ཉེ་སྔོན། དབང་ཆེན་རྡོ་རྗེའི་བརྩམས་ཆོས《ཏུན་ཧོང་ཡིག་རྙིང་གི་མོ་ཡིག་སྐོར་ལ་དཔྱད་པ》ཞེས་པའི་དཔེ་ཆ་གསར་པ་འདི་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས་པ་དང་། འདིའི་ནང་ཏུན་ཧོང་མོ་ཡིག་གི་རིག་གནས་ཆ་ཇེ་ཚང་དང་རྣམ་པ་ཕུན་ཚོགས་སུ་བཏང་ཡོད།
ཏུན་ཧོང་མོ་ཡིག་ནི་བོད་བཙན་པོའི་དུས་ཀྱི་ཆབ་དཔལ་རིག་གསུམ་མཚོན་པའི་མེ་ལོང་ལྟ་བུ་ཞིག་ཡིན། དེ་བས་དཔྱད་རྩོམ་འདིའི་ལེའུ་དང་པོ་ནི། ཏུན་ཧོང་མོ་ཡིག་གི་ཤོག་དྲིལ་ངོ་སྤྲོད་དང་མོ་ཆས་མཚམས་སྦྱོར། ཞིབ་འཇུག་གི་གནས་ཚུལ་གཙོ་བྱས་ཏེ་བརྗོད་ཡོད། ལེའུ་གཉིས་པ་ནི་བོད་ཀྱི་མོའི་རིག་གནས་ཀྱི་བྱུང་བ་དང་འཕེལ་རིམ་སོགས་སྤྱི་བཤད་བྱས་ཏེ། ཏུན་ཧོང་མོ་ཡིག་གི་སོག་པའི་མོ་དང་བྱ་རོག་གི་སྐད་ལ་བརྟག་པའི་མོ། ཤོ་མོ། དོང་ཙེའི་མོ། ནང་ཆོས་དང་འབྲེལ་བའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་མོ་སོགས་རེ་རེ་བཞིན་ཞིབ་འཇུག་གི་དཔྱད་པ་བཏང་ཡོད། ལེའུ་གསུམ་པར་ཏུང་ཧོང་མོ་ཡིག་གི་རིན་ཐང་དང་ཁྱད་ཆོས་བརྗོད་པ་དང་། ཏུན་ཧོང་མོ་ཡིག་དང་རིག་གཞུང་གཞན་བར་གྱི་འབྲེལ་བ་རྣམས་གཙོ་བོར་བྱས་ཏེ་བརྗོད་པས། དཔྱད་རྩོམ་ཡོངས་ལེའུ་གསུམ་གྱིས་གྲུབ་པར་བྱས་ཏེ་ཏུན་ཧོང་མོ་ཡིག་རྣམས་ཕྱོགས་བསྡུས་དང་གསལ་བཤད་བྱས་ཡོད།
བོད་གནའ་བོའི་མོའི་རིག་གནས་ནི་དགོངས་གཞི་རྒྱ་ཆེ་ལ་རྣམ་པ་ཕུན་སུམ་ཚོགས་པ་ཞིག་ཡིན་པས། མིའི་རིགས་ཀྱི་ཤེས་རིག་གི་རིག་པའི་ཉིང་བཅུད་རྡོག་པོ་ཡང་ཡིན། དེ་བས་གནའ་བོའི་ཤེས་རིག་གི་རུམ་ཁོང་དྲོན་མོའི་དབུས་ན། དེ་སྔའི་མིའི་རིགས་ཀྱི་བསམ་བློའི་འདུ་ཤེས་དང་ཆོས་ལུགས་དད་མོས། སྤྱི་ཚོགས་འཚོ་བ། སྐད་དང་རིག་གནས་སོགས་ཉར་ཡོད་ཕྱིན། དེ་དག་རྣམས་ཞིབ་ཆའི་ངང་ཞིབ་འཇུག་དང་དཔྱད་པ་གཏོང་པར་ཤིན་ཏུ་ནས་ཀྱང་གལ་ཆེ་བས། ཏུན་ཧོང་མོ་ཡིག་གི་ཤེས་རིག་གཏོས་ཆེན་པོ་འདིའི་སྙིང་བོ་ཕུན་སུམ་ཇེ་ཚོགས་སུ་གཏོང་པར་ནུས་པ་གལ་ཆེན་ཐོན་ཡོད།
སྤེལ་དུས: 2013/9/9 |