ཆིང་རྒྱལ་རབས་སྐབས་སུ་བཞེངས་བའི་དགོན་སེར་ནུབ་མར་མཇལ་བའི་ཟིན་བྲིས། དགྲ་ཟོར།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 12 ཚེས 24 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ལོ་རྒྱུས།» ཡུལ་སྐོར་ཟིན་ཐོ་དང་བཏུས་རྩོམ། »ཆིང་རྒྱལ་རབས་སྐབས་སུ་བཞེངས་བའི་དགོན་སེར་ནུབ་མར་མཇལ་བའི་ཟིན་བ
ཆིང་རྒྱལ་རབས་སྐབས་སུ་བཞེངས་བའི་དགོན་སེར་ནུབ་མར་མཇལ་བའི་ཟིན་བྲིས། དགྲ་ཟོར།
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2019/11/4ལྟ་ཀློག (34530)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ཆིང་རྒྱལ་རབས་སྐབས་སུ་བཞེངས་བའི་དགོན་སེར་ནུབ་མར་མཇལ་བའི་ཟིན་བྲིས།  

  དགྲ་ཟོར།

ཐོག་མའི་གཏམ།

     སྤྱི་ལོ་1279ལོར་ཡོན་རྒྱལ་རབས་ཀྱི་གོང་མ་ཧུ་པེ་ལེས་འགྲོ་མགོན་ཆོས་རྒྱལ་འཕགས་པར་བཞེངས་བའི་白塔寺ནི་ལོ་རྒྱུས་ཐོག་པེ་ཅིན་དུ་བོད་བརྒྱུད་ནང་བསྟན་གྱི་དགོན་པ་བཞེངས་བ་ཆེས་ཐོག་མ་དེ་ཡིན་ཞིང་དུས་དེ་ནས་བཟུང་ལོ་རྒྱུས་ཀྱི་དུས་རིམ་སྣ་ཚོགས་པའི་ཁྲོད་དུ་སྔ་ཕྱིར་པེ་ཅིན་དུ་ད་ལྟའི་བར་དགེ་ལུགས་པ་གཙོ་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་དྲུག་ཅུ་ལྷག་བཞེངས་འདུག་ཅིང་། ད་ལྟ་མང་པོ་ཞིག་ཉམས་ནས་ཤུལ་དུ་ཟ་ཁང་དང་མགྲོན་མཁར་སོགས་བརྒྱབ་འདུག  དེ་དག་ལས་ད་སྐབས་མཇལ་སྐོར་བྱེད་ཆོག་པའི་དགོན་སྡེ་ཁག་ཏུ་ཁོ་བོ་ཕལ་ཆེ་བར་སོང་ཟིན་ལ།  ཕྱིས་སུ་ཡང་འགྲོ་ཐུབ་མེད་ས་ཁག་ཏུ་འགྲོ་འཆར་ཡིན།   དེས་ནས་སློབ་སྐབས་འདིར་ཁོ་བོས་གཟའ་མཇུག་གི་དུས་ཚོད་ཁོ་ན་བེད་སྤྱད་དེ།  རྒྱལ་དབང་སྐུ་ཕྲེང་ལྔ་བར་བཞེངས་བའི་ལྷ་ཁང་ནུབ་མ་དང་།  ཆོས་རྒྱལ་འཕགས་པར་བཞེངས་བའི་མཆོད་རྟེན་དཀར་པོའི་དགོན་པ།  ལྕང་སྐྱ་རིན་པོ་ཆེའི་དབུ་མཛད་ནས་བཞེངས་བའི་དགའ་ལྡན་བྱིན་ཆགས་གླིང་། ལྕང་སྐྱ་རིན་པོ་ཆེ་ལ་ཆེད་དུ་བཞེངས་བའི་བཀྲ་ཤིས་པར་གསོལ་བ་འདེབས་པའི་ལྷ་ཁང་།  མཆོད་རྟེན་ལྔའི་དགོན་པ།  དེ་མིན་ཧུ་པེ་ཞིང་ཆེན་ཞེ་ཧོར་ཡུལ་དུ་ཡོད་པའི་ཕོ་བྲང་པོ་ཏ་ལ་ཆུང་བ་དང་གཙང་བཀྲ་ཤིས་ལྷུན་པོར་དཔེར་བླངས་བའི་དགོན་པ་དང་བསམ་ཡས་གཙུག་ལག་ཁང་ལ་དཔེ་བླངས་བའི་དགོན་པ་སོགས་ལ་ཆེད་མཇལ་དུ་སོང་བ་ཡིན་ཞིང་། གང་ཞིག་མཐོང་བ་དང་ཐོས་པ་དག་ཟིན་ཐོར་བྲིས་པ་ཡིན་ལ་འདི་དག་ནི་ཅི་ཞིག་ཤེས་མདོག་དང་འཇོན་མདོག་གིས་སྒམ་ཚུགས་སྟོན་འདོད་པ་མིན་དེ། རང་ཉིད་ལོ་རྒྱུས་ལ་མོས་པ་ཡོད་མཁན་ཞིག་ཡིན་པའི་ངོས་ཐད་ནས་ལོ་རྒྱུས་ཀྱི་ས་གནས་ཁག་ལ་དངོས་སུ་སོང་ནས་ཟིན་ཐོར་འགོད་པ་ནི་ཐོག་མའི་སློབ་སྦྱོང་གི་ལམ་ལ་ཆས་ཚུལ་ཙམ་ཡིན་པས་རང་ལ་མཚོན་ན་མི་བརྗེད་པའི་བརྗེད་ཐོ་ཙམ་ལོང་བ་ལས་གཞན་ལྟ་རི་བ་དང་ཀློག་རི་བ་བློ་སྐྱེད་ཡོད་པ་གང་ཡང་ཡིན་མི་སྲིད་པས་ཀློག་མཁན་དག་གི་མཁྱེན་པར་མཛོད་ཅིག་གུ


     སྤྱི་ལོ་1644ལོར་མིང་རྒྱལ་རབས་ཀྱི་སྟོབས་ཤུགས་ཉམས་རྗེས་ཆིང་གོང་མས་བྱང་ཤར་ས་ཁུལ་དུ་སྲིད་དབང་བཙུགས།   རྒྱལ་དབང་ལྔ་བ་ཆེན་པོས་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་མ་ཐག་པའི་སྐབས་དེར་སེ་ཆེན་ཆོས་རྗེ་བྱ་བས་རྒྱལ་པཎ་གཉིས་ལ་ཆིང་གོང་མར་འབྲེལ་གཏུགས་གནང་དགོས་པའི་དགོངས་འཆར་བཏོན་པ་བཞིན་སླར་ཆོས་རྗེ་ཁོང་འབྲེལ་འཛུགས་སྐུ་ཚབ་ཀྱི་རྫོང་མདར་ཧྲིན་ཅིང་盛京ཏེ་དེང་གི་ཧྲིན་དབྱང་དུ་མངགས་ཏེ་ཆིང་གོང་མ་དང་ཐོག་མའི་འབྲེལ་འཛུགས་གནང་། ཆིང་གོང་མའི་སྲིད་གཞུང་མ་མཚོན་ན་ཡང་། བོད་སོག་ས་ཆར་དབང་བསྒྱུར་བྱེད་ཐུབ་པའི་ཆ་རྐྱེན་གལ་ཆེན་ཞིག་ནི། བོད་སོག་མི་དམངས་ཁྲོད་དུ་དར་ཁྱབ་དང་སྙན་གྲགས་ཆེ་བའི་དགེ་ལུགས་པ་དང་དེའི་ཚབ་བྱེད་མི་སྣ་རྒྱལ་པཎ་གཉིས་ལ་བརྟེན་དགོས་སྟབས་འབྲེལ་འཛུགས་ལ་མཐོང་ཆེན་གནང་།དེ་ནས་ཆིང་གོང་མ་ཧྲུན་ཀྲིས顺治པེ་ཅིན་ནས་རྒྱལ་ས་བཟུང་རྗེས་རབ་བྱུང་བཅུ་གཅིག་པའི་ལྕགས་ཡོས་སྤྱི་ལོ་1651ལ་བང་མི་ཆེད་དུ་བཏང་ནས་རྒྱལ་དབང་ལྔ་བ་ཆེན་པོ་དངོས་སུ་གདན་དྲངས་ཤིང་ལོ་དེར་དགོན་སེར་ནུབ་མ་西黄寺བཞེངས་ཤིང་1652དངོས་སུ་བཞེངས་གྲུབ། དགོན་སེར་ནུབ་མ།西黄寺ནི་ཆིང་རྒྱལ་རབས་དུས་ཀྱི་མི་རིགས་ལས་དོན་བདག་གཉེར་གླིང་གི་ཁོངས་སུ་གཏོགས་པའི་གོང་མའི་དགོན་པ་གལ་ཆེན་སྟེ། རྒྱལ་བ་པཎ་ཆེན་པེ་ཅིན་ལ་ཆིབས་བསྒྱུར་གནང་སྐབས་བཞུགས་སུ་གསོལ་སའི་དགོན་པ་ཡིན་པར་འདུག  གོང་མས་དགོན་སེར་ནུབ་མའི་ནུབ་ངོས་སུ་དྭངས་གསལ་འཕྲུལ་གྱི་རྟེན་དང་བརྟེན་པ་གསར་བཞེངས་གནང་། ད་ལྟ་འདི་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་སྡེ་ཚན་གལ་ཆེན་གྲས་སུ་ཚུད་ཡོད་པ་རེད་འདུག   རབ་བྱུང་བཅུ་གཅིག་པའི་ཆུ་འབྲུག་སྤྱི་ལོ་1652ཟླ་གསུམ་པ་ལ་རྒྱལ་དབང་མཆོག་བོད་ཀྱི་དཔོན་རིགས་སེར་སྐྱ་སྐུ་འཁོར་སྟོང་ཕྲག་གསུམ་ཙམ་དང་བཅས་བོད་ནས་པེ་ཅིན་དུ་ཆིབས་ཞལ་བསྒྱུར།  ལོ་དེའི་ཟླ་བཅུ་གཉིས་པར་པེ་ཅིན་གྱི་གོང་མའི་ཕོ་བྲང་དུ་ཞབས་སོར་འཁོད།  གོང་མས་པེ་ཅིན་ནས་རྒྱལ་དབང་མཆོག་ལ་བཞུགས་གནས་ཆེད་བཞེངས་དང་བཞུགས་ཁྲི་ཡང་གོང་མ་ལས་ཅུང་ཙམ་དམའ་བའི་ཁྲི་བརྒྱབ་པ་སོགས་གཞིས་ལེན་གཟབ་རྒྱས་མཛད།  རྒྱལ་དབང་འཁོར་བཅས་ཕོ་བྲང་དུ་ཟླ་བ་གཉིས་རིང་བཞུགས་པར་མཛད། སྐབས་དེའི་མཇལ་འཕྲད་ཀྱི་རྣམ་པ་ནི་ཕྱིས་རྩེ་པོ་ཏ་ལའི་ཕོ་བྲང་གི་ལྡེབས་རིས་སུ་བཞེངས་ཡོད་པ་ལས་ཤེས་པ་ལྟར་ལགས་སོ།། རྒྱལ་དབང་མཆོག་ཕྱིར་ཕེབས་སྐབས་གོང་མའི་རུ་བརྒྱད་ཀྱི་དམག་八旗兵གིས་ཕེབས་སྐྱེལ་དང་གོང་མས་རྒྱལ་དབང་མཆོག་ལ་ཏཱ་ལའི་བླ་མ་ཞེས་པའི་གསེར་ཐམ་དང་རྒྱ་བོད་སོག་གསུམ་གྱི་ཡིག་རིགས་ལས་གྲུབ་པའི་འཇའ་ས་བཅས་ལེགས་པར་གནང་ནས་རྒྱལ་དབང་མཆོག་གི་མཚན་ལ་ཏཱ་ལའི་བླ་མ་ཞེས་གོང་མས་གཏན་འཁེལ་ལྟ་བུར་འཇགས་པར་གྱུར་ཏོ། །


     སྤྱི་ལོ1763ལོར་བོད་ཀྱི་སྲིད་སྐྱོང་ནི་དེ་མོ་རིན་པོ་ཆེས་མཛད་ཡོད་ཅིང་ཆིང་གོང་མ་ཆན་ལུང་ངམ་བོད་ཀྱིས་ལྷ་སྐྱོང་རྒྱལ་པོར་འབོད་པས་མེས་རྒྱལ་ནང་ཁུལ་ཞེ་ཧོར热河བྱ་བ་ད་ལྟའི་ཧོ་པེ་ཞིང་ཆེན་གྱི་ཁྲིན་ཏེ𠄘德གྲོང་ཁྱེར་གྱི་གོང་མའི་ཚ་བྱོལ་ཕོ་བྲང་避暑山庄གི་ཉེ་འགྲམ་དུ་བོད་ཀྱི་ཕོ་བྲང་གྲུ་འཛིན་གཉིས་པ་པོ་ཏ་ལ་དཔེར་བླངས་ནས་བཞེངས་པའི་དགོན་སྡེ་གསར་འཛུགས་མཛད། འདིའི་སྐོར་ཁོ་བོ་ཆེད་དུ་ཧུ་པེ་ཞིང་ཆེན་གྱི་ཞེ་ཧོར་ཡུལ་དུ་ཆེད་དུ་མཇལ་སྐོར་དུ་སོང་བའི་སྐབས་སུ་བྲིས་པའི་རྒྱ་ནག་ལྷ་སའམ་ཞེ་ཧོར་ཡུལ་དུ་བསྐྱོད་པའི་ཟིན་བྲིས་ཞེས་པའི་ནང་རྒྱས་པར་བྲིས་ཡོད་པས་འདིར་དེ་ཙམ་གྱིས་འཐུས་པར་བྱེད་དོ།།

     སྤྱི་ལོ1779ལ་གོང་མས་གདན་ཞུས་ལྟར་པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་མཆོག་བོད་ནས་བཏེགས་ཏེ་རྒྱ་ནག་ཏུ་ཆིབས་ཞལ་བསྒྱུར། དེའི་དུས་སུ་ལྕང་སྐྱ་རིན་པོ་ཆེ་གོང་མའི་དབུ་བླ་མཛད་ཡོད་པར་བརྟེན་གོང་མ་ཆན་ལུང་དགུང་གྲངས་བདུན་ཅུའི་དགའ་སྟོན་དང་འབྲེལ་གོང་མས་ཞེ་ཧོར་དུ་བཀྲ་ཤིས་ལྷུན་པོར་དཔེ་བླངས་ཀྱི་པཎ་ཆེན་རིན་པོ་ཆེར་བཞུགས་གནས་གཟིམ་ཁང་དང་ལྷ་ཁང་མཆོད་ཁང་ནས་གྲ་ཤག་དང་བཅས་བཞེངས། 1780ལོར་པཎ་ཆེན་སྐུ་ཕྲེང་དྲུག་པ་འཁོར་དང་བཅས་པ་མདོ་སྨད་སྐུ་འབུམ་བརྒྱུད་གོང་མའི་དབུ་བླ་ལྕང་སྐྱ་རོལ་བའི་རྡོ་རྗེ་དང་གོང་མའི་ལྷ་སྲས་དྲུག་པ་བཅས་ཀྱིས་ཆིབས་བསུ་རིང་ཐུང་དང་ཤངས་ལེན་གཟབ་རྒྱས་ཐོག་གོང་མའི་དབྱར་གནས་ཞེ་ཧོར་དུ་ཕེབས་ཏེ་བཀྲ་ཤིས་ལྷུན་པོའི་བླ་བྲང་ལྷ་ཁང་གསར་བཞེངས་སུ་བཞུགས་ཤིང་། གོང་མ་ཆན་ལུང་དང་མཇལ་འཛོམས་རྒྱས་པ་གནང་།


     ཆན་ལུང་ཁྲི་ལོ45པ(1780ལོའི)བོད་ཀྱི་པཎ་ཆེན་སྐུ་ཕྲེང་དྲུག་པས་ཆན་ལུང་གོང་མ་དགུང་ལོ་བདུན་ཅུར་སོན་པར་རྟེན་འབྲེལ་ཞུ་ཆེད་གཞིས་རྩེ་བཀྲ་ཤིས་ལྷུན་པོ་ནས་ལམ་ལ་ཆས་པ་དང་ལམ་ཐག་རིང་པོ་ལེ་དབར་ཁྲི2ལྷག་བརྒྱུད་དེ་ཟླ་13རིང་ཁྲེང་ཏེ་རུ་ཕེབས་པ་རེད། གོང་མ་ཆན་ལུང་གིས་གཟབ་རྒྱས་ངང་པཎ་ཆེན་སྐུ་ཕྲེང་དྲུག་པ་བསུ་ཆེད་གཞིས་ཀ་རྩེ་བཀྲ་ཤིས་ལྷུན་པོར་དཔེ་བྱས་ཏེ་须弥福寿之庙དགོན་པ་བཞེངས། 须弥福寿之庙ཡང་ད་ལྟའི་ཧོ་པེ་ཞིང་ཆེན་ཁྲིན་ཏེ𠄘德གྲོང་ཁྱེར་གྱི་གོང་མའི་ཚ་བྱོལ་ཕོ་བྲང་避暑山庄གི་ཉེ་འགྲམ་དུ་ཡོད་པར་འདུག 


     སྤྱི་ལོ་1908ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆིང་གོང་མ་དང་དབང་འཛིན་པ་རྒྱལ་ཡུམ་ཚི་ཞི་ཐེ་ཧོའུ་རྣམས་གཉིས་ཀྱིས་བཀའ་མངགས་ལྟར་རྒྱལ་དབང་མཆོག་པེ་ཅིན་དུ་གདན་དྲངས་སྐབས་དགོན་སེར་ནུབ་མ西黄寺ནས་བཞུགས། 


     དྭངས་གསལ་འཕྲུལ་གྱི་མཆོད་རྟེན།སྤྱི་ལོ་1782ལོར་ལྷ་སྐྱོང་ཁྲི་ལོ་ཞེ་བདུན་པར་བཞེངས་ཤིང་། རྒྱ་གར་རྡོ་རྗེ་གདན་ལ་དཔེ་བླངས་ནས་བཞེངས། པན་ཆེན་སྐུ་ཕྲེང་དྲུག་པ་སྐུ་འདས་རྗེས། ལྷ་སྐྱོང་གོང་མས་རྗེས་དྲན་གྱི་ཆེད་བཞེངས་ལ་ནང་རྟེན་དུ་རྒྱལ་བའི་བཀའ་བསྟན་བཅོས་དང་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་སྐུ་གཟན་སོགས་ཡོད་པར་གྲགས།



     འདིར་རྡོ་རིང་གཉིས་འདུག་ཅིང་གཅིག་ནི་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་ལ་རྒྱལ་པོས་བྲིས་པའི་བསྟོད་ཚིག་བརྐོས་པའི་རྡོ་རིང་རེད་ལ་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་ལ་ཆེད་དུ་བཞེངས་བ་རེད་འདུག  རྡོ་རིང་གི་མདུན་ངོས་སུ་འཕགས་ཡུལ་ས་ལའི་ལྗོན་ཤིང་དང་། དེ་ཡི་གོང་དུ་རྒྱ་བོད་མན་སོག་ཡིག་རིགས་བཞི་ལས་བསྟོད་ཚིག་བརྐོས་འདུག  འཕགས་ཡུལ་ས་ལའི་ལྗོན་ཤིང་དང་བསྟོད་ཚིག་དག་གོང་མ་སྐུ་ངོ་མའི་ཕྱག་བྲིས་ཕྱག་བསྟར་མ་ཡིན་ཞེས་བྲིས་འདུག    ཅིག་ཤོས་ནི་དྭངས་གསལ་འཕྲུལ་གྱི་མཆོད་རྟེན་སྐོར་གྱི་རྡོ་རིང་བཞེངས་གྲུབ་པའི་རྗེས་པཎ་ཆེན་སྐུ་ཕྲེང་དྲུག་པར་དྲན་གསོ་ཞུ་ཆེད་ལྷ་སྐྱོང་གོང་མ་མཆོག་གིས་མཛད་གནང་བའི་ཕྱག་བྲིས་ཕྱག་བསྟར་མ་རེད་འདུག་ཅིང་རྡོ་རིང་གི་མདུན་ངོས་སུ་རྒྱ་ཡིག་དང་མན་ཇུའི་ཡི་གེ་དང་རྒྱབ་ངོས་སུ་སོག་ཡིག་དང་བོད་ཡིག་བརྐོས་འདུག   རྡོ་རིང་འདི་གཉིས་ནི་ད་ལྟའི་དགོན་སེར་ནུབ་མའི་གཡས་གཡོན་དུ་ཡོད་འདུག་ལ་སྔར་གྱི་དགོན་སེར་ནུབ་མའི་ཤུལ་དུ་ད་ལྟ་དམག་མའི་ཁང་པ་ཞིག་ལས་འདུག་ལ་ད་ལྟའི་དགོན་སེར་ནུབ་མ་ནི་སྔར་གྱི་དགོན་སེར་ནུབ་མའི་གཞོགས་ཞིག་ཏུ་བསྐྱར་བཞེངས་བྱས་འདུག   


2019.10.19དགོན་སེར་ནུབ་མར་བྲིས།




གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
urkx བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
46485895
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1