ཏུན་ཧོང་ཞེས་པའི་བྲག་ཕུག་ངོ་སྤྲོད།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 12 ཚེས 24 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ལོ་རྒྱུས།» སྤྱི་ཚོགས་ལོ་རྒྱུས། »ཏུན་ཧོང་ཞེས་པའི་བྲག་ཕུག་ངོ་སྤྲོད།
ཏུན་ཧོང་ཞེས་པའི་བྲག་ཕུག་ངོ་སྤྲོད།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/8/2ལྟ་ཀློག (33886)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ལོ་རྒྱུས་ཐོག་གི་ཏུན་ཧོང་ཞེས་པའི་བྲག་ཕུག་ངོ་སྤྲོད།

       ཏུན་ཧོང་ཞེས་པའི་ཐ་སྙད་དེ་ནི་རྒྱལ་ཁབ་ཕྱིའི་མཁས་པ་ཁ་ཅིག་གིས་བོད་སྐད་ཡིན་པར་བཤད་དེ། རྒྱུ་མཚན་ཏུན་ཧོང་རྒྱུད་དུ་དེ་སྔ་བོད་གཏོགས་ཚོ་སྡེ་ཁག་ཅིག་གནས་བཅས་ཏེ་འཚོ་བ་རོལ་ཞིང་། ཁོ་ཚོས་བོས་པའི་བརྡ་འགྱུར་བ་ལས་ཏུན་ཧོང་ཞེས་པ་བྱུང་བར་འདོད། འོན་ཀྱང་བོད་སྐད་ཀྱི་བརྡ་གང་ཞིག་ཡིན་ཚུལ་ཐད་ལྟ་ཚུལ་མི་མཚུངས་ཏེ། ལ་ལས “འདུ་ཁང” ཞེས་པ་ཨ་མདོ་བའི་སྐད་དུ “འདུ་ཧོང” ཞེས་འབོད་པ་རྒྱུ་མཚན་དུ་བྱས་ཏེ་དེའི་སྐད་དོད་ཡིན་པར་བརྗོད་པ་དང་། ལ་ལས་ཕུག་པ་མང་བོར་སངས་རྒྱས་ཀྱི་སྐུ་བརྙན་གྲངས་མེད་བཞུགས་པའི་རྐྱེན་གྱིས “སྟོང་སྐུ” ཞེས་མིང་བཏགས་པ་རྒྱ་མིས་ཏུན་ཧོང་ཞེས་སྒྲ་སྒྱུར་བྱས་པ་ལས་བྱུང་བར་སྨྲ་ལ། རེ་འགས་བོད་སྐད་ཀྱི “སྟོང་དཔོན” བྱ་བའི་མིང་རྒྱ་འགྱུར་བྱུང་བར་ཡང་བཤད། གང་ལྟར་ཀྱང་། ཏུན་ཧོང་ཞེས་པ་རྒྱའི་སྐད་ཅིག་མིན་པར་སྙམ་མོ། །

གཅིག  ཏུན་ཧོང་ཞེས་པའི་ཐ་སྙད་ལ་གོ་བ་ལེན་ཚུལ།

དེ་ལ་རྒྱལ་ཁབ་ཕྱིའི་མཁས་པ་ཁ་ཅིག་གི་ལྟ་བར་ཏུན་ཧོང་བྱ་བ་བོད་སྐད་ཡིན་པར་བཤད་དེ། རྒྱུ་མཚན་ཏུན་ཧོང་རྒྱུད་དུ་དེ་སྔ་བོད་གཏོགས་ཚོ་སྡེ་ཁག་ཅིག་གནས་བཅས་ཏེ་འཚོ་བ་རོལ་ཞིང་། ཁོ་ཚོས་བོས་པའི་བརྡ་འགྱུར་བ་ལས་ཏུན་ཧོང་ཞེས་པ་བྱུང་བར་འདོད། འོན་ཀྱང་བོད་སྐད་ཀྱི་བརྡ་གང་ཞིག་ཡིན་ཚུལ་ཐད་ལྟ་ཚུལ་མི་མཚུངས་ཏེ། ལ་ལས “འདུ་ཁང” ཞེས་པ་ཨ་མདོ་བའི་སྐད་དུ “འདུ་ཧོང” ཞེས་འབོད་པ་རྒྱུ་མཚན་དུ་བྱས་ཏེ་དེའི་སྐད་དོད་ཡིན་པར་བརྗོད་པ་དང་། ལ་ལས་ཕུག་པ་མང་བོར་སངས་རྒྱས་ཀྱི་སྐུ་བརྙན་གྲངས་མེད་བཞུགས་པའི་རྐྱེན་གྱིས “སྟོང་སྐུ” ཞེས་མིང་བཏགས་པ་རྒྱ་མིས་ཏུན་ཧོང་ཞེས་སྒྲ་སྒྱུར་བྱས་པ་ལས་བྱུང་བར་སྨྲ་ལ། རེ་འགས་བོད་སྐད་ཀྱི “སྟོང་དཔོན” བྱ་བའི་མིང་རྒྱ་འགྱུར་བྱུང་བར་ཡང་བཤད། གང་ལྟར་ཀྱང་། ཁོ་བོའི་འདོད་པར་ཏུན་ཧོང་ཞེས་པ་རྒྱའི་སྐད་ཅིག་མིན་པར་སྙམ་མོ། །

གཉིས། ཏུན་ཧོང་གི་ལོ་རྒྱུས།

ཏུན་ཧོང་ལ་ལོ་རྒྱུས་ཧ་ཅང་རིང་བོ་ཞིག་ཡོད་དེ། ཡར་ཧན་གུར་གྱི་དུས་སུ་འདེད་ཐུབ། ཧན་གུར་ཤར་མའི་དུས་མཇུག་ཏུ། ཧན་གུར་ནང་ཁུལ་དུ་སྡེ་གཟར་བྱུང་སྟེ་མཐའི་ཡུལ་གྲུ་ཁག་ལ་བདག་དམ་བྱེད་པའི་ནུས་པ་ཤོར། ཤར་ནུབ་འགྲུལ་ལམ་གྱི་འགག་སྒོར་གནས་པའི་ཏུན་ཧོང་ལྟ་བུར་མཚོན་ནའང་། ལོ་ངོ་ཉི་ཤུ་ལྷག་ལ་ཧན་གུར་གྱི་ས་སྲུང་དཔོན་སྣ(太守)མེད་པ་ཆགས་ནས་ས་གནས་ཁྱིམ་རྒྱུད་ཆེ་ཁག་གིས་རང་འདོད་ཀྱིས་སྒེར་ས་བཟུང་ཞིང་། ཤར་ནུབ་ཀྱི་ཚོང་འགྲུལ་ལ་དར་ཅིག་རིང་གནོད་སྐྱོན་ཐེབས། སྤྱི་ལོ227ལོ་ནས་སྤྱི་ལོ233ལོའི་བར། ཚང་ཚི(仓慈)བྱ་བས་ཏུན་ཧོང་གི་ས་སྲུང་དཔོན་སྣའི་འགན་འཁུར་ཏེ་ས་གནས་ཁྱིམ་རྒྱུད་ཆེ་ཁག་གི་དབང་ཆར་ཚོད་འཛིན་བྱས་པས། ཏུན་ཧོང་དེ་ཤར་ནུབ་ཚོང་ལམ་གྱི་རྒྱལ་སྤྱིའི་ཚོང་ཁྲོམ་གལ་ཆེན་ཞིག་ཏུ་ཆགས། ཝེ་དང་ཅིན། རྒྱལ་རབས་ལྷོ་བྱང་བཅས་ཀྱི་དུས་སུ། རྒྱ་ནག་ནང་ཁུལ་དུ་འཁྲུག་རྩོད་ཆེན་པོ་བྱུང་ཞིང་། རུས་རྒྱུད་ཆེ་གྲས་དང་རིག་གནས་ཡོད་པའི་སྐྱེས་བུ་ཆེན་པོ་མང་བོ་ཞིག་སྔ་གཞུག་ཏུ་རྨ་ནུབ་ས་ཆར་ཡུལ་བྱོལ་དུ་འོངས་ལ། དེས་རྨ་ནུབ་འགྲུལ་ལམ་གྱི་རིག་གནས་ལ་སྔ་ན་མེད་པའི་འཕེལ་རྒྱས་འབྱུང་ཏུ་བཅུག དེའི་རྗེས་སུ་བཙུགས་པའི་ལཱེང་ལྔའི(五凉)དུས་སུའང་། ཤེས་ཡོན་ཅན་མང་བོ་གནས་དེར་འཛོམས་ཤིང་། ལཱེང་སྔ་མ་དང་ལཱེང་ནུབ་མ། ལཱེང་བྱང་མ་སོགས་ཀྱི་དབང་སྒྱུར་བས་ཤེས་ཡོན་ཅན་ལ་བརྩི་མཐོང་བྱས་པར་མ་ཟད། ཁོ་ཚོའི་འཆད་རྩོད་རྩོམ་གསུམ་གྱི་བྱ་བར་རྒྱབ་སྐྱོར་ཆེན་པོ་བྱས་པར་བརྟེན། གནས་དེར་སུང་ཞན(宋纤)དང་ཀའོ་དབྱི།(郭瑀)སུང་ཡའོ(宋繇)ལིའུ་པིན།(刘昞)ཀྲང་ཀྲན(张湛)སོགས་ལྟ་བུའི་མཁས་པ་མང་བོ་བྱུང་། དེ་མིན་རྒྱ་ནག་ནང་ཁུལ་ནས་རིགས་རུས་མཐོ་བའི་ཁྱིམ་རྒྱུད་ཆེ་ཁག་མང་བོ་རྨ་ནུབ་ས་ཆར་སླེབས་པ་དེས། ནང་ལོགས་སུ་དར་སོ་ཆེ་བའི་ཏའོ་ཡི་ལུགས་འཛིན་པའི་ཆོས་ལུགས་ཀྱང་ཏུན་ཧོང་རྒྱུད་དུ་སྤེལ། རིག་གནས་ཆུ་ཚད་མཐོར་འདེགས་བྱུང་བ་དང་ཤེས་ཡོན་ཅན་མང་བོ་གདན་འཛོམས་པ་ལ་བརྟེན་ནས། ཏུན་ཧོང་རྒྱུད་དུ་ཕྱི་ཡོང་རིག་གནས་ནང་འདྲེན་བྱེད་པའི་ཆ་རྐྱེན་བསྐྲུན་པ་དང་། ལྷག་པར་ནུབ་ཕྱོགས་ཀྱི་རིག་གནས་རྒྱ་ནག་ས་ཁུལ་དུ་སྤེལ་བར་སྟབས་བདེ་བཟོས། ཧན་གུར་རྒྱལ་རབས་གཉིས་ཀྱི་སྐབས་སུ། ནང་བསྟན་རིག་གནས་དེ་ཡོ་ཀྲི་ཆེ་བའི་མིས(大月氏)བཙུགས་པའི་ཀུ་ཤ་ནའི་རྒྱལ་རབས(Kushan Empire/ /贵箱王朝)ནས་ཏུན་ཧོང་སོགས་བརྒྱུད་དེ་རྒྱ་ནག་ས་ཁུལ་དུ་དར་བ་དང་། མགྱོགས་མྱུར་ངང་རྒྱའི་སྲོལ་རྒྱུན་གྱི་དྲང་སྲོང་གི་སྒྲུབ་ཐབས་དང་འདྲེས་ཏེ་ཧན་གུར་ཤར་མའི་ལའོ་དབང་དང་ཤར་ལྷོའི་མཚོ་འགྲམ་ས་ཁུལ་དུ་དར་ཁྱབ་བྱུང་། ལཱེང་ལྔའི་རྒྱལ་རབས་ཀྱི་སྡེ་གཟར་དང་ཝེ་བྱང་མ་དང་རིག་རན(柔然)གྱི་དམག་འཁྲུག་སོགས་ལྷིང་འཇགས་མིན་པའི་དུས་སྐབས་ཀྱིས་ནང་བསྟན་རིག་གནས་དེ་ཏུན་ཧོང་རྒྱུད་དུ་དར་ཁྱབ་འབྱུང་བར་ཆ་རྐྱེན་བསྐྲུན། ཅིན་ནུབ་མའི(西晋)སྐབས་སུ། ཏུན་ཧོང་དུ་གཏན་སྡོད་གནང་བའི་ཡོ་ཀྲིའི་དགེ་སློང་ཆེན་པོ་ཆོས་སྲུང(竺法护)གིས་བུ་སློབ་སྐོར་ཞིག་ཁྲིད་དེ་ཏུན་ཧོང་ས་ཆར་ཆོས་བསྒྱུར་ཞིང་འཆད་ཉན་སྤེལ་བ་དང་། མི་རྣམས་ཀྱིས་ཀྱང་གུས་པ་མཚོན་ཕྱིར་ཁོང་ལ “ཏུན་ཧོང་གི་སངས་རྒྱས” ཞེས་མཚན་བསྟོད་གནང་།

    ཆིན་སྔོན་མའི་ཅན་ཡོན་ཁྲི་ལོ་གཉིས་པ(前秦建元二年)སྟེ་སྤྱི་ལོ366ལོར། ཡའོ་བཙུན(乐尊)བྱ་བའི་དགེ་སློང་ཞིག་ཏུན་ཧོང་མཁར་གྱི་ཤར་ལྷོའི་མེན་ཧྲ་རི་བོའི(鸣沙山)ལྡེབས་སུ་ཐོན་པ་ན། གློ་བུར་དུ་མིག་མདུན་གསལ་ལྷང་ངེར་སོང་ཞིང་། གསེར་འོད་ལམ་ལམ་འཕྲོས་ཏེ་ཧ་ལམ་སངས་རྒྱས་སྟོང་ཕྲག་གསེར་འོད་ཁྲོད་མངོན་པའི་སྣང་བ་བྱུང་བས། མེན་ཧྲ་རི་བོའི་ཤར་ཕྱོགས་ཀྱི་བྲག་ངོས་སུ་མའོ་ཀའོ་བྲག་ཕུག་གི་ཕུག་པ་དང་པོ་དེ་བརྐོས། མ་འགྱངས་པར། ཤར་ཕྱོགས་ནས་ཕེབས་པའི་བསམ་གཏན་པ་ཆོས་མཆོག(法良禅师)བྱ་བ་ཞིག་གིས་ཀྱང་ཡའོ་བཙུན་གྱི་འགྲམ་དུ་ཕུག་པ་ཞིག་བརྐོས། དེ་ནས་བཟུང་། ལོ་ངོ་སྟོང་ལ་ཉེ་བའི་ཏུན་ཧོང་བྲག་ཕུག་གི་སྒྱུ་རྩལ་གསར་བསྐྲུན་གྱི་དབུ་བརྩམས་པ་རེད། ལཱེང་སྔ་མ་ནས་ལཱེང་བྱང་མའི་བར་གྱི་དུས་རབས་ནང་། དགེ་སློང་ཆེན་པོ་དག་གི་སྩོལ་བ་དང་དབང་སྒྱུར་མཁན་པོ་དག་གི་རྒྱབ་སྐྱོར། ས་གནས་སྐུ་དྲག་རྣམས་ཀྱི་འབད་པ་བཅས་ཀྱི་འོག  ཏུན་ཧོང་གི་ནང་བསྟན་ལ་སྔ་ན་མེད་པའི་འཕེལ་རྒྱས་བྱུང་སྟེ། ཝེ་བྱང་མས་ལཱེང་བྱང་མ་བསྣུབས་པའི་དུས་སུ་སླེབས་དུས། གནས་འདིར་མཆོད་རྟེན་དང་ལྷ་ཁང་མང་དུ་བྱུང་། དེང་སྐབས་ཡའོ་བཙུན་དང་ཆོས་མཆོག་གི་བྲག་ཕུག་དུས་ཀྱིས་བསྐལ་ཏེ་མཇལ་དུ་མེད་ཀྱང་། ལཱེང་བྱང་མའི་དུས་ཡིན་པའི་བྲག་ཕུག་དང་མཆོད་རྟེན་ཁ་ཤས་ད་ལྟའང་ཤུལ་དུ་ལུས་ཡོད་དོ། ། 

དེའི་ཕྱིས་སུ། ཝེ་བྱང་མ་དང་ཀྲིག་བྱང་མ། ཅིན་ནུབ་མ། རྒྱལ་ཁབ་བཅུ་དྲུག  རྒྱལ་རབས་ལྷོ་བྱང་སོགས་ཀྱི་དུས་སྐབས་ཚང་མར་ཏུན་ཧོང་དུ་བྲག་ཕུག་མང་དུ་བརྐོས་ཤིང་། ཤར་ནས་ནུབ་ཏུ་ཆོས་ཞུ་བར་ཕེབས་མཁན་དགེ་སློང་དག་གནས་འདི་བརྒྱུད་དེ་བསྐྱོད་བཞིན་ཡོད་པས། ཏུན་ཧོང་གི་ནང་བསྟན་རྒྱུན་མི་ཆད་པར་འཕེལ་རྒྱས་བྱུང་། དཔེར་ན། སྤྱི་ལོ399ལོར་ཅིན་ཤར་མའི་དགེ་སློང་ཆོས་ཀྱི་སྣང་བ(法显)སོགས་ཏུན་ཧོང་བརྒྱུད་དེ་ནུབ་ཕྱོགས་སུ་ཆོས་ཞུ་བར་ཕེབས་པ་དང་། སྤྱི་ལོ404ལོར་རིག་པའི་རལ་གྲི(智猛)སོགས་མི་བཅོ་ལྔ་ཏུན་ཧོང་བརྒྱུད་དེ་ནུབ་ཏུ་ཕྱིན་པ། སྤྱི་ལོ518ལོར་ཝེ་བྱང་མའི་སྲིད་གཞུང་གིས་ཏུན་ཧོང་གི་མི་སུང་ཡུན(宋云)དང་ཧོས་ཧྲིན(惠生)ལའོ་དབྱང་ནས་མངགས་ཏེ་ཏུན་ཧོང་བརྒྱུད་ནུབ་ཏུ་ཆོས་ཞུ་བར་ཕེབས་པ་སོགས་ཏུན་ཧོང་དེ་ཤར་ཕྱོགས་ནས་ཡོང་བའི་དགེ་སློང་དག་གི་རྐང་རྟེན་འཆའ་ས་དང་རང་གི་ཡུལ་ཁོངས་ནས་གྱེས་སའི་མཇུག་མཐའི་ས་ཚིགས་ལྟ་བུར་གྱུར།

    རྒྱ་གར་ནས་བརྒྱུད་པའི་ནང་བསྟན་ཕུད། དབྱི་རག་གི་རིག་གནས་ཁྱབ་ཁོངས་སུ་འདུ་བའི་གཤེན་གྱི་ཆོས་ལུགས(袄教)ཀྱང་ཏུན་ཧོང་རྒྱུད་དུ་དར། སྤྱི་ལོ1907ལོར། དབྱིན་ཇིའི་གནའ་དཔྱོད་མྱུལ་དཔྱད་མི་སྣ་སི་ཐེན(Aurel Stcin/斯坦因)གྱིས་ཏུན་ཧོང་ནུབ་བྱང་གི་ལྕགས་རིའི་མེ་གཏོང་སོ་ཚིགས་ཀྱི་འོག་ཏུ་དབུས་ཨེ་ཤ་ཡའི་སོག་དག་མི་རིགས་ཀྱི་ཡི་གེས་བྲིས་པའི་འཕྲིན་ཡིག་འགའ་རྙེད་ཅིང་། དེར་རིག་གཞུང་ལས་རིགས་སྟེང“སོག་དག་ཡི་གེའི་གནའ་བོའི་ཆབ་ཤོག” (Sogdian Ancient Letters)ཅེས་འབོད། འཕྲིན་ཡིག་འདི་ནི་ལེང་ཅུ་དང་ཏུན་ཧོང་གི་སོག་དག་ཚོང་བས་ཕ་ཡུལ་ས་མར་ཁན(Samarkand)དེང་གི་ཨུ་ཙི་པུ་ཁི་སི་ཐན)གྱི་མིར་བྲིས་པ་ཞིག་རེད། འཕྲིན་ཡིག་དེའི་ནང་ལེང་ཅུ་གཙོར་བྱས་པའི་ས་གནས་སུ་སོག་དག་གི་ཚོང་བ་མང་བོ་ཡོད་ཅིང་། ཁོ་ཚོའི་ཚོང་ལས་ཁྱབ་ཁོངས་ལའོ་དབྱང་ནས་ཏུན་ཧོང་བར་དུ་ཡིན་ལ། ཚོང་ལས་གཙོར་གཉེར་ཚུལ་གསལ། མིག་སྔར་ཆབ་ཤོག་ཁག་འདིར་ཡིད་ལ་འབབ་པའི་ཞིབ་འཇུག་བྱས་རིགས་ཀྱི་འགྲེལ་བཤད་ཅིག་མེད་མོད་ཀྱང་། སོག་དག་ཡི་གེའི་ཆེད་མཁས་པ་དག་གིས་ནང་དོན་མདོ་ཙམ་བཀྲལ་ཡོད་པ་ལས། གོང་སྨོས་ཕུད་ད་དུང་སོག་དག་ཚོང་པ་དག་གི་ཁྲོད་གཤེན་ཆོས་ཀྱི་ཆོས་བྱེད་མི་སྣའང(Bynpt)ཡོད་པ་ར་སྤྲད་རྐྱེན། དུས་དེར་སོག་དག་མི་རྣམས་མང་དུ་གནས་པ་ལས་ཁོ་ཚོས་དད་པ་བྱེད་བཞིན་པའི་གཤེན་ཆོས་ཀྱང་འོས་འཚམ་ཞིག་དར་ཡོད་པ་གསལ་བཤད་བྱས། 

སོས་གུར་གྱིས་རྒྱའི་ལྷོ་བྱང་གཅིག་གྱུར་བྱས་རྗེས། རྒྱ་ནི་ཧན་གུར་ཚུན་གྱི་ཆེས་དར་རྒྱས་ཆེ་བའི་དུས་སུ་སླེབས། གོང་མ་སོས་ཝུན་ཏི(隋文帝)དང་སོས་དབྱང་ཏི(隋炀帝)གཉིས་པོས་ནང་བསྟན་ལ་དད་མོས་ཤུགས་ཆེན་བྱེད་ཅིང་། དབང་སྒྱུར་གྲལ་རིམ་གྱིས་རྒྱབ་སྐྱོར་ཆེན་པོ་བྱས་པས་ཏུན་ཧོང་གི་རིམ་གྲས་མི་འདྲ་བའི་མང་ཚོགས་ཀྱིས་ལོ་ངོ་སུམ་ཅུའི་དུས་ཡུན་ཐུང་ཐུང་ནང་མའོ་ཀའོ་བྲག་ཕུག་གི་གནས་གཅིག་པུར་ཕུག་པ་བདུན་ཅུ་བརྒྱད་ཅུ་ལྷག་བརྐོས། ནང་བསྟན་གྱི་ཤུགས་རྐྱེན་ཙམ་མ་ཟད། སྐབས་དེར་ཏུན་ཧོང་ནི་རོམ་དང་པར་སིག  རྒྱ་གར་སོགས་ས་ཁུལ་ལ་བསྐྱོད་པའི་འགག་སྒོ་གཙོ་བོར་གྱུར་ཅིང་། དེ་འདྲའི་ཤར་ནུབ་རིག་གནས་འབྲེལ་མཐུད་ལ་བརྟེན་པའི་མཐུ་ལས་ཏུན་ཧོང་གི་ཤེས་རིག་གནས་བབ་རིམ་གྱིས་གཏན་འཁེལ་བྱུང་།

    ཐང་གུར་དུས་སུ་མི་རིགས་མཉམ་འདྲེས་ཀྱི་ཤུགས་ཇེ་ཆེ་དང་། མངའ་ཁོངས་རྒྱ་བསྐྱེད། ཆབ་སྲིད་ལམ་ལུགས་དང་བསམ་བློ་རིག་གནས་གཅིག་སྡུད་བཅས་བྱུང་བར་བརྟེན། ཐང་གུར་དེ་དཀྱེལ་ཡངས་ཀྱི་སྤྱི་ཚོགས་དུས་སྐབས་སུ་བསྐྱོད་ཅིང་། རིག་གནས་ཀྱི་རྣམ་པ་ཕུན་སུམ་ཚོགས་པར་གྱུར། ནང་བསྟན་ཕུད་གཤེན་ཆོས་དང་མ་ཎིའི་ཆོས་ལུགས། ཅིན་ཆོས། གསར་དུ་དར་བའི་ཨེ་ས་ལེམ་གྱི་ཆོས་ལུགས་སོགས་ཤེས་རིག་འདྲ་མིན་སྣ་ཚོགས་ཀྱང་དངོས་སུ་རྒྱའི་ནང་ཁུལ་དུ་དར། དེ་འདྲའི་རིག་གནས་ཡར་འཕེལ་གྱི་སྐལ་བ་བཟང་བོ་དང་བསྟུན། ཤ་ཅུ་རུ་ཅུ(州)རིམ་པ་དང་རྫོང(县)རིམ་པའི་སློབ་གྲྭ་མང་དུ་བྱུང་སྟེ་རུའུ་ཡི་ལུགས་འཛིན་པའི་བསྟན་བཅོས་འཆད་ཉན་བྱེད་པའི་སྲོལ་དར། གོང་མའི་དབུས་གཞུང་གིས་བྲིས་པའི་ཆོས་དཔེ་མང་བོ་ཁྲང་ཨན་ནས་ཤ་ཅུ་རུ་དབོར་ཡོང་སྟེ་ནང་བསྟན་གྱི་གྲོང་ཁྱེར་འདི་ལ་གསོན་ཤུགས་གསར་བ་བསྣན་ཞིང་། ཝུའུ་ཀྲིག་དང་ཀྲུང་ཙུང་། ཞོན་ཙུང་བཅས་ཀྱི་དུས་སུ་ཏ་ཡུན་དགོན་པ(大云寺)དང་། ལུང་ཞིན་དགོན་པ།(龙兴寺)ཁའེ་ཡོན་དགོན་པ(开元寺)སོགས་བསྟུད་མར་ཏུན་ཧོང་རྒྱུད་དུ་བཞེངས་ལ། ཏའོ་ཡི་ལུགས་འཛིན་ཆོས་ལུགས་ཀྱང་རྒྱ་ཆེར་སྤེལ་བས། ཤ་ཅུ་དེ་ཆོས་ལུགས་མི་འདྲ་བ་དང་རིག་གནས་མི་འདྲ་བ། སྒྱུ་རྩལ་མི་འདྲ་བ་སོགས་འདྲེས་མར་མངོན་པའི་ངེས་པ་དོན་གྱི་རྒྱལ་སྤྱིའི་རིག་གནས་མཁར་གྲོང་ཆེན་པོར་གྱུར། ལོ་རྒྱུས་ཀྱི་རྒྱབ་ལྗོངས་འདི་ལྟ་བུའི་ཁྲོད་ཏུན་ཧོང་དུ་གཅིག་ནས་རིག་གནས་ཡར་རྒྱས་ཀྱི་རྣམ་པ་བཟང་བོ་ཤར་བ་དང་། གཉིས་ནས་དེའི་རྟེན་དུ་གྱུར་བའི་བྲག་ཕུག་མང་བོ་འཕྲོ་རིམ་འཕྲོར་བརྐོས།

         དུས་རབས་བརྒྱད་པར་བོད་ཀྱི་སྟོབས་ཤུགས་ཆེར་རྒྱས་ཏེ་མཐའ་བཞི་དབང་དུ་བསྡུ་བའི་བགྱི་བ་དང་དུ་བླངས་པ་དང་། བང་ཤར་ས་ཆའི་རྒྱའི་ཡུལ་ཁམས་མང་བོ་བཅོམ་ཞིང་། དེར་མཐུད་ནས་སྤྱི་ལོ776ལོར་བོད་ཀྱི་དམག་དཔུང་གིས་ཤ་ཅུ་མཁར་བསྐོར། སྤྱི་ལོ786ལོར “གཞན་ཡུལ་དུ་མི་སྤྱུགས” (“勿徒他境”)པའི་ཆ་རྐྱེན་གྱིས་ཏུན་ཧོང་ཡོངས་སུ་དབང་རིས་སུ་བཅུག སྤྱིར་ན་སྐབས་དེའི་བོད་ཀྱི་དམག་ཤུགས་ཀྱིས་ཏུན་ཧོང་ལྟ་བུའི་མཁར་གྲོང་ལེན་རྒྱུ་དེ་ལས་སླ་མོར་ཟད་ཀྱང་། ལོ་ངོ་བཅུར་ཏུན་ཧོང་མཁར་བསྐོར་ཏེ་མཚོན་གྱི་འཇིགས་པ་མ་བསྐུལ་བ་ནི། ཏུན་ཧོང་གི་རིག་གནས་གནས་བབ་ཁས་ལེན་དང་དེའི་རིག་གནས་ལ་སྲུང་སྐྱོབ་བྱེད་ཆེད་ཡིན་ཏེ། སྐབས་དེ་ནི་བོད་ཀྱིས་ནང་བསྟན་རིག་གནས་ཐོག་མར་བོད་ལ་འདྲེན་པའི་དུས་སུ་ཁེལ་ཞིང་། བཙན་པོའི་ཁྱིམ་རྒྱུད་ཀྱིས་ནང་བསྟན་ལ་དད་མོས་ཤུགས་ཆེར་བྱེད་པའི་རྐྱེན་གྱིས། ནང་བསྟན་དར་ཆེ་བའི་མཁར་གྲོང་ཏུན་ཧོང་ལ་དྲག་ཤུགས་མ་བཀོལ་བ་རེད། ལོ་རྒྱུས་ཀྱི་གནས་ཚུལ་དངོས་ལ་བལྟས་ནའང་དེ་ལྟར་ཡིན་ཏེ། བོད་ཀྱིས་ཏུན་ཧོང་དབང་དུ་བསྡུས་རྗེས། སྤྱིར་ན་གསར་དུ་དབང་རིས་སུ་བཅུག་པའི་ས་ཁུལ་གྱི་མི་དྲག་དང་དཔོན་རིགས་ཁག་གནས་གཞན་དུ་སྤྱུགས་བཞིན་ཡོད་མོད། ཏུན་ཧོང་དང་བོད་བར་ལ “གཞན་ཡུལ་དུ་མི་སྤྱུགས་པའི”ཆིངས་ཡིག་བཞག་ཡོད་པའི་རྐྱེན་གྱིས་མི་དྲག་དཔོན་རིགས་དང་དགེ་སློང་ཆེན་པོ་དག་གཞན་དུ་མ་བདས་པ་དང་། དེ་དག་གིས་ཏུན་ཧོང་དུ་མུ་མཐུད་དུ་ནང་བསྟན་རིག་གནས་དར་སྤེལ་བྱ་ཆེད་བྱས་རྗེས་འཇོག་ཏུ་བཅུག་པར་མ་ཟད། ཁོ་ཚོར་རྒྱབ་སྐྱོར་ཀྱང་ཆེན་པོ་བྱས། དེ་འདྲ་བྱས་པའི་རྐྱེན་གྱིས། ཏུན་ཧོང་གི་ནང་བསྟན་དེ་སྔར་ལས་མགྱོགས་མྱུར་ངང་འཕེལ་རྒྱས་ཆེ་རུ་ཕྱིན། དཔེར་ན། སྔར་ཤ་ཅུར་དགོན་པ་བཅུ་གསུམ་ཡོད་པ་བཅུ་བདུན་དུ་འཕར་བ་དང་། གྲྭ་བ་དང་བཙུན་མའི་གྲངས་སུམ་བརྒྱ་བཅུ་ནས་སྟོང་ཕྲག་ཏུ་འཕེལ། དེར་མ་ཟད། བོད་ཆེན་པོའི་རྒྱལ་ཁབ་ཀྱིས་སྲུང་སྐྱོབ་བྱས་པའི་སྟབས་ཀྱིས་ཏུན་ཧོང་དེ་ཐང་གི “ཧོས་ཁྲང་ཆོས་བསྣུབས” (会昌法难)(845-846)ལས་ཐར་ཐུབ་པའང་བྱུང་། དེའང་བོད་ཀྱིས་ཏུན་ཧོང་བཟུང་བ་ནས་ཀྲང་དབྱི་ཁྲའོ་ཡིས་སྤྱི་ལོ848ལོར་བོད་ཀྱི་དམག་དམངས་ཏུན་ཧོང་ནས་བདས་པའི་བར་གྱི་ལོ་ངོ་བདུན་ཅུ་ལྷག་གི་རིང་། ཏུན་ཧོང་དུ་དམ་ཆོས་འབྲི་བཤུ་དང་བྲག་ཕུག་བརྐོ་བ། ལྷ་སྐུ་བརྐོ་བཞེངས་སོགས་ཀྱི་ལས་ཀ་མཚམས་ཆད་མ་མྱོང་། སྐབས་དེའི་དགོན་པ་དག་ནི་ཆོས་དང་རིག་གནས་དར་སྤེལ་དང་ལོ་ཙཱ་བྱེད་ཡུལ་གྱི་གནས་གཙོར་བོར་གྱུར་ཡོད་དེ། ལོ་ཙཱ་བ་ཆེན་མོ་འགོས་ཆོས་གྲུབ་དང་སློབ་དཔོན་ཤེས་རབ་ཟླ་བ། ཞང་རིན་ཆེན་བྱང་ཆུབ་སོགས་རྒྱ་དཀར་ནག་དང་བོད་ཀྱི་ཡི་གེར་བྱང་ཆུབ་པའི་མཁས་པ་མང་བོ་གནས་དེར་བཞུགས་ནས་དམ་ཆོས་བསྒྱུར་སྤེལ་གྱི་འཕྲིན་ལས་བསྐྱངས་མྱོང་། དུས་རབས་བརྒྱད་པ་ནས་དགུ་བའི་བར་བོད་ཀྱིས་ཏུན་ཧོང་བདག་ཏུ་བཟུང་བའི་རིང་། ཏུན་ཧོང་དེ་བོད་ཀྱི་ནང་བསྟན་རིག་གནས་སྤེལ་སའི་གནས་གཞི་གཉིས་པ་ལྟ་བུར་གྱུར་ཅིང་། ནང་བསྟན་རིག་གནས་སྤེལ་ཆེད་བོད་ཆེན་པོའི་སྲིད་གཞུང་གིས་གནས་དེའི་བོད་རྒྱའི་སློབ་དཔོན་ཆེན་པོ་དག་ལ་འཚོ་བའི་མཐུན་རྐྱེན་སྦྱར་བར་མ་ཟད། ད་དུང་ལོ་ཙཱ་དང་རྩོམ་འབྲི། འབྲི་བཤུ་བཅས་བྱེད་པར་བྱ་དགའ་དང་ཆད་གཅོད་ལམ་ལུགས་ཀྱང་གསལ་བོ་ཞིག་གཏན་འཁེལ་བྱས་ཡོད།

བོད་སིལ་བུར་འཐོར་ཅིང་བོད་ཀྱི་དམག་དཔུང་ཏུན་ཧོང་ནས་ཕྱིར་འཐེན་བྱས་པ་དེས་ཏུན་ཧོང་གི་ནང་བསྟན་རིག་གནས་ལ་ཐད་ཀར་རྡུང་རྡེག་ཆེན་པོ་མ་ཐེབས། ཁྱད་པར་དུ། ཀོས་དབྱི་ཅུན་དུས་སྐབས་སུ་ཏུན་ཧོང་གི་རིག་གནས་ཅུང་དར་རྒྱས་ཆེ་བ་བྱུང་ཞིང་། ནང་བསྟན་ཡང་དམངས་ཁྲོད་དུ་ཁྱབ་སྤེལ་བྱུང་ལ། མའོ་ཀའོ་དང་དབྱི་ལིན(愉林)གཉིས་སུ་བྲག་ཕུག་གསར་བ་མང་བོ་བརྐོ་བཞེངས་དང་ཉམས་གསོ་བྱས་པ་དང་། ཕལ་ཆེར་ཀོས་དབྱི་ཅུན་དུས་སྐབས་ཀྱི་རུ་དཔོན(节度使)རེ་རེས་རང་རང་གི་སྨོན་ལམ་དུ་གསོལ་བའི་ཕུག་པ་རེ་རེ་བརྐོས་ཡོད།

       དུས་རབས་བཅུ་བའི་དུས་དཀྱིལ་ནས་བཟུང་། སུང་རྒྱལ་རབས་དང་ལའོ་རྒྱལ་རབས། མི་ཉག་རྒྱལ་རབས། ཅིན་རྒྱལ་རབས་བཅས་ཕན་ཚུན་དགྲ་ཟླའི་རྣམ་པར་གནས་སྟབས། ཏུན་ཧོང་གི་ཤར་ནུབ་འགྲུལ་ལམ་ཆད་ཅིང་། གནས་དེ་རིམ་གྱིས་རྒུད་པར་གྱུར། མི་ཉག་རྒྱལ་རབས་ནས་ཆེན་པོ་ཧོར་གྱི་རྒྱལ་རབས་བར་ལ་ཏུན་ཧོང་དུ་ཕུག་པ་འགའ་རེ་བརྐོ་བའི་གནས་ཚུལ་བྱུང་རུང་། སྒྱུ་རྩལ་གྱི་ཐད་ནས་གསོན་ཤུགས་ཉམས་པར་གྱུར་བ་རེད། ཏའི་མིང་རྒྱལ་རབས་ཀྱི་དུས་ནས་ཏུན་ཧོང་ནི་མི་རྣམས་ཀྱི་བརྗེད་ངས་ཀྱི་དབང་དུ་སོང་བ་དང་། དར་ཅིག་རིང་ཏུན་ཧོང་གི་ཡུལ་དེ་ཐུ་རུ་ཕན་ནས་ཡོང་བའི་ཡུ་གུར་རིགས་ཀྱི་མིས་ཕྱུགས་འཚོ་སའི་གནས་སུ་གྱུར།

微信截图_20190307114627.jpg

གསུམ།   ཏུན་ཧོང་ཕུག་པའི་རྣམ་པ།

       ཏུན་ཧོང་བྲག་ཕུག་ཅེ་ན་གོ་བ་ལེན་སྟངས་གཉིས་ཡོད་པ་སྟེ། སྒྲ་ཡངས་འཇུག་གི་གོ་བ་ལེན་སྟངས་ལྟར་ན་མའོ་ཀའོ་བྲག་ཕུག་དང་ནུབ་ཀྱི་སྟོང་སྐུའི་ཕུག་པ། ཨན་ཞིའི་དབྱི་ལིན་ཕུག་པ། ཤར་གྱི་སྟོང་སྐུའི་ཕུག་པ། སུའུ་པེ་སོག་རིགས་རང་སྐྱོང་རྫོང་དགོན་པའི་ཕུག་པ་ལྔ་བཅས་ཚང་མ་ཏུན་ཧོང་བྲག་ཕུག་གི་གྲས་སུ་བགྲང་རུང་བ་དང་། སྒྲ་དོག་འཇུག་ལྟར་ན་མའོ་ཀའོ་བྲག་ཕུག་གཅིག་པུར་གོ དེའི་ཁྲོད་མའོ་ཀའོ་བྲག་ཕུག་ལ་ད་ལྟ་ཨང་རྟགས་བརྒྱབ་ཡོད་པའི་ཕུག་པ492ཡོད་པ་དང་། ལྡེབས་རིས་སྨི་ངོས་སྙོམས་གྲུ་བཞི་མ་བཞི་ཁྲི་ལྔ་སྟོང་ལྷག སྐུ་བརྙན་ཉིས་སྟོང་བཞི་བརྒྱ་བཅོ་ལྔ་བཅས་ཡོད། ནུབ་ཀྱི་སྟོང་སྐུའི་ཕུག་པར་ཨང་རྟགས་བརྒྱབ་ཟིན་པའི་ཕུག་པ་བཅུ་དྲུག་ཡོད་པ་དང་། དབྱི་ལིན་ཕུག་པར་ཕུག་པ་ཞེ་གཅིག ཤར་གྱི་སྟོང་སྐུའི་ཕུག་པར་ཕུག་པ་ཉེར་གསུམ། སུའུ་པེ་ས་ཆའི་དགོན་པའི་ཕུག་པ་ཡོད་སར་སྔར་ཡིན་ན་ཕུག་པའི་ཚོགས་རྒྱ་ཆེན་པོ་ཡོད་ཀྱང་། ཕྱིས་སུ་ཕུག་པ་ལྔ་ལས་མ་ལྷག་པ་དང་། ད་ལྟ་ཨང་རྟགས་བརྒྱབ་པ་བཞི་ལས་མེད།

གོང་སྨོས་བྲག་ཕུག492ཁྲོད། བཙན་པོའི་རྒྱལ་རབས་དུས་སུ་བརྐོས་པའི་ཕུག་པ55ཡོད་པ་དང་། དེའི་སྟེང་བཞེངས་འཕྲོར་ལུས་ཤིང་ཉམས་པ་ཞིག་གསོ་བྱས་པའི་ཕུག་པ་བསྣན་ན་བསྡོམས་པས་བྲག་ཕུག92བཞེངས་ཡོད།

བཞི།  ཏུན་ཧོང་ཕུག་པ་སྒོ་བརྒྱབ་པའི་སྐོར།

      ཏུན་ཧོང་ཕུག་པ་དུས་ནམ་ཞིག་སྒོ་བརྒྱབ་པའི་ཐད། ཏུན་ཧོང་རིག་པའི་ལས་རིགས་སྟེང་རྩོད་གཞི་ཅན་དུ་གྱུར་བའི་ཡུལ་གཉིས་ཡོད་པ་སྟེ། གཅིག་ནི་སྒོ་བརྒྱབ་པའི་རྒྱུ་རྐྱེན་དང་། ཅིག་ཤོས་ནི་དུས་ནམ་ཞིག་ལ་སྒོ་བརྒྱབ་པ་དེའོ། ། དེའང་མཁས་པ་དག་ལ་བཤད་ལུགས་འདྲ་མིན་སྣ་ཚོགས་ཡོད་མོད་ཀྱང་། མཐར་གཏུགས་ན་སི་ཐེན(A.Stein)དང་ཕད་ལེ་ཨོ(P.Pelliot)གཉིས་ཀྱི་ལྟ་བར་ཐུག་ཡོད་པ་རེད།

སི་ཐེན་གྱིས་བྲག་ཕུག་ནང་རྙེད་པའི་རྒྱ་ཡིག་གི་ཡིག་ཆ་ཁ་འཐོར་རལ་མ་དང་མགོ་རྔ་ཤིང་ལས་བྱས་པའི་ཆོས་དཔེ་རལ་བོ། དེ་མིན་ཕྱི་ཐུམ་ཐར་ཐོར། རི་མོའི་ཤིང་སྒྲོམ་སོགས་ལ་བལྟས་ཏེ་དངོས་པོ་འདི་དག་ནི་ཏུན་ཧོང་གི་དགོན་པ་ཁག་ནས་ཕྱོགས་གཅིག་ཏུ་བསྡུས་པའི“བླ་མེད་ཀྱི་བེད་མེད་དངོས་པོ” ཡིན་པར་བཤད་ཅིང་། དོན་ལ་ཏུན་ཧོང་བྲག་ཕུག་ནི་བེད་མེད་དངོས་པོ་བསྡུ་སྤུངས་བྱེད་སའི་གནས་ཤིག་ཡིན་པར་གླེང་། ཁོས་ད་དུང་ཤོག་དྲིལ་དང་རི་མོའི་མགོ་མཇུག་ཏུ་བྲིས་པའི་ལོ་དུས་ལ་དམིགས་ནས་ཏུན་ཧོང་ཕུག་པ་སྒོ་བརྒྱབ་པའི་སྐབས་ནི་དུས་རབས་བཅུ་གཅིག་པའི་དུས་མགོ་ཡིན་པར་ཚོད་དཔག་བྱས་པ་དང་།  ཕད་ལེ་ཨོ་ཡིས་ཏུན་ཧོང་བྲག་ཕུག་ཏུ་མི་ཉག་ཡི་གེས་བྲིས་པའི་ཡིག་ཚང་མེད་ཅིང་། བོད་རྒྱ་ཡིག་རིགས་ཀྱི་ཤོག་དྲིལ་དང་བྲིས་རིས། ལྷ་སྐུ། རྡོ་རིང་སྣ་རལ་ཅན་སོགས་སྤུངས་པར་གཞིགས་ཏེ་དེ་ནི་སྤྱི་ལོ1035ལོར་མི་ཉག་པས་ཏུན་ཧོང་འཛིན་སྐབས་འཚབ་འཚུབ་ངང་སྒོ་བརྒྱབ་པ་ཞིག་ཡིན་པར་འདོད། གོང་སྨོས་གཉིས་ལས་དང་པོར་ཏུན་ཧོང་རིག་པའི་ལས་རིགས་སྟེང “མཁོ་མེད་སྨྲ་བ” དང་། གཉིས་པར “ཉེན་གཡོལ་སྨྲ་བ” ཟེར། དེ་ལས་སི་ཐེན་ནི་ཐོག་མར་ཏུན་ཧོང་དུ་སླེབས་པ་ཡིན་ཞིང་། ཕད་ལེ་ཨོ་ཡིས་མཐོང་བའི་ཏུན་ཧོང་ཕུག་པའི་རྣམ་པ་ནི་སི་ཐེན་སླེབས་ཏེ་ཕར་སློག་ཚུར་སློག་བརྒྱབ་རྗེས་ཀྱི་རྣམ་པ་ཡིན་ལ། ཁོས་ཕུག་པ་འདི་དག་འཚབ་འཚུབ་ཀྱིས་སྒོ་བརྒྱབ་པ་ཡིན་ཟེར་བའི་རྒྱུ་མཚན་ནི། སི་ཐེན་སོགས་ཀྱིས་ཕུག་པ་སློང་སྐབས་ཀྱི་རྙོག་ཟིང་གི་རྣམ་པར་གཞིགས་ནས་སྨྲོས་པ་ཡིན་པས། ཏུན་ཧོང་ཕུག་པའི་རྣམ་པ་དངོས་ནི་དེ་འདྲ་ཞིག་རེད་ཅེ་ན་རྣར་འགྲོ་དཀའ། འོན་ཀྱང་སི་ཐེན་གྱི་ལྟ་བ་བདེན་པར་ཡང་འཛིན་ས་མི་འགྲོ་སྟེ། གལ་ཏེ་ཏུན་ཧོང་གི་གཏེར་མ་ཡོད་ཚད་དགོས་མཁོ་མེད་པར་བསམས་ཏེ་སྦས་པ་ཡིན་པར་སྙམ་ན། སྔ་ཕྱིར་ལོ་ངོ་ཆིག་སྟོང་བཞི་བརྒྱ་ལྷག་གི་རིང་བྲིས་པའི་ཤོག་དྲིལ་ཡོད་ཚད་གནས་གཅིག་ཏུ་འདོར་བའི་དཔེ་མེད་དེ། དེ་དག་ཅི་དགར་གཡུག་ཆོག་པའི་ཕྱིར་རོ། ། 

    ཏུན་ཧོང་ཕུག་པ་སྒོ་ནམ་ཞིག་བརྒྱབ་པའི་ལན་འཚོལ་དགོས་ན། སྐབས་དེའི་ཏུན་ཧོང་དང་འབྲེལ་བའི་ལོ་རྒྱུས་སྐོར་ལ་ཤེས་རྟོགས་བྱེད་རྒྱུ་གལ་ཆེ། སྐབས་དེར་ཏུན་ཧོང་དང་འདབས་འབྲེལ་བའི་ནང་བསྟན་རྒྱལ་ཁབ་ནི་ལི་ཡུལ་ཡིན་ལ། ལི་ཡུལ་དེ་སྤྱི་ལོ1006ལོར་ཨེ་ས་ལེམ་གྱི་ཆོས་ལུགས་ལ་མོས་པའི་ཁ་ར་ཁན་རྒྱ་ལ་རབས(Kara-Khanid Khanae/喀喇汗王朝<840-1212) ཀྱིས་བསྣུབས། ལི་ཡུལ་དང་ཤ་ཅུའི་བར་ལ་ནང་བསྟན་རིག་གནས་སྤེལ་རེས་བྱེད་ཀྱིན་ཡོད་པར་མ་ཟད། གཉེན་གྱི་འབྲེལ་བའང་ཡོད་པས། སྤྱི་ལོ970ལོར་ལི་ཡུལ་རྒྱལ་པོས་བང་ཆེན་མངགས་ཏེ་ཁོའི་ཞང་པོ་ཀོས་དབྱི་ཅུན་གྱི་རུ་དཔོན་ཚའོ་ཡོན་ཀྲུང(曹元忠)ལ་དམག་རོགས་ཞུས། ལི་ཡུལ་ཨེ་ས་ལེམ་གྱི་ཆོས་ལུགས་པའི་ལག་ལ་ཤོར་རྗེས། ལི་ཡུལ་བ་མང་བོ་ཤར་དུ་ཤ་ཅུར་ཉེན་གཡོལ་དུ་འབྱོར་ཞིང་། གཙོ་བོ་ནང་བསྟན་ལ་རྡུང་རྡེག་ཐེབས་པ་མ་བཟོད་པས་ཡིན་པ་ཤེས་སླ། ལི་ཡུལ་ཨེ་ས་ལེམ་གྱི་ཆོས་ལུགས་པས་བཟུང་རྗེས། དེ་དང་འདབས་འབྲེལ་བར་ཡོད་པའི་ཏུན་ཧོང་ལ་འཇིགས་སྣང་ཆེན་པོ་བསྐྱེད། དེ་བས་ཁ་ར་ཁན་རྒྱལ་ཁབ་ཀྱི་དམག་དཔུང་ཤར་དུ་ཐོན་མེད་པའི་གོ་སྐབས་བེད་སྤྱོད་ཀྱིས་ཏུན་ཧོང་རྒྱུད་དུ་ནང་བསྟན་དང་འབྲེལ་བའི་གསུང་རབ་ཡིག་ཆ་མང་བོ་རང་འགུལ་དང་གོ་རིམ་ཡོད་པའི་སྒོ་ནས་བྲག་ཕུག་ཏུ་བསྡུ་ཉར་བྱས་པ་དང་། ཁ་སྦྱར་ཟིན་པའི་བྲག་ཕུག་གི་སྒོར་ལྡེབས་རིས་ཀྱིས་དགོས་ངེས་ཀྱི་འགེབས་སྲུང་བྱས་པ་ཞིག་རེད།

    ཡིན་ནའང་མི་ལ་ལས་རྒྱུ་ཆ་འགའ་རེ་བཙལ་ཏེ་ཏུན་ཧོང་ཕུག་པ་སྒོ་བརྒྱབ་པའི་ལོ་དེ་དུས་རབས་བཅུ་གཅིག་པའི་རྗེས་སུ་འདེད་བཞིན་ཡོད། ཁོ་ཚོས་བོད་ཡིག་ཡིག་ཚང་དང་ཧོར་ཡིག་ཡིག་ཚང་། མི་ཉག་གི་ཡིག་ཚང་སོགས་འབྲེལ་ཡོད་ཡིག་ཚང་སྐོར་ལས་ཏུན་ཧོང་བྲག་ཕུག་སྒོ་བརྒྱབ་པའི་ལོ་ཚིགས་ཕྱིར་བསྣུར་མོད། ཡིག་ཚང་འདི་དག་མའོ་ཀའོ་བྲག་ཕུག་བྱང་ཁུལ་གྱི་ཨང464(ཕད་ལེ་ཨོས་ཨང181པར་བཏགས)པ་ལས་ཐོན་ཞིང་། སི་ཐེན་དང་ཕད་ལེ་ཨོ་ཡིས་ཁོ་ཚོ་མ་སླེབས་གོང་ལ་ཝང་ཏའོ་ལུགས་པས་གནས་གཞན་ནས་རྙེད་པའི་དུས་ཕྱིས་ཀྱི་ཡིག་ཚང་སྐོར་ཞིག་བྲག་ཕུག་ཨང464པའི་ནང་སྦས་ཚུལ་གསལ་བོར་བཤད་ཡོད་པས། ཡིག་ཚང་འདི་དག་ནི་ཏུན་ཧོང་བྲག་ཕུག་དངོས་སུ་བཞུགས་པའི་ཡིག་ཚང་གི་སྐོར་མིན་པ་གསལ། 

    ཏུན་ཧོང་བྲག་ཕུག་ནས་རྙེད་པའི་ཡིག་ཚང་དེ་དག་སྤྱིར་བཏང་དུས་རབས་བརྒྱད་པ་ནས་དགུ་བའི་བར་བྱུང་བ་ཡིན་ཞིང་། གཙོ་བོ་དུས་རབས་བརྒྱད་པའི་དུས་མཇུག་ནས་དུས་རབས་དགུ་བའི་དུས་དཀྱིལ་དུ་བོད་ཀྱི་རྒྱལ་རབས་ཀྱི་སྟོབས་ཤུགས་ཏུན་ཧོང་རྒྱུད་ནས་ཕྱིར་འཐེན་བྱས་པའི་བར་དུ་བྱུང་། གཞན་ཏུན་ཧོང་བྲག་ཕུག་ཏུ་ད་དུང་བཙན་པོའི་རྒྱལ་ཁབ་ཀྱི་དབང་སྒྱུར་སྟོབས་ཤུགས་ཏུན་ཧོང་ནས་མཇུག་རྫོགས་རྗེས་ཀྱི་ཡིག་ཚང་སྐོར་ཞིག་ཀྱང་ཡོད་དེ། ཡིག་ཚང་དེ་དག་དུས་རབས་དགུ་བ་ནས་བཅུ་གཅིག་པའི་བར་གྱི་ཡིན་ལ། དེས་སྐབས་དེའི་རྨ་ནུབ་དང་ལུང་ཤན་ལ་རྒྱུད་ཀྱི་ལོ་རྒྱུས་དང་རིག་གནས་ལ་ཞིབ་འཇུག་བྱེད་པ་དང་བོད་ཀྱི་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་བྱེད་པར་རིན་ཐང་ཆེ་བའི་དཔྱད་ཡིག་མཁོ་སྤྲོད་བྱས། མཁས་པ་འགས་ཚོད་རྩིས་བྱས་པར་གཞིགས་ན། བཙན་པོའི་རྒྱལ་རབས་དུས་ཀྱི་ཏུན་ཧོང་ཡིག་ཚང་དང་། དེའི་རྗེས་སུ་བྱུང་བའི་ཡིག་ཚང་དག་བསྡོམས་པས་ཧ་ལམ་ཡིག་ཚང་ཤོག་དྲིལ་ཆིག་ཁྲི་ལས་བརྒལ་བ་ཡོད་པར་བཤད། གོང་སྨོས་ཡིག་ཚང་དེ་དག་ལས་མང་བོ་ཞིག་སྤྱི་ལོ1907ལོ་དང་སྤྱི་ལོ1908ལོར་སི་ཐེན་དང་ཕད་ལེ་ཨོས་ཏུན་ཧོང་བྲག་ཕུག་སྔོག་སྐབས་ཕྱིར་ཁྱེར་བ་ལས་ད་ལྟ་ནུབ་གླིང་དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང(The Britishi Library)དང་དབྱིན་ཇི་ཆེན་པོའི་རྟེན་རྫས་བཤམས་མཛོད་ཁང་།( The Britishi Museum)རྒྱ་གར་ལས་དོན་ཚན་པའི་དཔེ་མཛོད་ཁང་།(India Office Library)ལྡི་ལི་གསར་བའི་དབུས་ཨེ་ཤ་ཡའི་གནའ་ཆས་རྟེན་རྫས་བཤམས་མཛོད་ཁང་།(Central Asia Antiquities Museum)ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང(Bibliotheque Nationale)སོགས་སུ་བསྡུ་ཉར་བས་ཡོད། །

གཅིག བྲག་ཕུག་བྱུང་རིམ་སྐོར།

     ཏུན་ཧོང་བྲག་ཕུག་ནི་ཆིན་རྒྱལ་རབས་ཀྱི་གོང་རོལ་དུ་འདེབས་མགོ་བརྩམས་པ་ནས་ལིའང་རྒྱལ་རབས་བྱང་མ་དང་། ཝེ་རྒྱལ་རབས་བྱང་མ།  ཀྲོའུ་རྒྱལ་རབས་ལྔ།  སུའེ་རྒྱལ་རབས། ཐང་རྒྱལ་རབས།  རྒྱལ་རབས་ལྔ།  སུང་རྒྱལ་རབས། ཡོན་རྒྱལ་རབས་བཅས་སུ་སྔ་གཞུག་ཏུ་བཏབ་པ་རེད།          

ཐང་རྒྱལ་རབས་ཀྱི་གོང་མ་རྒྱལ་མོ་ཝུའུ་ཙེ་ཐེན་གྱི་སྐུ་རིང(སྤྱི་ལོ698)ལ་ཕུག་པ1000ལྷག་ཡོད་པ་དང་།  ད་ལྟ་ཕུག་པ492དང་།  འདྲ་འབག་ཚོན་ཅན3000ལྷག་ལྡེབས་བྲིས་སྨི་གྲུ་བཞི་མ་ཁྲི་ཚོ4.5ཙམ། ཐང་དང་སུང་རྒྱལ་རབས་ཀྱི་ཤིང་གི་རྒྱ་ཕིབས5བཅས་སོར་ལུས་སུ་ཉར་ཡོད། 

གཉིས། བྲག་ཕུག་བཟོ་སྐྲུན་གྱི་སྐོར།

      ཏུན་ཧོང་བྲག་ཕུག་ནི་ཨར་སྐྲུན་དང་།  འདྲ་འབག  ལྡེབས་བྲིས་གསུམ་གཞི་གཅིག་ཏུ་དྲིལ་བའི་སྒྱུ་རྩལ་གྱི་བང་མཛོད་ཅིག་ཡིན།  བྲག་ཕུག་གི་བཟོ་བཀོད་རྣམ་པ་སྣ་མང་ཡིན་ཞིང་།  རྒྱ་གར་གྱི་ལུགས་དང་ཀྲུང་གོའི་ལུགས་ཟུང་དུ་ལྡན་ཡོད།  བརྐོས་འདྲ་དང་སྦྱར་འདྲ་ཟུང་འབྲེལ་བྱས་ཡོད་ཅིང་སྐུ་བརྙན་གསོན་ཉམས་ལྡན་པ་དང་།  ཁྱད་པར་དུ་སུའེ་དང་ཐང་རྒྱལ་རབས་སྐབས་ཀྱི་འདྲ་འབག་ཚོན་ཅན་ནི་དེ་བས་ཕུལ་དུ་ཕྱིན་པ་སྟེ།  དཔེར་ན་ཕུག་པ54པའི་ནང་དུ་བཞུགས་པའི་བྱང་སེམས་དང་རྒྱལ་ཆེན་གྱི་སྐུ་ནི་གསོན་རྗེན་དུ་བཞེངས་ཡོད་པ་རེད།  ལྡེབས་བྲིས་ཀྱི་བརྗོད་བྱ་ཕུན་སུམ་ཚོགས་པ་ཡོད་པ་སྟེ། སྟོན་པའི་སྐྱེས་རབས་དང་།  ལྷ་སྒྲུང་དང་། གནས་མཆོག  ལྷ་སྐུ་བཅས་དང་རྒྱན་རིས་བཅས་པ་མ་ཚང་བ་མེད།  གཟུགས་འགོད་ལུགས་རྣམ་པ་སྣ་ཚོགས་ཅན་ཡིན་པ་དང་དུས་རབས་ཀྱི་ཁྱད་ཆོས་མངོན་ཡོད་པ་རེད།

ཏུན་ཧོང་ས་ཆ་ནི་གནའ་དུས་ཀྱི་ཀྲུང་ཕྱི་རིག་གནས་སྤེལ་རེས་བྱེད་སའི་འཕྲང་ལམ་ནུབ་ཡུལ་གྱི་ནང་བའི་ཆོས་ཀྱི་སྒྱུ་རྩལ་གྱིས་ཤུགས་རྐྱེན་ཟབ་མོ་ཞུགས་ཡོད་ལ།  དེ་མིན་ད་དུང་རོ་བཀྲ་དང་སྣང་མུན་འདྲེས་སྦྱོར་གྱི་མཚོན་ཐབས་སྤྱད་ཡོད་པ་རེད།

བསྔོ་ཡིག་འདི་ནི་གཏེར་ཡིག P.T 999ལས་བྱུང་ཞིང་། P.Tཞེས་པ་ནི་པཱ་ལིའི་དཔེ་མཛོད་ཁང་དུ་མཆིས་པའི་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གནའ་རབས་ཡིག་ཆ་ཞེས་པའི་བསྡུས་མིང་དང་། 999ནི་ཡིག་ཆ་དེའི་ཨང་གྲངས་སོ། །

མ་ཡིག  ༄། :།སུན་[སྔུན་ནམ་སྤུན] ལྷ་སྲས་ཁྲི་གཙུག་ལྡེ་བརྩན་གྱི་སྐུ་ཡོན་དུ། ། ཤ་ཅུར2རྒྱ་བོད་གྱྀ་དར་མ་3ཚེ་དཔག་ཏུ་མྱེད་པ་བཞེངས་ཏེ། ། འབངས་ཕྱོགསུ་ཆོས་གྱྀ་སྦྱིན་བ་ཆེད་པོ་ཁྱབ་པར་མཛད་པར་སྦྱར་ཏེ། ། ལུང་ཧུང་སྀའི4གཙུག་ལག་ཁང་གྀ་དར་མའྀ་བཛོད་དུ་བྲུབས་པ5ལས། ། རྒྱའྀ་ཚེ་དཔག་དུ་མྱེད་པ་བམ་པོ་བརྒྱའ་སུཾ་ཅུ་རྩ་ལྔ་དང་བོད་ཀྱི་བམ་པོ་བཞི་བརྒྱའ་བརྒྱད་ཅུ་སྟེ། སྤྱི་སྡོམ་བམ་པོ་དྲུག་བརྒྱའ་རྩ་བཅོ་ལྔ། ། བྱྀ་བ་ལོའི6དབྱར་སླ་ཐ་ཅུངས་ཚེས་བརྒྱད་ལ། ། ཇོ་མོ་བཙན་མོ་འཕན་གྱྀ་ཡུམ་སྲས་གྱྀ་ཕོ་བྲང་འོད་སྲུང་གྀ་སྐུ་ཡོན་དུ། ། ཤ་ཅུའྀ་དགེ་འདུན་སྡེ་གཉིས་གྱྀས།། ཤ་ཅུ་ཡུལ་ཕྱོགས་གྱྀ་ཁྱིམ་པ། སྐུ་ཡོན་དུ་བསྔོས་ཏེ། མཆོད་སྟོན་གཅྀག་སྩལད་པར། ། ཕོ་བྲང་གྀ་མཛད་བྱང་དང་འཕྲིན་བྱང་། ཆོས་གྱྀ་གཞྀ་འཛིན་དང་བདེ་བློན་གྱི་འཕྲིན་བྱང་ལས་འབྱུང་ནས། །ཁྱིམ་པ་ཉྀ་སྟོང་བདུན་བརྒྱའ་མཆོད་སྟོན་སྩལ་པའྀ་དུསུ། ། ཆོས་གྱྀ་སྦྱིན་བ་ཆེན་པོ་བགྱིས་པའི་རྒྱུར་སྤྱད་པར། །གནས་བརྟན་བན་དེ་ཧོང་འེལ་དང་དབང་མཆོག་གིས་གཐད་དེ་གོད་ནས། ། དར་མའྀ་རུབ་མ་པ7བན་དེ་ཡུན་ཧྱྭེ་འྀ་ཧེ་དང་། ལྀ་དམ་འགུང་དར་མའྀ་གོད་དང་གཏན་ཚིགསུ་འཆང་དུ་སྩལད་ཏེ། ། སླད་གྱྀས་དར་མའྀ་སྤྱི་རྩིས་ནཾ་མཛད་པའྀ་ཚེ། གོད་རྒྱ་འདྀ་དང་། གོད་ཡིག་བླ་དཔེའ་མཆིས་པ་དང་གཏུགས་ནས། ། མཐུན་ན་གོད་སྩལ་བར་བགྱིས་ཏེ། གཏན་ཚིགས་སུག་རྒྱ་ཅན་འཆང་དུ་སྩལད་པ། །

微信截图_20190307114545.jpg

ཏུན་ཧོང་མོ་ཀའོ་བྲག་ཕུག་གི་མ་ཎི་ཡིག་དྲུག་རྡོ་རིང་།

       རྡོ་རིང་འདི་ནི་སྤྱི་ལོ1348ལོར་ཏུན་ཧོང་མོ་ཀའོ་བྲག་ཕུག་ན་བཞེངས་ཡོད་པ་ཞིག་ཡིན་ལ། རྡོ་རིང་འདི་ད་ལྟ་དེའི་གཤམ་སྟོན་ཁང་ན་ཡོད།

ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་ཞེས་པའི་བསླབ་བྱ་འདི་ཏུང་ཧོང་གཏེར་ཡིག་ལས་ཐོན་པ་དང་། གནའ་ཡིག་ཕལ་ཆེ་བ་དང་འདྲ་བར་ཆད་ལྷག་དང་ཡིག་ནོར་མངོན་གསལ་ཅན་མང་པོ་ཞིག་འདུག་ལ། གཞུང་འདིར་བོད་ཀྱི་མཁས་པ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་ཀྱིས་མཆན་འགྲེལ་བཀོད་པ་ཞིག་ཡིན།

    བསྟན་བཅོས་འདིའི་སྒྲིག་གཞི་ནི་གཅེན་གཅུང་གཉིས་ཀྱིས་ཕན་ཚུན་ལ་དྲི་བ་དྲིས་ལན་གྱི་རྣམ་པའི་ཆ་ནས་འཇིག་རྟེན་མི་ཆོས་ཀྱི་གནས་ལུགས་བསྟན་པ་ཞིག་ཡིན་ཞིང་། ཕུ་བོ་ལོ་ཉི་ཤུ་རྩ་དགུ་དང་ནུ་བོ་ལོ་བཅོ་བརྒྱད་ཡིན་ལ། ཕུ་བོས་རང་གི་ནུ་བོར་ཉམས་མྱོང་བསླབ་བྱ་བསྟན་པ་ཞིག་ཡིན། འདི་ལས་གནའ་དུས་བོད་མིའི་བསམ་བློ་དང་ཀུན་སྤྱོད་ཀྱི་རྣམ་གཞག་བསྟན་ཡོད། མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་ནས་ལྗགས་རྩོམ་གནང་བའི་མཆན་འགྲེལ་འདི་ནི་ཅུང་ཆ་ཚང་བ་དང་རྒྱུན་པར་སྤེལ་བའི་མི་ཆོས་རིག་པའི་གནའ་གཞུང་ཞིག་ཡིན་པ་སྟེ། གཅེན་གཅུང་གཉིས་ཀྱི་ཕན་ཚུན་དྲི་བ་དྲིས་ལན་གྱི་རྣམ་པའི་ཐོག་ནས་འཚོ་བ་དངོས་དང་སྤྱི་ཚོགས་དངོས་ཀྱི་ནང་རང་ཉིད་ཕྲད་སྲིད་པའི་གནད་དོན་མང་དག་ཅིག་བཀོད་ནས་དེ་དག་རེ་རེ་བཞིན་ཐག་གཅོད་བྱེད་ཐབས་ཞིབ་པར་བསྟན་འདུག་པས། ད་ལྟའི་སྤྱི་ཚོགས་ཀྱི་མི་རྣམས་ལ་མི་དང་མིའི་དབར་གྱི་འབྲེལ་བ་བྱེད་ལུགས་དང་བྱ་བ་བྱེད་ལུགས་སོགས་ཀྱི་བསླབ་བྱ་མི་ཉུང་བ་ཞིག་ལེན་རྒྱུ་འདུག་པས། བོད་པའི་བསམ་གཤིས་ཀྱི་རྣམ་པ་ཇི་བཞིན་དུ་མངོན་ཡོད།

    བསྟན་བཅོས་འདི་ནི་འཇིག་རྟེན་བྱ་གཞག་ཐད་ཀྱི་བསླབ་བྱ་ཡིན་སྟབས། སྐབས་དེའི་སྤྱི་ཚོགས་ཀྱི་ལམ་ལུགས་དང་བསམ་བློའི་འདུ་ཤེས་འཛིན་སྟངས། ཀུན་སྤྱོད་ཀྱི་སློབ་གསོ། གོང་འོག་དང་ཕན་ཚུན་ཏེ་མི་དང་མིའི་བར་གྱི་འབྲེལ་བ་སྣ་ཚོགས། ཆེ་བ་རྒྱལ་ཐབས་ནས་ཆུང་བ་ཁྱིམ་དོན་བར་གྲོས་དང་བྱ་བ་སྒྲུབ་ཐབས་ལ་སོགས་པ་ནང་དོན་སྣ་མང་ཕུན་སུམ་ཚོགས་ལ་བརྗོད་དོན་དེ་རྣམས་མངོན་པར་མཚོན་བྱེད་ཀྱི་བརྡ་དང་། མིང་གི་རྣམ་གྲངས། ཚིག་སྦྱོར་སོགས་ཀྱང་ཧ་ཅང་འཛོམས་པ་བཅས་མདོར་ན་གནའ་བོའི་བོད་ཀྱི་སྤྱི་ཚོགས་རིག་གནས་ཕྱོགས་གང་ཅིར་ཤེས་རྟོགས་དང་ཞིབ་འཇུག་བྱ་རྒྱུའི་དཔྱད་གཞི་རྫོགས་མཐའ་མེད་པ། གཉིས་ནས་ཕྱི་རྒྱལ་གྱི་རིག་གནས་སམ་རྟོགས་དཀའ་བའི་སངས་རྒྱས་ཆོས་ལུགས་ཀྱི་བླང་བྱ་སོགས་ཧ་ལམ་མ་འདྲེས་པས་བོད་མི་རིགས་རང་ཉིད་ཀྱི་གནའ་སྲོལ་དང་འབྲེལ་བའི་ལྟ་ཚུལ་རྗེན་པ་ཇི་སྙེད་ཅིག་མཚོན་པ་སོགས་ངོ་མཚར་དང་གསོན་ཉམས་ལྡན་པ། བོད་ཀྱི་ལོ་རྒྱུས་ཐོག་ཡི་གེར་འཁོད་པའི་ཆེད་རྩོམ་བསླབ་བྱ་ལས་འདི་ནི་ཆེས་སྔ་ཤོས་སུ་ཡིན་པ། རྩོམ་སྟངས་ཀྱི་ཁྱད་ཆོས་ཀྱང་གཅེན་གཅུང་གཉིས་ཕན་ཚུན་དྲི་བ་དྲིས་ལན་གྱི་ཚུལ་དུ་དོན་ཚན་རེ་རེ་བཞིན་ཚར་བུ་དངར་བའི་སྒོ་ནས་དྲི་བཤད་བགྱིས་འདུག་པ་སོགས་ཉན་སྤྲོ་ལ་ཀློག་འདོད་པའི་དགེ་མཚན་དམིགས་བསལ་ཞིག་ཡོད་པ། སྒྱུ་རྩལ་གྱི་ཐད་ནས་གནའ་བོའི་རྩོམ་རིག་གི་ནང་གསར་གཏོད་ཀྱི་རང་བཞིན་ལྡན་པ་ལ་སོགས་པའི་ཁྱད་ཆོས་མང་དུ་ལྡན་པ་ཞིག་ཡིན།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
41s7 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: ཤར་བ་ཚེ་རིང་། སྤེལ་དུས:2019/12/2
བོད་ཀྱི་ལོ་རྒྱུས་རྫ་ཆུ་གསིལ་མ་འདྲ་བ་དེ་རྒྱའི་ལོ་རབས་ཀྱི་ཀྱོག་ཤུར་ནང་དུ་དྲེངས་ཅི་ཐུབ་བྱེད་པ་འདི་ནི་སྐུ་ཉིད་དྲ་བའི་རྟེན་གཙོ་བོ་ཡིན་པ་འདྲ་། ད་ཧུར་ཐག་བྱོས
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
46487822
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1