མཁན་པོ་ནོར་བཟང་གི་དེབ་གསར་དབུ་འབྱེད་མཛད་སྒོ་
ཁྲིན་ཏུའུ་གྲོང་ཁྱེར་དུ་སྤེལ་བ།
堪布诺松的新书《无悔的人生》第一次发布会在
四川成都举行
KHENPO NORSANG BOOK LAUNCHNG CEREMONY IN
CHENGDU
2019.4.21
ཐོག་མར་མི་རབས་ཚང་གི་རྒན་གོ་འབྱེད་ཀྱིས་དེབ་གསར་དབུ་འབྱེད་ཀྱི་མདོ་འཛིན་གནང་སྟེ། དེབ་གསར་བློ་འགྱོད་མེད་པའི་མི་ཚེའི་བརྗོད་བྱའི་ངོས་ནས་དེབ་འདི་དགོན་སྡེ་དང་སློབ་གྲྭ་སྤྱི་ཚོགས་ཚང་མའི་ཀུན་སྤྱོད་དང་བསམ་བློ་ཡར་སྐུལ་གྱི་ཁྱད་ཆོས་ལྡན་པའི་དགོས་གལ་ཆེ་བའི་དེབ་ཅིག་ཡིན་ཚུལ་དང་། དེ་བས་ངའི་མི་རབས་ཚང་གིས་མཁན་པོ་ཁོང་གི་གསུང་འདི་ཟིན་བྲིས་སུ་ཕབ་ནས་དེབ་འདི་ལྟར་དཔར་བསྐྲུན་བྱེད་དགོས་པའི་དགོས་པ་རྒྱུ་མཚན་བཅས་གསལ་བཤད་གནང་ནས་སྐུ་མགྲོན་ངོ་སྤྲོད་དང་འབྲེལ་བའི་ཐོག་མཛད་རིམ་དག་རིམ་པར་མདོ་འཛིན་གནང་།
རྩོམ་པ་པོ་མཁན་པོ་ནོར་བཟང་མཆོག་གི་གསུང་དོན།
མཁས་དབང་རྣམ་པ་དང་དགེ་རྒན་རྣམ་པ་ཁེ་ལས་རྣམ་པས་གཙོའི་པའི་སྐུ་མགྲོན་ལྷན་རྒྱས་ལ་དགའ་བསུ་དང་གུས་འདུད་སྔོན་དུ་བཏང་ནས། ཁོང་གིས་༼བློ་འགྱོད་མེད་པའི་མི་ཚེ༽ཞེས་པའི་དཔེ་ཆ་འདི་དཔར་བསྐྲུན་དགོས་པའི་དམིགས་ཡུལ་ནི་ནུས་ཚོད་ཀྱིས་རང་གི་རིགས་ལ་སྲི་ཞུ་ཅུང་ཙམ་ཨེ་འགྲུབ་སྙམ་པའི་རེ་བ་ཡོད་ཚུལ་དང་། མཐར་དེབ་འདིའི་ཆེད་དུ་སྐུ་ཚེགས་དང་འོ་བརྒྱལ་ཆེན་པོ་གནང་མཁན་གྱི་ན་གཞོན་ཤེས་ཡོན་པའི་དཔུང་སྡེ༼ངའི་མི་རབས༽ཚང་གིས་གཙོས་པའི་དེབ་འདིར་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་གནང་མཁན་ཚང་མར་བཀའ་དྲིན་ཞུ་བ་བཅས་གསུང་བཤད་ཟབ་རྒྱས་གནང་།
ཧི་མ་ལའི་རིག་མཛོད་ཁང་གི་ཚོགས་གཞོན་པ་བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་རྨེ་གྲྭ་ཚེ་རིང་བསམ་འགྲུབ་ལགས་ཀྱི་གསུང་དོན།
དེབ་གསར་དབུ་འབྱེད་མཛད་སྒོ་སྤེལ་སྟངས་དང་འབྲེལ་དེབ་ལ་རིན་ཐང་གི་ལྟ་ཚུལ་གསུངས་པ་དང་། སྤྱིར་བཏང་དཔེ་ཆའི་རིགས་ལ་མི་ཆེ་ཆུང་ཀུན་ལ་དགོས་མཁོ་ཡོད་པའི་ཚྭ་ལྟ་བུ། དྲོ་བ་ཞིམ་རུང་མཇུག་འབྲས་ངན་པའི་ཁ་ཚ་ལྟ་བུ། ཚིག་དོན་གཉིས་ཀའི་ཆ་ནས་རྟོགས་པར་དཀའ་བའི་ལྕགས་གོང་ལྟ་བུ་གསུམ་ཡོད་པ་ལས་སྤྱི་ཚོགས་ཀྱི་འཚོ་བ་ལ་དངོས་སུ་འབྲེལ་བའི་ལན་ཚ་ལྟ་བུ་དཔེ་ཆའི་དགོས་གལ་ཆེ་ཚུལ་དང་། དེབ་གསར་བློ་འགྱོད་མེད་པའི་མི་ཚེ་འདི་ནི་དེ་དག་ལས་ཚྭ་ལྟ་བུའི་དེབ་དེ་ཡིན་ཚུལ་གྱི་གསུང་བཤད་ཟབ་རྒྱས་གནང་།
ལྷ་གཡག་སྤྱི་གཉེར་ཁང་གི་སྤྱི་གཉེར་པ་བོད་ཀྱི་ཁེ་ལས་རིག་པ་བ་རྒན་མི་འགྱུར་རྡོ་རྗེ་ལགས་ཀྱི་གསུང་དོན།
བློ་འགྱོད་མེད་པའི་མི་ཚེ་ཞེས་པའི་དེབ་ཀྱི་ཁ་བྱང་དང་འབྲེལ་ནས་གནའ་བོའི་གྷི་རི་སིའི་མཚན་ཉིད་རིག་པ་སོ་ཁི་ར་ཐེའི་དགོངས་དོན་དང་མཐུན་ཚུལ་གསུངས་པ་དང་།མ་ཟད་སྣ་མང་སྤྱི་ཚོགས་ཀྱི་འགྱུར་བ་དང་མཉམ་དུ་ང་ཚོའི་བློ་རྒྱ་ཡངས་པོའི་གུ་ཇེ་ཡངས་སུ་བཏང་སྟེ། བསམ་བློ་སྣ་ཚོགས་པའི་དེབ་འབྲི་དགོས་ཚུལ་དང་། དེབ་འདི་ཁ་བྱང་༼བློ་འགྱོད་མེད་པའི་མི་ཚེ༽ཞེས་པ་འདིས་ཁོང་ལ་བློ་སྐྱེད་གནང་ཚུལ་བཅས་གསུང་བཤད་ཟབ་རྒྱས་གནང་།
ཁམས་པའི་བརྙན་འཕྲིན་ཁང་གི་མདོ་འཛིན་པ་བོད་ཀྱི་གྲགས་ཅན་མི་སྣ་རྒན་བྱམས་པ་རྡོ་རྗེ་ལགས་ཀྱི་གསུང་དོན།
རྒན་ཁོང༼བློ་འགྱོད་མེད་པའི་མི་ཚེ་༽ཞེས་པའི་དེབ་ཀྱི་ཁ་བྱང་དེས་ཡིད་འཕྲོགས་སོང་ཚུལ་དང་། མ་གཞི་བོད་ཀྱི་རིག་གནས་ལ་སེམས་ཁམས་ལྷོད་དུ་གཏོང་བའི་ཁྱད་ཆོས་ལྡན་ཚུལ། ལྷག་ཏུ་དེབ་གསར་འདི་བོད་སྐད་གཙང་མས་བྲིས་པའི་ལེགས་བཤད་གྱ་ནོམ་པ་ཅན་ཞི་ཡིན་ཚུལ་དང་། མ་འོངས་པར་ང་ཚོའི་སྤྱི་ཚོགས་ལ་ཁ་ཕྱོགས་པའི་དེབ་སྤུས་ལེགས་རེ་དཔར་དུ་བསྐྲུན་པ་གལ་ཆེ་ཚུལ་སོགས་ཀྱི་སྐོར་ནས་གཏམ་བཤད་ཟབ་རྒྱས་གནང་།
སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོའི་རྒན་ཆེན་མོ་རྒན་དཀོན་མཆོག་བསྟན་འཛིན་མཆོག་གི་གསུང་དོན།
བློ་འགྱོད་མེད་པའི་ཚེ་ཟེར་བ་ནི། ཆོས་པ་ཞིག་ལ་མཚོན་ན་རྗེ་བཙུན་མི་ལའི་མི་ཚེ་དང་མཁས་པ་ཞིག་མཚོན་ན་འཇམ་མགོན་སཎ་གྱི་མི་ཚེ་ལྟ་བུ་ཡིན་ཚུལ་དང་། ད་ཐེངས་མཁན་ཁོང་གི་དེབ་༼བློ་འགྱོད་མེད་པའི་མི་ཚེ༽འདི་ཡང་གནའ་དེང་ཟུང་འབྲེལ་གྱི་སློབ་གསོའི་ཐབས་ཚུལ་ལ་བརྟེན་ནས་བློ་འགྱོད་མེེད་པའི་མི་ཚེ་ཞིག་ལེགས་འགྲུབ་ཡོང་བའི་ཐབས་ཚུལ་རེད་འདུག་ཅེས་པ་སོགས་གསུང་བཤད་གལ་ཆེན་གནང་།
ཁམས་པ་སློབ་ཆེན་གྱི་དགེ་རྒན་རྒན་རིག་འཛིན་བསྟན་སྲུང་མཆོག་གི་གསུང་དོན།
ད་སྐབས་ཀྱི་མི་ཚང་མའི་རེ་བ་ནི་མི་ཚེའི་རྨི་ལམ་མངོན་འགྱུར་ཡོང་དགོས་བཤད་ཀྱིན་ཡོད་པས། མཁན་པོ་ཁོང་གི་དེབ༼བློ་འགྱོད་མེད་པའི་མི་ཚེ༽འདི་ནི། མི་ཚེའི་རྨི་ལམ་མངོན་འགྱུར་ཡོང་བའི་ཐབས་ལམ་གལ་ཆེན་ཡིན་པས་དཔེ་ཆ་འདིའི་མ་འོངས་པའི་མཛད་འཕྲིན་ཕྱོགས་མཐར་ཁྱབ་པའི་རྟེན་འབྲེལ་སྨོན་ལམ་ཡོད་ཚུལ་བཅས་གསུངས།
བློ་འགྱོད་མེད་པའི་མི་ཚེའི་དེབ་རགས་ཙམ་བཀླགས་པའི་མྱོང་ཚོར།
ཁཱ་ཤེས་རབ་རྒྱ་མཚོ།
ཐོག་མར་འདིར་ཕེབས་པའི་གྲོགས་པོ་ཡོངས་ལ་འཚམ་འདྲི་བཀྲ་ཤིས་བདེ་ལེགས་དང་ལྷག་ཏུ་རྩོམ་པ་པོ་ཡུལ་ཤུལ་རྫ་རྫོགས་ཆེན་དགོན་པའི་མཁན་པོ་ནོར་བཟང་ལགས་ཀྱིས་བདག་ལ་བོང་བ་གསེར་གཟིགས་ཀྱི་ཚུལ་དུ་དེ་རིང་འདིར་ཆེད་དུ་གདན་འདྲེན་ཞུས་ཏེ་གོ་སྐབས་འདི་འདྲར་སྤྲད་པ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་དང་ཁོང་གི་བརྩམས་ཆོས་བློ་འགྱོད་མེད་པའི་མི་ཚེའི་དེབ་མི་ཡུལ་དུ་འཁྲུངས་པར་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུ་རྒྱུ་ཡིན།
དེ་དང་ཆབས་ཅིག་ཏུ་ང་རང་ཀློག་པ་པོ་ཕལ་བ་ཞིག་གིས་བློ་འགྱོད་མེད་པའི་མི་ཚེའི་དེབ་མདང་ནུབ་ཁ་པར་ནང་ནས་རགས་ཙམ་བཀླགས་པའི་མྱོང་ཚོར་ཐུང་ཐུང་ཞིག་བྲིས་པ་དེ་རིང་ཞུ་འདོད་བྱུང་།
གཅིག
སྤྱིར་ང་ཚོ་མི་སུ་ཡིན་ཡང་ཁྱོད་ཉིད་མི་ཚད་ལྡན་ཞིག་བྱེད་འདོད་ན། ངེས་པར་དུ་བབ་བརླིང་བརྟན་གསུམ་འཛོམས་པའི་མི་གཤིས་དང་བླང་དོར་རྣམ་པར་འབྱེད་པའི་ཤེས་རབ་གཉིས་འཛོམས་པ་ཞིག་བྱེད་དགོས་པ་ལས། གཤོག་པ་ཡ་གཅིག་གིས་ནམ་ཡང་ནམ་འཕང་གཅོད་མི་ནུས་གསུངས་པ་དང་། བྱ་བ་གང་ཞིག་བསྒྲུབས་ཀྱང་ཤི་ཁ་འགྱོད་པ་སྐྱེ་མི་དགོས་པའི་རྒྱུ་འབྲས་བློ་མིག་ཡོད་དགོས་གསུངས་པ་དེ་རྩོམ་པ་པོ་ཡུལ་ཤུལ་རྫ་རྫོགས་ཆེན་དགོན་པའི་མཁན་པོ་ནོར་བཟང་ལགས་ཁོང་གིས་བློ་འགྱོད་མེད་པའི་མི་ཚེའི་ནང་གི་བསྟན་བྱ་གཙོ་བོ་དེ་ཡིན་རྒྱུ་རེད་འདོད་ལ་དེབ་འདིའི་ཚབ་མཚོན་གྱི་སྡོམ་ཚིག་ལྟ་བུ་ལའང་མཐོང་ཡོད།
གཉིས།
དེབ་འདིར་བཀོད་པའི་གཏམ་བཤད་ཀྱི་ཟིན་བྲིས་ཚན་པ་བརྒྱད་དུ་བགོས་པ་ཡང་མཁན་པོ་ཁོང་གིས་འཁོར་བའི་འཁྲབ་གཞུང་མང་ཉུང་རན་པའི་ལེགས་བཤད་ཀྱི་རྩིས་ཐང་ཆེན་པོ་བརྒྱད་དུ་བགོས་པ་ཡང་རྟ་ལ་དཀྱུས་ས་སྟོན་པ་འདྲ་ཟེར་བའི་གཞུང་སྔ་མ་བརྩམས་སྟངས་ལྟ་བུ་ཡིན་ལ། ད་དུང་འགྲོ་བ་མིའི་སྐྱེ་རྒ་ན་འཆིའི་ཉམས་ལེན་ཤེས་རབ་ཀྱི་རྩལ་སྦྲུགས་ནས་ཉོན་མོངས་དང་སྒྱིད་ལུག་སོགས་ཀྱི་གཉེན་པོར་འགྲོ་ངེས་པའི་ཆ་ཕུན་སུམ་ཚོགས་པ་བཀྲ་ཤིས་རྟགས་བརྒྱད་ཀྱིས་སེམས་འདུན་ཁྱོར་བ་གང་མཚོན་པར་བྱས་པར་མ་ཟད་མི་སུ་ཡིན་ཡང་འདི་ཕྱི་བདེ་སྐྱིད་ཡོང་བར་རྟེན་འབྲེལ་བསྒྲིགས་པ་ཨེ་ཡིན་སྙམ་སོང་།
གཙོ་བོ་དེང་གི་དུས་སུ་མཐོང་དཀོན་པའི་མཁན་པོ་ཁོང་དང་དེབ་འདི་གཉིས་ར་འཕྲོད་པ་ཞིག་རེད་སྙམ་པ་དེ་ཡིན། ཁ་སང་དེ་རིང་འགན་མི་ཁུར་བའི་རྩོམ་པ་པོ་མང་དག་ཅིག་དང་རྩོམ་ཡིག་གཉིས་ངོ་འཕྲོད་རྒྱུ་ཧ་ཅང་ཁག་པོ་རེད། དེ་བས་དེབ་འདིའི་དོན་གྱི་ཟབ་ཚད་ཆ་གང་ལའང་འགན་ཁུར་ལྗིད་ཚད་ལྡན་ཞིང་དཔྱོད་པའི་བློ་མིག་ཡངས་པོ་རེད་འདོད་པ་ནི་ང་ལ་མཚོན་ན་སློབ་སྦྱོང་བྱ་ས་གཅིག་རེད།
ད་དུང་རྩོམ་ཡིག་གང་ཡིན་ཡང་ཡུལ་སྐད་ཕལ་བ་ཞིག་དང་དགའ་ཕྱོགས་རང་ག་བ་ཞིག་མ་ཡིན་པར་གནའ་དེང་ཕྱི་ནང་གི་ཞལ་གདམས་བསླབ་བྱ་ཐམས་ཅད་ཁྱབ་ཁོངས་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་ཁྱེར་ཏེ་རྩོམ་རིག་གསར་རྩོམ་དང་བོད་ཀྱི་ཆབ་དཔལ་རིག་གསུམ་ལས་འཕྲོས་ཏེ་མི་ཞིག་གིས་མི་ཚེ་ཞིག་དོན་ལྡན་ཡོང་བར་དཔྱད་བརྗོད་གྲུབ་འབྲས་སྔ་ན་མེད་པ་ཞིག་བླངས་ཡོད་པར་འདོད་པའི་ཆ་ནས་ཀློག་པ་པོ་རྒན་དར་གཞོན་གསུམ་ལ་ཟླ་འདི་འཛམ་གླིང་དཔེ་ཀློག་གི་དུས་ཆེན་ལ་ཁེལ་བས་དུས་ཆེན་བསུ་བའི་ལེགས་སྐྱེས་ཆེས་ཡག་ཤོས་ཤིག་རེད་འདོད།
གསུམ།
རྩོམ་ཡིག་ཚན་པ་བརྒྱད་ཀྱི་བདག་ཉིད་ཅན་འདིའི་གང་བཀླག་ན་དཔྱད་བརྗོད་ཀྱི་རྣལ་ཐོན་ཞིང་དབྱེ་ཞིབ་ཀྱི་མཐིལ་བརྟོལ་བ་རེད་འདུག་ལ། ལྷག་ཏུ་མཁན་པོ་ཁོང་གིས་ཐ་སྙད་ཙམ་སྦྱང་བ་མ་ཡིན་པར་ཆོས་དང་རིག་གཞུང་གི་དགེ་ཐོན་པའི་སློབ་གཉེར་གྱི་ལམ་ཁ་བརྒྱུད་པས་བརྩམས་ཆོས་གང་མང་གི་ནང་དུ་གཞུང་ལུགས་ཀྱི་ཁུངས་བཙུན་པའི་གཏན་ཚིགས་ཀྱི་ཚིག་རྣོ་བ་ཆུ་དང་འོ་མ་བཞིན་དུ་འདྲེས་ཤིང་། དགའ་ཕྱོགས་དང་ཞེན་ཁོག་ཙམ་གྱི་དབང་དུ་མ་སོང་བར་འགོ་ནས་མཇུག་བར་གྱི་བརྗོད་དོན་ཐམས་ཅད་སྐྱ་ཆད་སྔོ་སྡུག་གི་དུས་རབས་འདིའི་ང་ཚོར་ལེགས་པར་བཤད་པའི་སྤྱི་ནོར་དག་དག་ཡིན་པར་མ་ཟད། ས་སྟེང་ཀོ་བས་གཡོགས་མིན་ཡང་རང་ཉིད་ཀྱི་ལྷམ་མཐིལ་ཀོ་བས་གཡོགས་ན་ཕན་པའི་ལེགས་བཤད་བཞིན་དུ་མི་རྣམས་འཆམ་མཐུན་དང་ཞི་བདེ་ཡོང་དགོས་ན་ལེགས་བཤད་འདི་དག་ནི་ཕྱ་ར་གྲུ་འདེགས་སུ་སྨན་པའི་ཐབས་རྩལ་ཕུལ་དུ་ཕྱིན་པ་རེད་འདོད་པ་ནི་དེབ་འདིའི་སྤྱིའི་ཁྱད་ཆོས་ཤིག་རེད་འདོད།
བྱེ་བྲག་ཏུ་རྗོད་བྱེད་ཚིག་གི་ཆ་ནས་ཀྱང་དྲི་ཟའི་གདངས་བཞིན་མངོན་པར་མཉེས་གཤིན་དང་གསོན་ཉམས་ལྡན་པའི་སྐད་ཆའི་སྒྱུ་རྩལ་གྱིས་ཕྱུག་ཡོད་པ་ནི་ཤིན་ཏུ་ནས་ལེགས་པའི་ཁར། རབ་རྟོག་དང་གོ་དཀའ་བའི་བརྡ་རྙིང་སོགས་ཀྱིས་མ་སྤྲས་པ་ཡང་བོད་ཀྱི་དེང་རབས་སྙན་ངག་འབྲི་བཞེངས་དང་། སྐབས་འཕྲལ་གྱི་ཚོར་བ་ཅི་འདྲའི་སྨྲ་བསམ་བརྗོད་མེད་ཅིག་ཡིན་ནའང་དེ་བློས་བསླངས་བྱེད་སྟངས་ལ་ཐབས་རྩལ་ཇེ་མཛེས་ཇེ་ལེགས་སུ་བཏང་ཡོད་པར་འདོད་པ་དེ་རེད།
མདོར་ན་ཡིད་འོང་གཟུགས་ནི་གང་ཡིན་པ། དེ་ཉིད་གཞན་ལ་གཞན་དུ་སྣང་། ཞེས་པ་ལྟར། ཁྱེད་ཅག་ལ་འདི་ལས་ལྷག་པའི་ཚོར་བ་གཞན་མང་པོ་མང་པོ་ཞིག་སྟེར་ངེས་ཀྱང་འདི་ནི་ང་རང་ངོས་ཀྱི་བཀླགས་ཚོར་ཙམ་ལས་དེབ་འདིའི་བརྗོད་བྱ་རྗོད་བྱེད་ཐ་དག་བདག་ལྟ་བུས་བློས་འཆུན་པ་ཞིག་ལར་ནས་མ་ཡིན་ཚེ། དེབ་འདིའི་འཕྲིན་ལས་རླབས་པོ་ཆེ་བསྐལ་བ་མ་འཇིག་འཁོར་བ་མ་སྟོང་བར་དུ་རིང་ནས་རིང་དུ་བསྲིངས་ཡོད་པ་ནི་སྨྲོས་མ་དགོས་པ་ཡིན་ཙང་། རྩོམ་པ་པོ་ཁོང་གིས་ཀློག་པ་པོ་ཁྲི་སྟོང་ལ་བསམ་གཞིག་གི་བར་སྟོང་དང་དེབ་འདི་དགེ་བའི་ཚོགས་སུ་བསྔོས་པ་ལ་བཀའ་དྲིན་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་མང་བོ་བཤད་ན་དུས་ཚོད་འགོར་འགྲོ་བས་ཚང་མ་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན།
མཁན་པོ་ནོར་བཟང་གི་གཏམ་བཤད་ཟིན་དེབ་༼བློ་འགྱོད་མེད་པའི་མི་ཚེ། བློ་འགྱོད་མེད་པའི་མི་ཚེ།A life without regrets无悔的人生 ༽དབུ་འབྱེད་མཛད་སྒོ་ཁྲིའུ་ཏུའུ་གྲོང་ཁྱེར་དུ་སྤེལ། དེར་དངོས་སུ་མཉམ་ཞུགས་གནང་མཁན་ནི།ཧི་མ་ལ་ཡའི་རིགས་མཛོད་ཁང་གི་ཚོགས་གཞོན་པ་བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་རྨེ་གྲྭ་ཚེ་རིང་བསམ་གྲུབ་མཆོག་དང་། ཁམས་པ་བརྙན་འཕྲིན་ཁང་གི་མདོ་འཛིན་པ་བོད་ཀྱི་གྲགས་ཅན་མི་སྣ་རྒན་བྱམས་པ་རྡོ་རྗེ་མཆོག ལྷ་གཡག་སྤྱི་གཉེར་ཁང་གི་སྤྱི་གཉེར་པ་བོད་ཀྱི་ཁེ་ལས་རིགས་པ་བ་རྒན་མི་འགྱུར་རྡོ་རྗེ་མཆོག བཙན་པོ་མགར་གྱི་དྲྭ་བདག་ར་རྒྱའི་བཀའ་འགྱུར་ལས་ཁང་གི་མགོ་གཙོ་རྒན་པ་ཁཱ་ཤེས་རབ་རྒྱ་མཚོ་མཆོག སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོའི་རྒན་ཆེན་མོ་རྒན་དཀོན་མཆོག་བསྟན་འཛིན་མཆོག ཁམས་པ་སློབ་ཆེན་གྱི་དགེ་རྒན་རྒན་རིག་འཛིན་བསྟན་སྲུང་མཆོག ལི་ཐང་མཁན་པོ་རྒན་དབང་ལྡན། གཡུ་ཁོག་བླ་མ་རྒན་འཇམ་དབྱངས་བསོད་ནམས། གཅེས་ལོ་བོད་འགྱུར་ཚང་གི་ཚོགས་གཙོ་རྒན་པཎ་ཆེན་རྒྱལ། བོད་ཀྱི་བྲིན་རྩོམ་ཚང་གི་ཚོགས་གཙོ་རྒན་ལྷག་པ་དཀར། བསམ་པའི་དོན་འགྲུབ་བལ་དཀར་ཁ་དལ་ཚང་གི་ཚོགས་གཙོ་རྒན་བསམ་པའི་དོན་འགྲུབ།ངའི་མི་རབས་ཚང་རྒན་གོ་འབྱེད། ཆབ་མདོ་རྒན་འགྱུར་དབྱངས།ཡུལ་ཤུལ་རྒན་འཇམ་དཔལ་རྡོ་རྗེ། ཡུལ་ཤུལ་རྒན་ཚུལ་ཁྲིམས་བསྟན་འཛིན།ཁེ་ལས་པ་རྒན་བཀྲ་ཤིས། ཁེ་ལས་པ་རྒན་དཔའ་བློ་སོགས་ཀྱི་མཚོན་པའི་བོད་ཁུལ་གྱི་ས་ཆ་སོ་སོ་ནས་གྲགས་ཅན་མི་སྣ་གང་མང་ཕེབས་ཏེ་བགྲོ་གླེང་གནང་ཞིང་མཐར་རྩོམ་པ་པོས་དངོས་སུ་སྐུ་མགྲོན་དག་ལ་དྲི་མེད་ལྷ་དར་གྱི་སྣ་དྲངས་ནས་དེབ་གསར་བློ་འགྱོད་མེད་པའི་མི་ཚེ་རེ་རེ་ལེགས་སྐྱེས་ཕུལ་ཅིང་། དྲན་རྟེན་གྱི་ཚུལ་དུ་སྐུ་མགྲོན་ཚང་མ་མཉམ་པར་ཞིག་བླངས་ནས་བཀྲ་ཤིས་བདེ་ལེགས་ཀྱི་ངང་ནས་མཇུག་ལེགས་པར་གྲུབ།
རྫ་སྟོད་རྫོགས་ཆེན་དགོན་པའི་མཁན་པོ་ནོར་བཟང་གི་དེབ་གསར་བློ་འགྱོད་མེད་པའི་མི་ཚེའི་
དབུ་འབྱེད་མཛད་སྒོ་གཉིས་པ་ཟི་ལིང་གྲོང་ཁྱེར་དུ་སྤེལ་བ།
杂多佐青寺堪布诺松的新书(无悔的人生)第二次发布会将开在西宁市
KHENPO NORSANG BOOK LAUNCHNG CEREMONY IN XININ
2019.4.28
མཛད་རིམ་དང་པོ།
ཐེངས་འདིའི་ཚོགས་འདུའི་མགོ་འཛིན་པ། གཞུང་བརྒྱའི་བགྲོ་གླེང་ཚོགས་ཆེན་གྱི་སྤྱི་ཁྱབ་འགན་འཛིན་པ། མཚོ་སྔོན་སྲོང་བཙན་རིག་གནས་སྤྱི་གཉེར་ཁང་གི་སྦྱིན་བདག་སྐུ་ཞབས་སྤྲིན་གྱི་མེ་ཏོག་མཆོག་གིས།
བློ་དང་རིག་པའི་བར་གསེང་ནས། །
འགྱོད་པ་མེད་པའི་རང་སྒྲ་བསྒྲགས། །
མི་ཚེ་བླ་སྲོག་རྒྱུན་གསོ་བའི། །
ལེགས་བཤད་སྐྱེས་འདི་ཀུན་ལས་འཕགས། །
ཞེས་ཤིས་པ་བརྗོད་པའི་སྙན་ཚིག་མེ་ཏོག་དཀར་བོས་མདུན་བསུས་ཤིང་། དགེ་རྒན་ཆེན་མོ་དང་། སྙན་ངག་སྨྲ་བ། དཔྱོད་ལྡན་མཁས་པ་མང་པོ་གདན་གཅིག་ཏུ་འཛོམས་པ་ལ་ངས་ཐོག་མར་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན། དེ་རིང་གི་སྐབས་སུ་བབ་པའི་གཏམ་དང་། བརྗོད་བྱ་དོན་གྱི་སྙིང་པོ་ནི། མཁན་པོ་ནོར་བཟང་ལགས་ཀྱི་རྣམ་དཔྱོད་ཀྱི་རྩལ་དང་། བློ་གྲོས་ལས་ཐོན་པའི་ལེགས་བཤད་རྨད་དུ་བྱུང་བ་ཞིག་ཡིན་པར་མ་ཟད། སྤྱི་ཚོགས་ལ་དགོས་གལ་ཆེ་ཞིང་། ཡར་སྐུལ་དང་། དྲང་བདེན་གྱི་ལམ་ཁར་བསྐྱོད་པའི་ཁ་ཕྱོགས་གསར་བ་ཞིག་དང་། རང་གི་ཚེའི་ཉམས་མྱོང་གི་ཁྲོད་ནས་བདེན་པ་བཙལ་གང་ཐུབ་དང་། གནས་ལུགས་སྟོན་ཅི་ཐུབ་ཀྱིས་ཡ་རབས་སྤྱོད་བཟང་དང་། ཀུན་སྤྱོད་ཡར་སྐུལ་གྱི་ཁ་ཕྱོགས་སྟོན་པའི་བརྩམས་ཆོས་ཡག་ཤོས་ཤིག་སྟེ། ཡུལ་ཤུལ་རྫ་རྫོགས་ཆེན་དགོན་པའི་མཁན་པོ་ནོར་བཟང་ལགས་ཀྱི་གཏམ་བཤད་ཟིན་བྲིས་བློ་འགྱོད་མེད་པའི་མི་ཚེ་ཞེས་པའི་དཔེ་དེབ་འདིའི་འགྲེམ་སྤེལ་དབུ་འབྱེད་ཀྱི་མཛད་སྒོ་ཡིན་ལ། དཔེ་དེབ་འདི་ནི་མཁན་པོ་ཁོང་གིས་རིག་གནས་པའི་སྡེ་དང་། སློབ་གསོའི་སྡེ་ཁག བགྲོ་གླེང་ཆོས་ཚོགས་སོགས་སུ་སྤེལ་བའི་གཏམ་བཤད་རྣམས་ཟིན་བྲིས་སུ་ཕབས་ནས་དཔེ་དེབ་ཏུ་བཟོས་ཤིང་། དེ་རིང་མདོ་སྨད་ཤེས་རིག་གི་ལྟེ་བ། རླབས་ཆེན་གྱི་སྐྱེས་བུ་སྙིང་སྟོབས་ཅན་མང་པོ་འཁྲུངས་མྱོང་སའི་གནས་ཀྱི་མཆོག་གྱུར། གནའ་མཁར་ཟི་ལིང་གྲོང་ཁྱེར་གྱི་གླིང་གེ་སར་ཚང་ནས་འགྲེམ་སྤེལ་བྱེད་ཐུབ་པར་གཟི་བརྗིད་དང་དམིགས་བསལ་གྱི་རྟེན་འབྲེལ་ཁྱད་པར་བ་ཞིག་རེད། རིགས་པས་དཔྱད་ཅིང་ཕྱོགས་དང་ཟུར་མི་འདྲ་བ་ནས་བལྟས་ན། ཁོང་གི་དཔེ་དེབ་འདིར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྔ་ལྡན་གི་བསམ་ཡོད། གཅིག བརྗོད་བྱ་གང་ཞིག་དབུ་བཟུང་ནས་མཇུག་མ་སྒྲིལ་གྱི་བར་དུ་རྒྱབ་རྟེན་ཀྱི་ལུང་དང་། སྒྲུབ་བྱེད་ཀྱི་རིགས་པ། གསལ་བྱེད་ཀྱི་དཔེ་དང་བཅས་བ་འབྱོར་ཞིང་འཚམས་པ། གཉིས། ཡ་རབས་བཟང་སྤྱོད་དང་། གུ་ཡངས། བབ་ཆགས་ཀྱི་བརྟན་བརླིང་གི་སྒོ་ནས་སྔོན་ཐོན་དང་ཤེས་རིག་ལ་ཡར་སྐུལ་བྱེད་པ། གསུམ། ཆོས་ལུགས་པ་ཞིག་དང་བོད་མི་ཞིག་ཡིན་པའི་ཆ་ནས་རིགས་ཀྱི་བླ་སྲོག་མ་བོར་བ་དང་ཆོས་ལུགས་ཀྱི་བསམ་བློ་མ་བོར་བས་རང་ཚུགས་ཡོད་པ། བཞི། སློབ་གསོའི་རང་བཞིན་ལྡན་པ་དང་། ཁ་གསལ་ཞིང་གནད་ལ་ཁེལ་བ། ལྔ། སྤྱི་ཚོགས་ཀྱི་གནས་བབས་དང་འཛམ་གླིང་གི་འཕེལ་རྒྱས་སོགས། ཕྱོགས་དང་ཟུར་མི་འདྲ་བ་རེ་རེར་དབྱེ་ཞིབ་བྱས་ཏེ་གྲགས་ཅན་མཁས་པའི་གདམས་ངག་ལ་རྒྱབ་རྟེན་བཅོལ་ནས་དེང་རབས་འཕེལ་རྒྱས་ཀྱི་ལམ་ཁར་བསྐྱོད་པར་སྐུལ་བ་བཅས་ཁྱད་ཆོས་ལྔ་ལྡན་གྱི་དཔེ་དེབ་ཡག་ཤོས་ཤིག་ཏུ་མཇལ་བྱུང་།༽ཞེས་སོགས་གསུངས་ནས་འཚོགས་འདུའི་དབུ་བཟུང་།
མཛད་རིམ་གཉིས་པ།
སྐུ་ཞབས་ལྡོང་ནོར་སྡེ་མཆོག་དང་། མཁན་པོ་ནོར་བཟང་། ནགས་ཚང་ནུས་བློ། རྒན་འབྲུག་ལྷ་རྒྱལ། ཨ་སྨྱོན་བཀྲ་ཤིས་དོན་འགྲུབ། རྒན་གསང་བདག ཁྱུང་པོ་བསོད་ནམས་སྟོབས་རྒྱལ། རྒན་པདྨ་བསྟན་འཛིན། རྭ་བསྟན་པ་དར་རྒྱས། འཇུ་བཀྲ་ཤིས་བཟང་པོ། གླུ་པ་ཨ་བསམ། ནག་ཤོད་ཚུལ་ཁྲིམས་དཔལ་ལྡན་བཅས་ཀྱིས་དེབ་ཀྱི་ཡོལ་བ་ཕྱེས་ནས་དབུ་འབྱེད་ཀྱི་མཛད་སྒོ་སྤེལ།
མཛད་རིམ་གསུམ་པ།
དེབ་གསར་བློ་འགྱོད་མེད་པའི་མི་ཚེའི་རྩོམ་པ་པོ། སློབ་གསོ་བ་མྱི་རྨོངས་གྲོལ་ལམ་རྫ་སྟོད་རྫོགས་ཆེན་དགོན་པའི་མཁན་པོ་ནོར་བཟང་མཆོག་གིས་དེབ་གསར་གྱི་ནང་དོན་དང་འབྲེལ་བའི་སྐོར་ནས་གསུང་བཤད་གནང་།
ཐོག་མར་སྐུ་མགྲོན་དག་ལ་གུས་འདུད་བཀའ་དྲིན་ཞུས། རང་ཉིད་ཀྱིས་དེ་རིང་འདི་ལྟར་མཛད་སྒོ་སྤེལ་དོན་ནི་རང་གིས་མི་ཚེ་སློབ་སྦྱོང་གི་ཁྲོད་ནས་སྐྱེལ་ཡོང་བ་དང་ལྷག་ཏུ་ཉིས་སྟོང་དྲུག་གི་ལོ་ནས་ད་བར་དུ་གཞུང་ལུགས་ཀྱི་དཔེ་ཁྲིད་དང་སྤྱི་ཚོགས་ཀྱི་སློབ་གསོ་བྱས་པའི་ཉམས་མྱོང་། གཞུང་ཆེན་དག་གི་མཚོན་པའི་ང་ཚོ་བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་ཡ་ཧུ་དཱ་པས་མཚོན་པའི་མི་རིགས་གཞན་པའི་སློབ་གསོ་དང་གནའ་དེང་ཀྱི་རིག་གཞུང་གང་མང་དཔེ་ཀློག་དང་གོ་ཐོས་ཅུང་ཙམ་བྱེད་པའི་མྱོང་ཚོར་དང་འབྲེལ། རང་ཉིད་དགེ་ཕྲུག་དག་དང་དགོན་སྡེ་སོ་སོ་དང་སློབ་གྲྭ་ཆེ་ཆུང་ཡུལ་སྡེ་མི་མང་བཅས་ལ་རྣམ་ཀུན་ལྷག་བསམ་རྣམ་དག་གིས་སྐད་ཆ་རེ་ཞུ་བ་ནི་རང་ཉིད་དགའ་ཕྱོགས་དང་ལས་རིགས་ཡིན། དེ་བས་དཔེ་དེབ་འདི་ཡང་རང་ཉིད་ནམ་རྒྱུན་གྱི་སྐད་ཆ་དེ་དག་གི་ཁྲོད་ནས་སྐོར་ཞིག སྔར་བདག་དང་དགེ་སློབ་ཀྱི་འབྲེལ་བ་ཡོད་པའི་༼ངའི་མི་རབས༽་ཚང་ཟེར་བའི་ངེད་ཚོ་ཡུལ་ཤུལ་གྱི་ས་ཆ་ནས་ན་གཞོན་ཤེས་ཡོན་སྐོར་ཞིག་གིས་ཟིན་ཐོར་ཕབ་ནས་འདི་ལྟར་མཛད་པ་ཞིག་རེད། དཔེ་ཆ་འདི་གཙོ་བོ་མི་ཞིག་གི་མི་ཚེ་ལེགས་འགྲུབ་ཡོང་བའི་ཐབས་ཚུལ་དང་། བབ་བརླིང་བརྟན་གསུམ་འཛོམས་པའི་མི་གཤིས། བླང་དོར་རྣམ་པར་འབྱེད་པའི་ཤེས་རབ། ཤི་ཁ་འགྱོད་པ་སྐྱེ་མི་དགོས་པའི་རྒྱུ་འབྲས་བློ་མིག་སོགས་བརྗོད་གཞི་གཙོ་བོ་བྱས་ཡོད་ཚུལ་སྐོར་ནས་གསུང་ཟབ་རྒྱས་གནང་བར་མ་ཟད། མཐར་དངོས་སུ་ཕེབས་མཁན་གྱི་སྐུ་མགྲོན་དང་སྨོན་ཚིག་གནང་མཁན་གྱི་མཁས་དབང་རྣམ་པ་དང་ངའི་མི་རབས་ཚང་གི་མཚོན་པའི་བྱ་བ་འདི་ལ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་གནང་མཁན་ཚང་ལ་བཀའ་དྲིན་དང་གུས་འདུད་ཞུས་པ་སོགས་གསུང་བཤད་ཟབ་རྒྱས་གནང་།
མཛད་རིམ་བཞི་པ།
གལ་ཆེན་སྐུ་མགྲོན་རྣམ་པའི་ཁྲོད་ནས་མཁས་དབང་སྐོར་ཞིག་གིས་གསུང་བཤད་གནང་ཞིང་རྒྱལ་ཁབ་རིམ་པའི་སྤྱི་ཚོགས་ཚན་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་མི་སྣ་སྐུ་ཞབས་ལྡོང་ནོར་སྡེ་མཆོག་གིས།
དེ་རིང་མཁན་པོ་རིན་པོ་ཆེ་ནོར་བཟང་མཆོག་གི་དེབ་གསར༼བློ་འགྱོད་མེད་པའི་མི་ཚེའི༽་དབུ་འབྱེད་ལ་རྟེན་འབྲེལ་དང་གུས་འདུད་ཞུ་བ་དང་འབྲེལ། དེ་རིང་གི་ཐོག་མའི་ཚོར་བ་ལ། བློ་འགྱོད་མེད་པའི་མི་ཚེ་ཞེས་པའི་དཔེ་ཆ་འདི་ཆེས་ཤིན་ཏུ་རིན་ཐང་ལྡན་པའི་དཔེ་ཆ། ཆེས་ཤིན་ཏུ་ད་སྐབས་ཀྱི་ང་ཚོའི་སྤྱི་ཚོགས་ལ་དགོས་མཁོ་ཡོད་པའི་དཔེ་ཆ། མ་འོངས་པར་ང་ཚོའི་ངེས་པར་སློབ་སྦྱོང་བྱེད་དགོས་པའི་དཔེ་ཆ་ཞིག་རེད་འདུག་བསམ་པ་ཡིན། རྒྱུ་མཚན། མི་རིགས་གང་ཡིན་རུང་མི་སུ་ཡིན་ཡང་བློ་འགྱོད་མེད་པའི་མི་ཚེ་ཞིག་ལེགས་འགྲུབ་ཡོང་རྒྱུར་ཧ་ཅང་གལ་ཆེན་རེད། དེ་བས་དེབ་འདི་ལྟ་བུ་ནི། དགོས་པ་ཅན་གྱི་དེབ། ཉེ་བར་མཁོ་བའི་དེབ། ཕན་པ་ཅན་གྱི་དེབ་ཅིག་རེད་འདུག མདོར་ན་ང་ཚོས་དཔེ་ཆ་འདི་རང་ཉིད་ཀྱིས་སློབ་བྱེད་དགོས་པར་མ་ཟད། ང་ཚོ་བོད་པའི་ཁྱིམ་ཚང་རེ་རེ་དང་། གྲུ་ཟུར་རེ་རེ་ནས། དཔེར་ན། འཇུ་སྐལ་བཟང་གིས་ཁོང་གི་སློབ་མ་དག་ལ་ནགས་ཚང་ཞི་ལུའི་སྐྱིད་སྡུག་སློབ་སྦྱོང་བྱེད་བཅུག་པ་བཞིན་དུ། ང་ཚོས་ཡང་མི་རབས་རྗེས་མ་དག་ལ་བློ་འགྱོད་མེད་པའི་མི་ཚེ་འདི་སློབ་སྦྱོང་བྱེད་དུ་འཇུག་པ་ཡིན་ན་ཧ་ཅང་དགོས་པ་དང་རྒྱུ་མཚན་ཡོད་ཚུལ་བཅས་གསུང་བཤད་ཟབ་རྒྱས་གནང་།
ནག་ཚང་ཞི་ལུའི་སྐྱིད་སྡུག་རྩོམ་པ་པོ་རྒྱལ་སྤྱི་རང་བཞིན་གྱི་རྩོམ་པ་པོ་གྲགས་ཅན་རྒན་ནགས་ཚང་ནུས་བློ་ལགས་ཀྱིས།
མཁན་པོ་ཁོང་གི་དཔེ་ཆ་༼བློ་འགྱོད་མེད་པའི་མི་ཚེ༽འདི་ངས་ཕལ་ཆེར་ཆ་ཚང་བལྟས་པ་ཡིན། ཁོང་གི་དཔེ་ཆ་འདི་གཅིག་ནས་གོ་སླ་བ་དང་། གཉིས་ནས་ང་ཚོའི་སྤྱི་ཚོགས་དང་འབྲེལ་བ་ཡོད་པ། གསུམ་ནས་ཆོས་དང་འཇིག་རྟེན་གྱི་བྱ་བཞག་ཚང་མ་འདུས་པ་བཅས་རེད་འདུག་པས་ང་ཚོ་ལ་དགོས་མཁོ་ཧ་ཅང་ཆེ། དེ་བས་ང་ཚོ་བོད་ཀྱི་མཁས་རྣམ་པས་འདི་དང་འདི་ལྟ་བུ་གོ་བདེ་ཞིང་དགོས་མཁོ་ཡོད་པའི་དཔེ་ཆ་རེ་བརྩམས་ནས། བོད་ཡུལ་གྱི་ས་ཆ་སོ་སོ་ལ་སྤེལ་ཐུབ་པ་ཡིན་ན་ང་ཚོའི་ཤེས་ཡོན་དང་སློབ་གསོ་གོང་འཕེལ་ཡོང་བ་ལ་ཕན་ཐོགས་ཆེན་པོ་ཡོད་ཚུལ་བཅས་གསུང་བཤད་ཟབ་རྒྱས་གནང་།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༼སྦྲང་ཆར༽དུས་དེབ་ཀྱི་རྒྱུན་ལས་གཙོ་སྒྲིག་གཞོན་པ། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུང་རྩོམ་པ་གྲགས་ཅན་ཨ་སྨྱོན་བཀྲ་ཤིས་དོན་གྲུབ་མཆོག་གིས།
དེ་རིང་མཁན་པོ་ཁོང་གི་བློ་འགྱོད་མེད་པའི་མི་ཚེ་ཞེས་དེབ་འདི་དཔར་བསྐྲུན་མཛད་སྒོ་སྤེལ་བ་ལ་རྟེན་འབྲེལ་ཞུ་བ་དང་འབྲེལ་དེ་རིང་འདི་ལྟ་བུ་དགོན་སྡེའི་མཁན་པོ་དང་སློབ་གྲྭའི་དགེ་རྒན་སོགས་སྐྱ་སེར་མཁས་པ་མང་པོ་མཉམ་འཛོམས་བསམ་བློ་རྗེ་རེས་དང་མཐུན་སྒྲིལ་གྱི་ལམ་ཁ་ལ་ཆས་པ་འདི་ཧ་ཅང་དགོས་གལ་ཆེ་བ་དང་མཁན་པོ་ཁོང་གི་དེབ་གསར་བློ་འགྱོད་མེད་པའི་མི་ཚེ་འདི་ལ་ལྟ་ཀློག་དང་སློབ་སྦྱོང་བྱས་ནས་ང་ཚོས་ཁ་བདེན་པས་གཏམ་བཤད། ལག་བདེན་པས་ལས་སྒྲུབ་ནས། ཚང་མ་མཐུན་སྒྲིལ་གྱིས་བློ་འགྱོད་མེད་པའི་མི་ཚེ་ཞིག་ཡོང་ཐབས་ལ་འབད་པ་དགོས་ཚུལ་བཅས་གསུངས།
མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་རྒྱུན་ལས་ཁེ་ལས་པ་དང་གཏམ་བཤད་པ་གྲགས་ཅན་རྒན་པདྨ་བསྟན་འཛིན་མཆོག་གིས།
ད་ལྟའི་སྤྱི་ཚོགས་སུ་རིག་གནས་སློབ་གསོ་མ་གཏོགས་ཀུན་སྤྱོད་སློབ་གསོའི་ཚད་དམའ་བོ་རེད། དེ་རྒྱལ་ཡོངས་ནས་ཕམ་ཁ་ཡོད་པར་ངོས་ལེན་བྱས་འདུག སྤྱི་ཚོགས་ཀྱི་མི་གཞིའི་སློབ་གསོ་ལ་གཙོར་ཆེན་དུ་བཟུང་བའི་དེབ་གསར༼བློ་འགྱོད་མེད་པའི་མི་ཚེ༽འདི་ང་ཚོའི་ཁོར་ཡུག་དང་སྤྱི་ཚོགས་ལ་དགོས་གར་ཤིན་ཏུ་ཆེ་བའི་དེབ་ཅིག་རེད། ལོ་ན་རྒན་གཞོན་སུས་བལྟས་ན་ཡང་གོ་བདེ་བའི་དེབ་འདི་སྤྱི་ཚོགས་སུ་འགྲེམ་སྤེལ་མཛད་པ་བཀའ་དྲིན་ཆེ་ཚུལ་སོགས་གཏམ་བཤད་ཟབ་རྒྱས་གནང་།
གཉན་པོ་གཡུ་རྩེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་གསར་འཛུགས་པ་དང་། བོད་ཁམས་ཀྱི་འདབ་ཆགས་ལྟ་ཞིབ་པ༼བྱ་རྫི།༽ འཇུ་བཀྲ་ཤིས་བཟང་པོ་མཆོག་གིས།
མི་ཞིག་ཡིན་ན་བློ་འགྱོད་མེད་པའི་མི་ཚེ་ཞིག་སྐྱེལ་རྒྱུ་ངོ་མ་གཙོར་ཆེན་རེད། ཡིན་ན་ཡང་ཇི་ལྟར་བྱས་ན་བློ་འགྱོད་མེད་པའི་མི་ཚེ་ཞིག་ཡོང་བ་ངས་གསར་པོ་ཤེས་ཀྱིན་མེད། དེབ་འདི་ཡི་ཁ་བྱང་རིག་མ་ཐག་དེབ་འདི་ཀློག་འདོད་ཧ་ཅང་ཆེ་སོང་། ངའི་རེ་བར་དེབ་འདི་བཀླགས་ནས་མ་འོངས་པར་བློ་འགྱོད་མེད་པའི་མི་ཚེ་ཞིག་ཇི་ལྟར་བྱ་ཚུལ་གྱི་སྡོམ་ཚིག་ཞིག་རྙེད་པར་རེ་བ་ཤིན་ཏུ་ཆེ་བཅས་གསུང་བཤད་ཟབ་རྒྱས་གནང་།
བསང་ཆུ་རྫོང་གཙང་གསུམ་འགོ་ཁུངས་བསྟན་པ་དར་རྒྱས་འཁེལ་འཐག་བཟོ་གྲྭ་དང་རྨ་ཆུའི་ལམ་དཀར་པོ་འཁེལ་འཐག་བཟོ་གྲྭ་ད་དུང་གཅན་ཚ་རྫོང་གཙང་གསུམ་འགོ་ཁུངས་བསྟན་པ་དར་རྒྱས་འཁེལ་འཐག་བཟོ་གྲྭ་བཅས་ཀྱི་སྤྱི་ཁྱབ་འགན་འཛིན་པ་དང་བོད་ཡུལ་དུ་བལ་དཀར་ཁ་བཏགས་གསར་གཏོད་པ་རྭ་བསྟན་ལ་དར་རྒྱས་མཆོག་གིས།
ངས་དེབ་འདིའི་ཁ་བྱང་མཐོང་དུས་ངོ་མ་དེབ་འདི་ལ་སློབ་འདོད་ཧ་ཅང་ཆེ་སོང་། དེ་བས་ང་ཡོང་བ་ཡིན། ངས་དེ་རིང་ངའི་ཁལ་འཐག་བཟོ་གྲྭའི་ལས་བཟོ་བ་གཉིས་ཁྲིད་ནས་ཡོང་བ་ཡིན། ང་བོད་རང་གི་ཁྱད་ཆོས་ལྡན་པའི་ཐོན་རྫས་ལས་རྒྱུར་དགའ་མོས་ཆེན་པོ་ཡོད། དེ་བས་བོད་ཀྱི་རིག་གནས། བོད་ཀྱི་ཆོས་ལུགས། བོད་ཀྱི་རིན་ཐང་ལྟ་བ་བཅས་ལ་ཞིབ་འཇུག་དང་སློབ་སྦྱོང་དུ་ཡོང་བ་ཡིན། ལྷག་ཏུ་དེ་རིང་མིང་དུ་གྲགས་པའི་རྒན་ནགས་ཚང་ནུས་བློ་གཙོས་པའི་བོད་ཀྱི་ཤེས་ཡོན་པའི་མི་སྣ་འདི་འདྲ་མང་པོ་མཇལ་འཛོམས་གྱི་གོ་སྐབས་ཐོབ་པ་ནི། མཁན་རིན་པོ་ཆེའི་བཀའ་དྲིན་རེད། མཁན་རིན་པོ་ཆེ་ལ་བཀའ་དྲིན་ཆེ་ཞུ། མ་འོངས་པར་ང་དང་ངའི་བཟོ་གྲྭ་ཁང་གིས་༼བློ་འགྱོད་མེད་པའི་མི་ཚེ།༽ཞེས་པའི་དེབ་འདི་ངོ་མ་སློབ་སྦྱོང་བྱ་རྒྱུ་ཡིན། བཅས་གསུང་བཤད་ཟབ་རྒྱས་གནང་།
ཡུལ་ཤུལ་ལས་རིགས་སློབ་གྲྭའི་དགེ་རྒན་འབུམ་རམས་པ་༼ཁྱུང་པོ་གངས་རྩེན༽ཁྱུང་པོ་བསོད་ནམས་སྟོབས་རྒྱལ་མཆོག་གིས།
བློ་འགྱོད་མེད་པའི་མི་ཚེ་ཞེས་པའི་ཁ་བྱང་འདི་ལ་ཧ་ཅང་དགའ་པོ་སྐྱེས་སོང་། ང་ཚོ་མཐོ་རིམ་སྲོག་ཆགས་ཤིག་ཡིན་པའི་ངོས་ནས་མི་ཚེ་བློ་འགྱོད་མེད་པར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་བོད་པ་ལ་ཕུགས་བསམ་ཡོད་མཁན་མང་ཡང་ཕུགས་བསམ་མངོན་འགྱུར་གྱི་བཀའ་ངལ་བརྒྱུད་ཐུབ་མཁན་ཤིན་ཏུ་ཉུང་བ་དང་། ང་ཚོ་སྨོན་ལམ་ཙམ་གྱིས་ཆོག་པར་བྱེད་པ་ལས་དོན་དངོས་ལས་ལ་བརྩོན་མཁན་ཧ་ཅང་ཉུང་། མཁན་པོ་ཁོང་ཚང་གིས་དེབ་འདི་ལྟ་བུ་དཔར་བསྐྲུན་ཐུབ་པའང་བློ་འགྱོད་མེད་པའི་མི་ཚེ་ཞིག་ཡིན་པ་རེད། དེ་བས་བློ་འགྱོད་མེད་པའི་མི་ཚེ་ཞེས་པའི་དེབ་འདི་སྤེལ་བ་ནས་བོད་པ་ཚང་གི་མི་མང་པོ་བློ་འགྱོད་མེད་པའི་མི་ཚེ་རེ་མངོན་དུ་གྱུར་ཐུབ་པའི་རེ་བ་ཡོད་ཚུལ་བཅས་གསུང་བཤད་ཟབ་རྒྱས་གནང་།
མཛད་རིམ་ལྔ་པ།
ཚོགས་འདུ་མདོ་འཛིན་པས། དེབ་གསར་འདི་ནི། མཁན་རིན་པོ་ཆེ་ཁོང་གིས་ཡ་རབས་དང་དྲང་བདེན་ཀྱི་སྐོར་ལ་གུས་བཀུར་ཆེན་པོས་ཟུར་དུ་མ་ནས་དབྱེ་ཞིབ་བྱས་པའི་མི་ཚེའི་ཉམས་མྱོང་གི་སྡོམ་ཚིག་དང་། སྐད་ཆ་དག་གུ་ཡངས་མོ་དང་བབས་ཆགས་པོ། གནའ་རབས་དང་དེང་རབས་ཟུང་དུ་འབྲེལ་བ་གོང་ཞུས་ཀྱི་ཁྱད་ཆོས་ལྔ་ལྡན་ཡིན་པར་མ་ཟད། མཁན་པོ་ཁོང་ཆོས་ལུགས་པ་ཞིག་དང་བོད་མི་ཞིག་ཡིན་པའི་ངོས་ནས་རིགས་ཀྱི་བླ་སྲོག་མ་བོར་བ་དང། ཆོས་ཀྱོ་བསམ་བློ་མ་བོར་བའི་རང་ཚུགས་ཡོད་པ། གནའ་དེང་གཉིས་ཀ་དབུ་མའི་ལམ་ནས་མཐའ་གཉིས་སུ་མ་ལྷུང་བ་འདི་བལྟས་ན། ཁོང་ནི་མཁས་པ་རང་ཚུགས་ཅན་ཞིག་རེད། དཔེ་ཆ་འདི་ཡང་སློབ་གསོའི་རང་བཞིན་ལྡན་པ། ཁ་གསལ་ཞིང་གནད་ལ་ཁེལ་བ། འཛམ་གླིང་རང་བཞིན་ལ་ཁ་ཕྱོགས་པ་བཅས་ཀྱི་ཁྱད་ཆོས་ལྡན་ཚུལ་གསུངས་ནས། མཐར་མཁན་པོ་ཁོང་གི་འཆད་རྩོད་རྩོམ་གསུམ་གྱི་མཛད་པ་སྔར་ལས་རྒྱས་པའི་བཀྲ་ཤིས་སྨོན་འདུན་ཞུས་པ་དང་། གདན་ཞུའི་སྐུ་མགྲོན་དག་ལྷན་དུ་རྗེས་དྲན་གྱི་པར་སྒྲོན་པ་བཅས་ཀྱིས་འཚོགས་འདུའི་མཇུག་ལེགས་གྲོལ་བྱུང་།
མཁན་པོ་ནོར་བཟང་གི་དེབ་གསར༼བློ་འགྱོད་མེད་པའི་མི་ཚེ།༽(无悔的人生)དབུ་འབྱེད་མཛད་སྒོ་གཉིས་པ་ཟི་ལིང་གྲོང་ཁྱེར་དུ་སྤེལ།
སྐུ་མགྲོན་གཙོ་བོ།
རྒྱལ་ཁབ་རིམ་པའི་སྤྱི་ཚོགས་ཚན་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་མི་སྣ་རྩོམ་པོ་གྲགས་ཅན་རྒན་ལྡོང་ནོར་སྡེ། ནགས་ཚང་ཞི་ལུའི་སྐྱིད་སྡུག་རྩོམ་པ་པོ་རྒྱལ་སྤྱི་རང་བཞིན་གྱི་རྩོམ་པ་པོ་གྲགས་ཅན་རྒན་ནགས་ཚང་ནུས་བློ། མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་རྒྱུན་ལས་ཚོགས་གཙོ་གཞོན་པ་ཁེ་ལས་པ་དང་གཏམ་བཤད་པ་གྲགས་ཅན་རྒན་པདྨ་བསྟན་འཛིན། གཉན་པོ་གཡུ་རྩེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་གསར་འཛུགས་པ་དང་། བོད་ཁམས་ཀྱི་འདབ་ཆགས་ལྟ་ཞིབ་པ༼བྱ་རྫི༽འཇུ་བཀྲ་ཤིས་བཟང་པོ། མཚོ་སྔོན་རྒྱག་སྒྲོག་བརྙན་འཕྲིན་ཁང་གི་བརྙན་སྒྲོན་པ་གྲགས་ཅན་དང་སྙན་ངག་པ་གྲགས་ཅན་རྒན་འབྲུག་ལྷ་རྒྱལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༼སྦྲང་ཆར༽དུས་དེབ་ཀྱི་རྒྱུན་ལས་གཙོ་སྒྲིག་གཞོན་པ། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུང་རྩོམ་པ་གྲགས་ཅན་ཨ་སྨྱོན་བཀྲ་ཤིས་དོན་འགྲུབ་མཆོག མཚོ་སྔོན་བརྙན་འཕྲིན་ཁང་དང་ཨ་མདོ་བརྙན་འཕྲིན་ཁང་བརྙན་སྒྲོན་པ་དང་དབྱངས་རྩོམ་པ་པོ་གྲགས་ཅན་རྒན་གསང་བདག རྫ་རྫོགས་ཆེན་དགོན་པའི་རྒན་པདྨ་རབས་བཟང་། རྫ་རྫོགས་ཆེན་དགོན་པའི་རྒན་ཐུབ་སྙན། བསང་ཆུ་རྫོང་གཙང་གསུམ་འགོ་ཁུངས་བསྟན་པ་དར་རྒྱས་འཁེལ་འཐག་བཟོ་གྲྭ་དང་རྨ་ཆུའི་ལམ་དཀར་པོ་འཁེལ་འཐག་བཟོ་གྲྭ་ད་དུང་གཅན་ཚ་རྫོང་གཙང་གསུམ་འགོ་ཁུངས་བསྟན་པ་དར་རྒྱས་འཁེལ་འཐག་བཟོ་གྲྭ་བཅས་ཀྱི་སྤྱི་ཁྱབ་འགན་འཛིན་པ་དང་བོད་ཡུལ་དུ་བལ་དཀར་ཁ་བཏགས་གསར་གཏོད་པ་རྭ་བསྟན་པ་དར་རྒྱས་མཆོག ཡུལ་ཤུལ་ལས་རིགས་སློབ་གྲྭའི་དགེ་རྒན་འབུམ་རམས་པ་༼གངས་རྩེན༽ཁྱུང་པོ་བསོད་ནམས་སྟོབས་རྒྱལ། ངའི་མི་རབས་ཚང་གི་རྐང་འཛིན་རྩོམ་པ་པོ་སྙན་ངག་པ་གོ་འབྱེད། ཡུལ་ཤུལ་ཁྲི་འདུ་སློབ་འབྲིང་གི་དགེ་རྒན་རྩོམ་པ་གྲགས་ཅན་ཚུལ་ཁྲིམས་དཔལ་ལྡན། གཞུང་བརྒྱའི་བགྲོ་གླེང་ཚོགས་ཆེན་གྱི་སྤྱི་ཁྱབ་འགན་འཛིན་པ། མཚོ་སྔོན་སྲོང་བཙན་རིག་གནས་སྤྱི་གཉེར་ཁང་གི་སྦྱིན་བདག་སྤྲིན་གྱི་མེ་ཏོག གེ་སར་བརྗོད་དོན་བོད་ཟས་གསོལ་ཚིགས་གླིང་གི་སྤྱི་གཉེར་བ་དང་གླུ་པ་གྲགས་ཅན་ཨ་བསམ། བོད་ཀྱི་ལོ་ཙྭ་བ་དང་འབུམ་རམས་པ་རྒན་ལྕགས་མོ་མཚོ་ལགས། གློག་བརྙན་༼ཐར་ལོ༽དང་༼རྨི་ལམ་༽སོགས་ཀྱི་བརྙན་ལེན་པ། གཙུག་གཡུའི་ཚོང་རྟགས་གསར་འཛུགས་མཁན་བཀྲ་ཤིས་ཟླ་བ། མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟད་དཔྱད་ཁང་བོད་སྐད་གནམ་གཤིས་སྔོན་བརྡའི་ལེ་ཚན་གྱི་མདོ་འཛིན་པ་བདེ་དགའ། མཚོ་སྔོན་སམ་བྷོ་ཊ་བཟོ་ཚོང་ཚད་ཡོད་སྤྱི་གཉེར་ཁང་གི་འགན་འཛིན་ཁེ་ལས་པ་དཔའ་ཐར་སོགས་ཀྱིས་མཚོན་པའི་གུས་པར་འོས་པའི་མཁས་དབང་དགེ་རྒན་ཁེ་ལས་པ་དང་འཇོན་མི་མང་པོ་སྐུ་ཚིགས་དང་འོ་འརྒྱལ་ལ་མ་འཛེམས་པར་མཉམ་ཞུགས་གནང་བར་མ་ཟད། ཁོང་གི་དེབ་གསར་ལ་གདེང་འཇོག་དང་བསྟོད་བསྔགས་ཆེན་པོ་གནང་ཡོད་འདུག
堪布诺松的新书《无悔的人生》第二次发布会在西宁举行
主要嘉宾有著名学者国家级社会科学家、青海省人民政府文史研究中心的作家东•诺德;《 闹村西旅甘苦》著名国际性大作家闹丛孥洛;青海省商业促进会常务副会长、企业家,著名发言人白玛旦增;组建聂布玉孜生态环保团队, 藏地观鸟师 久扎西松宝;青海广播电视台著名影星、著名诗人周拉加;青海民族出版社《章恰尔》杂志常务副主编 青海省作家协会副主席、著名说唱家阿隆·扎西顿珠;青海电视台、安多电视台、影星、著名广播员,编乐师 , 松达老师,夏河县三江源丹巴达杰纺纱厂、黄河白路纺织厂还有尖扎县三江源丹巴达杰纺纱厂;在西藏地区,白毛哈达创始人拉丹旦达纺织厂的总经理丹巴达杰老师;玉树职校教师、博士(岗孜)琼薄·索朗顿珠;我的世代的骨干人物 作家诗人 郭吉;玉树称多县中学著名教师、教师次成巴旦;百官论坛大会总经理;青海松赞文化总公司老板 珍吉美多;格萨尔·主题藏餐园的总裁、著名歌手阿桑;藏族翻译师、甲木措博士;电影《塔洛》和《梦》 元玉品牌创建吉祥月 青海省气象实验室藏语气象预报节目主持人德甘;以青海圣德布扎工商有限公司主任企业家巴特等为代表的尊敬的学者及其老师、能人等不辞辛苦地参与。 对我的评价和拥戴表示衷心的感谢。 以及对本次工程的所有支持者的老师和朋友们表示感谢。
|