའ་སྤྱོད་དུ་གཤེགས། དེའི་ཚ་བོ་དཔལ་གྱི་བཀྲ་ཤིས་ཀྱིས་དྲིལ་བུ་ནག་པོ་ཧྰུཾ་སྒྲ་ཅན་བསྣམས་ནས་ལྕང་ལོ་ཅན་དུ་གཤེགས། དེའི་སྲས་བསོད་ནམས་འབུམ་ཤྰཀྱ་དཔལ་གཞོན་ནུ་རྡོ་རྗེ་ཟེར་བ་ཡང་འགར་དམ་པ་ཡིན་ལ་ལྕགས་བྱི་ཟླ་བ་གསུམ་པའི་ཚེས་བརྒྱད་སྐར་མ་རྒྱལ་ལ་འཁྲུངས་པ་ཡིན་ལ། ས་སྐྱ་པཎ་ཌི་ཏ་རིན་པོ་ཆེས་ཆོས་སྣ་དགུ་ཞེས་ཀྱང་བཤད་པ་ལྟར་ན་འགར་དམ་པ་དེ་སྦྲ་རིགས་ལ་འཁྲུངས་པ་ཡང་གསུངས་ལ། འདི་སྐབས་ལྷོ་རོང་ཆོས་འབྱུང་དང་། སྡེ་དགེའི་ཡིག་ཚང་གཉིས་མི་མཐུན་ནོ། །
རྒྱལ་མཁར་རྩེ་ལ་སྦྲ་ཁྲའམ་སྦྲ་རྒོད་ཅེས་བློན་པོ་མགར་སྟོང་བཙན་པའི་རྒྱུད་དང་། ཁམས་སུ་པྲ་ཏི་ཡང་ཟེར། དབུས་ཀྱི་ལྷ་གཟིགས་རླངས་ཀྱི་གདུང་ཡང་སྦྲ་ཡིན་ལ། དཀར་ནག་ཁྲ་གསུམ་གར་གཏོགས་ཡིག་ཚང་ཁུངས་དག་མ་མཐོང་བས་འདིར་བརྗོད་དུ་མེད་དོ། །
ཤར་རྒྱལ་མོ་རོང་གི་རྒྱལ་བོ་སྔོན་མ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེའི་སྤྲུལ་བ་རྒྱལ་བོ་མདོ་བཞེར་ནག་པོ་ཞེས་པ་དེ་སྦྲ་ནག་པོའི་རིགས་ཡིན་ལ། བསྟན་པ་སྔ་དར་གྱི་དུས་སུ་སངས་རྒྱས་རྣམ་པར་དག་པར་སྣང་མཛད་ཀྱི་སྤྲུལ་བའི་ལོ་ཙྰ་བ་ཆེན་པོ་བ་གོར་བེེ་རོ་ཙ་ན་ཡུལ་རྒྱལ་མོ་རོང་དེར་བྱོན་དུས་ཀྱི་རྒྱལ་བོ་དེ་ཡིན། ཡུལ་དེའི་རྒྱལ་རིགས་སུ་འཁྲུངས་པའི་སྐྱེས་བུ་དམ་པ་གཡུ་སྙིང་པོ་ཞེས་པ་ལོ་ཙྰ་བ་ཆེན་པོ་དེའི་སློབ་མར་གྱུར་པ་རྒྱལ་མོ་གཡུ་སྒྲར་གྲགས་པ་དེ་སོགས་བྱུང་ཞིང་། ཡུལ་དེར་བསྟན་པ་སྔ་འགྱུར་གྱི་དམ་པའི་ཆོས་ཀྱང་དེ་ནས་བཟུང་སྟེ་དར་བར་བཤད་དོ། །
དེ་ནས་བཟུང་རྒྱལ་པོ་མདོ་བཞེར་ནག་པོའི་གདུང་རིགས་དེར་ཚིག་བསྡུས་པས་རྒྱལ་ནག་གདུང་རིགས་ཟེར་བ་བྱུང་བར་གྲགས་ལ། ཡང་ཞང་ཞུང་སྦྲ་རྒྱལ་གྱི་གདུང་རྒྱུད་ཡིན་པས་ཚིག་བསྡུས་པས་ཞིང་རྒྱལ་གདུང་རྒྱུད་ཡང་ཟེར་བར་མངོན་པ་འདི་ལྟར་སྤྱིར་རྒྱལ་མོ་རོང་གི་རྒྱལ་ཁག་ཐམས་ཅད་ཀྱི་རྒྱལ་བོའི་གདུང་རྒྱུད་དག་པ་ཐམས་ཅད་ནི་སྦྲ་ཁོ་ན་ཡིན་པར་བཞེད་ལ། སྐུ་རིགས་དེ་ལ་རྒྱལ་རོང་རང་སྐད་ཀྱི་ནི་ང་ཤིས་ཙ་ཡང་ཟེར་རོ། །
ཁ་ཅིག་གིས་ནི་གདུང་དེར་བར་སྐབས་ཤིག་ཏུ་ཚ་རོང་རྒྱལ་བོ་ཁོ་འཕན་དུ་གྲགས་པ་གཅིག་བྱུང་བས་དེ་ནས་བཟུང་ཚ་བ་རོང་གི་རྒྱལ་བོ་ ཁོ་འཕན་ཚིག་བསྡུས་ཏེ་ཚ་ཟེར་བར་གྲགས་ཞེས་ཟེར་བ་འདུག་ཀྱང་། ལྷོ་ཚ་བ་རོང་དང་ཤར་རྒྱལ་མོ་རོང་གཉིས་ཐ་དད་ཡིན་པས་འདི་ལ་དཔྱད་གཞིར་འདུག་ཀྱང་། རིགས་དང་ས་ཆའི་མིང་གང་ཡིན་མ་འཚལ་ཡང་དེ་གཉིས་གཅིག་གི་མིང་ལ་ཚ་ཁོར་གྲགས་སོ།
།
དེ་ལ་ཚ་ཁོ་རྒྱལ་ས་ཁ་གསུམ་དང་།
ཡང་སྔར་གྱི་ཞིང་རྒྱལ་གྱི་གདུང་རྒྱུད་དེར་རྒྱལ་བོ་ཁྲོ་བོ་སྐྱབས་ཞེས་པའི་རྒྱལ་བོ་ཡ་རབས་ཀྱི་ཡོན་ཏན་དང་སྤྱོད་ཚུལ་ཀུན་ལྡན་ཕོ་རྩལ་སྣ་དགུ་དང་ལྡན་པ་བྱང་ཆུབ་སེམས་དཔའི་བློ་ཆེན་ལྡན་གྱི་རིགས་བོན་ལུགས་པ་ཞིག་བཡོན་པ་དེ་ནས་བཟུང་གདུང་རིགས་དང་ཞབས་འབངས་རྣམས་ལ་ཁྲོ་སྐྱབས་ཞེས་པ་འདི་བྱུང་ངོ་།
།
ཚ་ཁོ་རྒྱལ་བོ་སྔོན་མ་ཞིག་གི་དུས་དེར་སྔར་ཁམས་ཕྱོགས་ཀྱི་སྦྲ་ནག་པོ་བཙན་དྲུག་གི་མི་རྒྱུད་ལ་ཕྱིས་ནས་སྦྲ་མི་དངོས་གོང་ཟེར་བ་དང་། དོ་གོང་ཟེར་བ་གཉིས་བྱུང་། དང་བོ་ལ་བུ་བཞི། དེ་ཡི་ཆེ་བ་ཚ་སྤོ་ལབ་རྒན་གྱི་མི་རྒྱུད་ལ་སྨར་ཤོད་ཀྱི་མཁར་དུ་ཨ་བློ་ཟེར་བ་གཅིག་བྱུང་། དེ་ཡི་བུ་ལ་ཨ་བློའི་བུ་སྟག་བཟང་ཟེར་ལ། མི་གཟུགས་བྱད་མཛེས་པ་ཁ་སྤུ་དང་མན་ཚར་ཤིན་ཏུ་རིང་བས་ཐམས་ཅད་ཀྱིས་ཡག་པོ་ཞོལ་ཆེན་ཟེར། དེས་རྡོ་རོལ་ལྷ་མགོ་སྟེང་དུ་མཁར་བརྩིགས་ཏེ་སྨར་མཁར་དང་ཕོ་བྲང་གཉིས་བདག་བྱས་སོ།
།
འདིའི་དུས་དེར་སྨ་རོལ་དང་རྡོ་རོལ་གྱི་ས་ཆ་ཐམས་ཅད་མགོ་ལོག་གིས་བླངས་པ་ཡིན། དེའི་བུ་ཀླུ་བཞེར་ནག་པོ་དང་། ཀླུ་རྡོག་ཀླུ་ཐོག་གསུམ་ཡིན། ཀླུ་བཞེར་འདིས་རྡོ་རོལ་ཁང་དྲུག་ཏུ་ཁང་བ་བརྩེགས། དཔོན་གཡོག་དྲུག་གི་ཁང་བས་དེར་ཡོད་པ་ལ་ད་ལྟའང་ཁང་དྲུག་ཟེར། ཀླུ་བཞེར་གྱི་བུ་ཡག་འེ་ཡིན། འདི་ཕ་བུ་དང་ཕ་ཚན་དཔོན་གཡོག་ནང་མ་རྣམས་ཀྱིས་སྔར་མགོ་ལོག་གིས་རང་གི་ཕ་མྱེས་བསད་ཅིང་སྨར་ཤོད་ཀྱི་ས་ཆའི་ཕུ་ནུ་རྣམས་བསད་པ་སོགས་ཀྱིས་མགོ་བཏགས་ཡོད་ཀྱང་ཞེ་འཁོན་མ་དག་པའི་ཐོག་རྣམས་ལོ་གཉིས་གསུམ་ལ་ཉེས་ནས་ཡུལ་ངན་བྱུང་བ་བཅས་ཀྱིས་རྒྱལ་མོ་རོང་དུ་རང་ཉིད་རིགས་གཅིག་པའི་རྒྱལ་བོ་བསྙེགས་ཏེ་ཕྱིན་པར། དེ་དུས་ཀྱི་རྒྱལ་བོ་དེ་དབུ་དཔངས་ཆེ་ཞིང་ཐུགས་གཤིས་བཟང་ཕྱིར། ཀླུ་བཞེར་བློན་ཆེན་དུ་བསྐོས་ནས་ཁོ་བགྲེས་ཏེ་ཡོད་པ་དང་། རུས་སྦྲ་ཡིན་པས་བློན་པོ་སྦྲ་རྒན་དུ་བཏགས་ནས་བློན་ཆེན་བྱས། ཡག་འེ་དཔོན་གཡོག་རྣམས་ལ་གཞིས་ཀ་བཟང་བོ་མི་ཁྱིམ་གྲངས་རེ་གཏད་དོ། །
དེའི་བུ་སྦྲ་རྒན་ཡག་མཁར་དེ་ང་རོ་ཡིན། དེའི་བུ་ཨ་བཟང་། མ་བཟང་། བཟང་མཆོག་གསུམ་ཡིན། ང་རོ་ཨ་བཟང་གི་བུ། ཕྱི་ལྤགས། ཕྱི་སྐེ། རྒྱ་ཆེ་གསུམ། ཕྱི་སྐེའི་བུ་གཉན་ཁྲི་ལོག་ཡིན། འདི་གཞི་བདག་ཞིག་གི་སྲས་ཡིན་པར་གྲགས་པས་གཉན་ཁྲིའི་མི་རྒྱུད་ཀྱང་ཟེར་རོ། །
འདི་ནས་རྒྱལ་རོང་མ་ཚད་ཕྱོགས་གཞན་སོགས་ལ་གཉན་ཁྲི་ཚོ་བ་བཅོ་བརྒྱད་གྱེས་ཟེར་རོ། །རྒྱལ་རོང་རང་དུ་ཡོད་པའི་མི་རིགས་ལ་ཕྱིས་ནས་ང་རང་གི་ཡང་མྱེས་མགོ་ལོག་ཟོན་ལི་མའི་ཉེ་ཚན་དུ་གྱུར་བ་ང་རོ་ལྷ་དང་། ང་རོ་རྡོ་རྗེ་ཚེ་བརྟན་སྤུན་གཉིས་ཀྱི་བར་དུ་སྦྲ་རིགས་འདི་རྒྱལ་རོང་རང་དུ་ཡོད་ལ་དེ་ནས་དེ་ཕྱིས་སུ་ཇི་བཞིན་མི་ཤེས་སོ། །
ང་རོ་འདི་སྤུན་ནི་མི་ཡ་རབས་ཀྱི་ཡོན་ཏན་དང་སྤྱོད་ཚུལ་ཀུན་ལྡན་ལ་ཕོ་རྩལ་སྣ་དགུ་དང་ལྡན་པ་དང་། དུས་ཕྱིས་མི་རིགས་འདི་ལའང་ཤིན་ཏུ་དྲིན་ཆེན་ཞིག་ཡིན་པ་འོག་ནས་འཆད་དུ་ཡོད་དོ།
།
གོང་བཤད་ཀྱི་སྦྲ་རྒྱ་བོའི་གདུང་རྒྱུད་དེ་ལའང་ཁྲོ་སྐྱབས་ལ་ང་ཤི་ཙ་ཁྲོ་བོ་རྒྱལ་མཚན་དང་། ཞིང་རྒྱལ་ཀུན་དགའ་ནོར་བུ་ཞེས་པ་བྱོན་ལ། འདིས་ས་བོན་གྱི་བཀའ་འགྱུར་དང་། བསྟན་འགྱུར་པར་དུ་བརྐོས་པ་སོགས་ཡ་རབས་ཀྱི་སྐྱེས་བུ་ཆེན་པོ་ཕོ་རྩལ་སྣ་དགུ་ལྡན་པ་ཞིག་ཡིན་ཞིང་། ང་ཤི་ཙ་ལྕགས་མགོན་དང་། དེའི་མི་རྒྱུད་དུ་ང་ཤི་ཙ་ཆོས་སྐྱབས་ཐར་དང་། ས་ལེ་ངེས་སེང་སོགས་བློན་པོ་ཕོ་རྩལ་དགུ་ལྡན་པ་ཡང་མང་དུ་བྱུང་ངོ་། །
ཚ་ཁོ་ཀོ་ལའི་རྒྱལ་བོ་པདྨ་ནོར་བུ་དང་། ང་ཤི་ཙ་ཚེ་དབང་སོགས་མི་ཡ་རབས་ཕོ་རྩལ་དགུ་ལྡན་དམ་པའི་ཆོས་ལ་དགའ་བ་དག་བྱུང་ལ། བསྟན་འཛིན་གྱི་སྐྱེས་བུ་དམ་པ་ནི་ཚ་ཁོ་བླ་ཆེན་དང་། ཚ་ཁོ་དབོན་པོ་ངག་དབང་གྲགས་པ་དང་། ནང་སོ་ཆོས་ཀྱི་སེང་གེ་དང་། ནང་སོ་སྙིང་བོ་སྣང་མཛད་སོགས་བྱང་ཆུབ་སེམས་དཔའ་བློ་ཆེན་ལྡན་གྱི་རིགས་སངས་རྒྱས་ཀྱི་བསྟན་པ་སྐྱོང་སྤེལ་མཛད་པའི་སྐྱེས་ཆེན་གྱི་བླ་མ་ཡང་རིམ་པར་བྱོན་པ་ཞིག་ལགས་སོ།
།
གཞན་དམ་པ་རྒྱལ་བོ་རིམ་བྱོན་རྣམས་དང་། ཕྱིས་སུ་དེའི་བློན་པོ་རྒྱལ་ནག་ཏ་རོ་རྣམ་རྒྱལ་ཞེས་པ་ཕོ་རྩལ་སྣ་དགུ་ལྡན་པ་ཟེར་བ་དེ་ཡང་སྦྲ་རྒྱལ་གྱི་གདུང་རིགས་དང་། གཞན་གནའ་དུས་ཀྱི་ཆུ་ཆེན། བཙན་ལ། གནའ་དགོ། འོག་གཞི ། ལོང་རྒུ། བྲག་སྟེང་། པ་གམ་སོགས་ཤར་རྒྱལ་མོ་རོང་ཁག་ཐམས་ཅད་ཀྱི་རྒྱལ་རིགས་མ་འཕྱུག་པ་སྦྲ་ནག་པོ་བཙན་དྲུག་གི་གདུང་རིགས་ཁོ་ན་ཡིན་ནོ།
།
ཁ་ཅིག་གཞན་ཉག་རོང་ས་སྟོད་བཟུར་བ། བདག་འེ། ཉག་སྐེད། རི་ནུབ་སོགས་སྟོད་སྨད་བར་གསུམ་གྱི་རྗེ་རིགས་ཐམས་ཅད་ནི་སྦྲ་ཁྲ་ཕྱུག་དྲུག་གི་གདུང་རིགས་ཡིན་པ་དང་། ཁ་ཅིག་ཏུ་སྟག་རོང་གི་རྗེ་རྒྱུད་ཀྱི་ད་ལྟ་རིགས་དེ་ལ་ས་ཡི་མིང་ཐོགས་པ་རེ་ཁ་ཟེར་བ་ལ་སྔར་རྗེ་ཀརྨ་པ་དུས་གསུམ་མཁྱེན་པའི་སློབ་མ་སྦྲ་སྒོམ་ཆོས་བརྩོན་ཞེས་པའི་གྲུབ་ཐོབ་ཆེན་པོ་དེ་འཁྲུངས། རིགས་དེ་ལ་རེ་ཁོའམ་སྟ་རི་ཟེར་བ་དོན་དུ་སྦྲ་ཡིན་པའི་རིགས་དེ་ད་ལྟའང་ཡོད་ལ། གཞན་ཁམས་ཀྱི་ཀྲེ་རོང་ལྕགས་གསུམ་ཡུལ་དུ་སྦྲ་རིགས་འདི་མང་བར་ཡོད་ལ། སྔར་རྗེ་ཀརྨ་པ་ཞྭ་དམར་བཞི་བའི་མ་ཡུམ་སྦྲ་བཟའ་བསོད་ནམས་སྒྲོལ་མ་འཁྲུངས་པའི་སྦྲ་ཡི་མི་རིགས་རྣམས་ཀྱང་འདིར་ཡོད་དོ།
།
གཞན་གསེར་རོང་གི་ད་ལྟ་རྗེ་དཀར་ཟེར་བའི་དཔོན་རིགས་འདི་ཡང་སྦྲ་ཡིན་པ་འོག་ནས་འཆད་དོ། །
ཡང་ཤར་ཨ་མདོའི་ཡུལ་དུ་མལ་ཟེར་བའི་སྡེ་དཔོན་གྱི་གདུང་རིགས་ཡོད་ལ། ཙོང་ཁའི་ཡུལ་དུ་ཡབ་མལ་དཔོན་ཀླུ་འབུམ་རྡ་ར་ཁ་ཆེ་དང་། རྡ་ར་ཁ་ཆེ་འདི་ལུགས་ལས་ཀ་ཡོད་པའི་མི་ཞིག་ཡིན་ལ། ཡུམ་ཤིང་བཟའ་ཨ་ཆོས་གཉིས་ལས། རྗེ་བླ་མ་ཙོང་ཁ་བ་ཆེན་པོ་བློ་བཟང་གྲགས་པའི་དཔལ་ཞེས་ཐུབ་དབང་གི་བསྟན་པ་རིན་པོ་ཆེ་ལ་ཐུབ་དབང་གཉིས་པ་ལྟ་བུ་དེ་འཁྲུངས་ཤིང་། ཁམས་ཕྱོགས་འདིར་མལ་གྱི་མི་རིགས་འདི་ལ་སྐད་ཟུར་ཆགས་ནས་མ་ཟེར་ལ། གེ་འཕན་རྙིང་བའི་མངའ་ཞབས་ཀྱི་མ་ཟེར་བའི་ཚོ་བ་འདི་དག་འདི་རིགས་ཡིན་ཟེར་བ་དང་། ཡང་ཁམས་ཕྱོགས་ཀྱི་དུག་ཚ་ཟེར་བའི་ཚོ་བ་འདི་རྣམས་དྲུག་ཚ་ཟེར་བར་སྐད་ཟུར་ཆགས་པ་ཡིན་ལ་དོན་དུ་དྲུག་ཚ་ཟེར་བ་སྦྲ་དྲུག་གི་ཚ་ཡིན་པ་སྦྲ་རིགས་ལ་གཏོགས་ཞེས་རུས་མཛོད་ཀྱི་ཡིག་ཚང་ཞིག་ཏུ་འདུག་ཟེར་བ་ཐོས་སོ། །
གཞན་ཡང་། བསེ་ཞེས་པ་ཨ་མདོར་ཡོད་པའི་རིགས་འདི་རྣམས་དང་། ཨ་བསེ་ཞེས་པ་ཁམས་ཕྱོགས་ལ་མང་བ་འདི་ཐམས་ཅད་ཀྱང་སྦྲ་ཁོ་ན་ཡིན་ནོ། །
དེར་མ་ཟད་ད་ལྟ་རྒྱ་ནག་གོང་མ་མན་ཇུས་ཀྱི་རྒྱལ་རིགས་འདི་ཡང་སྦྲ་ཡིན་ལ། ཁོང་རྒྱལ་རབས་རིམ་བྱོན་གྱི་བླ་ཟོག་རྟ་ཡིན་པ་ནི། པེ་ཅིན་ཕོ་བྲང་གི་ཧང་ཤིང་ཡེ་ལྷ་ཁང་དུ་བྲིས་ཡོད་པ། ཕོ་བྲང་དུ་སོན་པ་ཐམས་ཅད་ཀྱིས་མངོན་སུམ་དུ་མཐོང་བ་འདི་ལྟར་ལ། བོད་ཀྱི་སྦྲ་ཡི་བླ་ཟོག་རྐྱང་ཡིན་ཀྱང་། རྒྱ་ནག་གི་སྐད་དུ་རྟ་ཡི་མིང་ལ་མྰ་དང་། རྐྱང་ལ་ཡེ་མཱ་དང་། དེ་བཞིན་དུ་རྒོད་མའི་མིང་ལ་ཁཱོ་མཱ་ཞེས། མཱ་རྟ་ཡིན་པ་མ་གཏོགས་མིང་གཞི་ཐ་དད་དུ་མེད་པས། བདག་ཏུ་བཟུང་མ་བཟུང་མ་གཏོགས་རི་རྟ་དང་ཡུལ་རྟའི་བྱེ་བྲག་ཙམ་ལས་རྒྱ་ལུགས་ཀྱི་རྟ་རྐྱང་གཉིས་མིང་གཅིག་པར་བཞེད་ལ་དེ་ལྟར་བྲིས་པ་དང་། ཧང་ཤང་ཡེ་ནི་གོང་མ་རྒྱལ་བོ་སེར་བོ་ཡིན་ལ། སེར་པོ་ནི་སོག་པོའི་རིགས་ཀྱི་མཉྫི་ཡིན་ཏེ། དེ་ཡི་ལྷ་ཁང་ལ་བླ་ཟོག་བྲིས་པ་སོགས་ཀྱིས་དང་། གཞན་མན་ཇུས་ཀྱི་ཡིག་ཆ་སོགས་ལ་དཔག་ན་སྦྲ་ནི་ཡིན་སྙམ་ཀྱང་། དེ་ལས་སྦྲ་ནག་པོའི་རིགས་ཡིན་ནམ་སྙམ་པ་ཙམ་ཐོས་སོ། །
འདིར་གོང་བརྗོད་རྣམས་སུ་འདུས་པའི་སྦྲ་རིགས་ཀྱང་བོད་དབུས་གཙང་གི་ཡུལ་རྣམས་དང་། མདོ་ཁམས་མདོ་ཁམས་བོད་ཆེན་པོའི་ཡུལ་ཅི་རིགས་སུ་ཡོད་མོད་ཀྱང་། འདི་ཙམ་ལས་ན་འདིར་ཇི་བཞིན་བརྗོད་པའི་ཡིག་ཆ་སྔར་མ་མཐོང་ངོ་། །
སྦྲ་རིགས་འདི་ཐམས་ཅད་ཀྱིས་མཆོད་པར་བྱ་བའི་འགོ་བའི་ལྷ་ནི་སྦྲ་ཡི་ཕ་ཚན་གྱི་ལྷ་རྣམས་ཡིན་ལ།
ཁྱད་པར་དུ་འདིའི་རིགས་ལ་སྔོན་བྱོན་གྱི་སྤྲུལ་བའི་སྐྱེས་ཆེན་བྱང་ཆུབ་སེམས་དཔའ་ཆེན་པོ་སྦྲ་ལ་བཀའ་སྲུང་སྡོང་གྲོགས་ཆེན་པོ་དང་ལྡན་པ་རྣམས་བྱོན་པ་ནི། བོད་ཡུལ་དུ་སངས་རྒྱས་ཀྱི་བསྟན་པའི་སྙིང་བོ་རིན་པོ་ཆེ་རབ་ཏུ་གསལ་བར་མཛད་པ་པོ་ལྷོ་བྲག་མར་བ་ལོ་ཙཱ་བ་ཆེན་པོ་དང་། འདྲེ་དང་སྲིན་པོ་རྣམས་འདུལ་བར་མཛད་པ་སྒོམ་པ་མར་མེ་འོད་དང་། དུག་སྦྲུལ་རྣམས་འདུལ་བར་མཛད་པ་ལྷ་རྒོད་ངོར་སྐེ་ཞེས་པ་དང་། ཡང་སྲིན་པོ་རྣམས་འདུལ་བར་མཛད་པ་བུ་ཚང་གཙོ་བོ་ཡིན་པ་དང་། འཕན་གཡང་གཉིས་ཆར་དང་ལྡན་པ་ཨ་བོ་ཕང་དཀར་དང་། མདའ་ལ་འཕོང་སྐྱེན་པ་ཨ་གསོས་འཐེབ་དྲུག་དང་། ཕྱུག་གཡང་དང་ལྡན་པ་ཉིད་ཕ་ཚན་རྣམས་མཆོད་དགོས་གལ་ཆེ་ཞིང་། སྦྲ་རིགས་ཀྱི་དགྲ་བླ་སྦྲ་མོ་སྦྲ་ཁྲ་ཞེས་པ་བྱ་ཁྲ་གནམ་ལྕགས་འབར་བའི་མཆུ་སྡེར་ཅན་ནམ་མཁའི་དབྱིངས་ན་ལྡིང་ཞིང་གོང་སྲིང་ཉུལ་བ་དེ་རུས་ལྷ་དང་། ཡང་སྦྲ་ཡི་སྦྲ་ལྷ་མཚལ་བུ་སྨྲ་ཤེས་ཟེར་བ་སོགས་སྐྱེ་ལྷ་དང་། རུས་ལྷ་ནི་བཙན་རྗེ་ཨ་བསེ་ཆེན་པོ་དང་། བོད་ཀྱི་ཡུལ་ལྷའི་གཙོ་བོ་རྣམ་གསུམ་དང་། ཡར་ལྷ་ཤམ་པོ་སོགས་དང་། རྒྱལ་མོ་དམུ་རྡོ་སོགས་རང་རང་གི་ཡུལ་གྱི་གཞི་བདག་རྣམས་མཆོད་ན་སྔར་གྱི་འགོ་བའི་ལྷ་ཡིན་པས་ཤིན་ཏུ་སྙིང་ཉེ་བ་དཔེ་རྙིང་ལས་གསུངས་སོ། །
རུས་རྒྱུད་གཞན་པ་ཤེས་འདོད་ན་ལེའུ་རྗེས་མར་གཟིགས།
|