ཕ་མའི་དྲིན་གཟོ་དང་འབྲེལ་བའི་མགུར་དབྱངས་ཐར་འདོད་སྙིང་གི་བདུད་རྩི་ཞེས་བྱ་བ།
ཨོཾ་མ་ཎྀ་པདྨེ་ཧཱུཾཿ།
མགོན་པོ་སྤྱན་རས་གཟིགས་ལ་གསོལ་བ་འདེབས།།
རྒྱལ་ཁམས་སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །
མར་གྱུར་འགྲོ་བའི་དྲིན་ལན་གསབ་པའི་ཕྱིར།།
ཚེ་རབས་ཀུན་ཏུ་ཕན་པའི་སྨོན་ལམ་འདེབས།།
སྐྱེ་བ་ཐོག་མ་མེད་པའི་དུས་ཤིག་ནས།།
འཁོར་བའི་གནས་འདིར་རྒྱུན་ཆད་མེད་པར་འཁྱམས།།
ཕ་མར་མ་གྱུར་སེམས་ཅན་འགའ་ཡང་མེད།།
དེ་ཡི་དྲིན་ལན་ཆོས་ཀྱིས་འཁོར་བར་ཤོག །
ཟླ་དགུ་ཞག་བཅུའི་བར་དུ་ལུས་ལ་བཟུང་།།
བཙས་ནས་ཉིན་མཚན་ཀུན་ཏུ་གཅེས་པར་བསྐྱངས།།
དཔྲལ་བའི་མིག་དང་ཁོང་བའི་སྙིང་བཞིན་བསམ།།
དེ་ཡི་དྲིན་ལན་ཆོས་ཀྱིས་འཁོར་བར་ཤོག
།
རྙེད་དཀའི་རྟེན་བཟང་དེ་འདྲ་ཐོབ་པའི་ཚེ།།
ཡིད་བཞིན་ནོར་རྙེད་ལྟ་བུར་དགའ་སྤྲོ་སྐྱེས།།
ཕན་པ་ཚད་མེད་དྲིན་གྱིས་ཇི་ལྟར་བསྐྱངས།།
དེ་ཡི་དྲིན་ལན་ཆོས་ཀྱིས་འཁོར་བར་ཤོག །
བརྩེ་བའི་འཛུམ་གྱིས་བསུས་ཤིང་་ནུ་ཞོས་གསོས།།
གཉིད་དང་ལྟོ་བཅག་ཤ་ཡི་དྲོད་ལ་སྦྱར།།
སྣབས་ལུད་མི་གཙང་ཁ་དང་ལག་པས་ཕྱིས།།
དེ་ཡི་དྲིན་ལན་ཆོས་ཀྱིས་འཁོར་བར་ཤོག །
རང་གིས་སྡིག་སྡུག་གཏམ་ངན་ཁྱད་བསད་ནས།།
འབད་པས་བསགས་པའི་རྒྱུ་ནོར་མ་ལུས་པ།།
བུ་ལ་འཕྲོད་ཚེ་བསམ་པ་འགྲུབ་སྙམ་ཤར།།
དེ་ཡི་ལན་ཆོས་ཀྱིས་འཁོར་བར་ཤོག །
བསྒྲུབ་པའི་ནོར་རྫས་རང་ལ་བཞག་ན་ཡང་།།
སྡིག་པའི་རྣམ་སྨིན་ཕ་མ་དག་གིས་འཁུར།།
བུ་ཕྲུག་རྒྱགས་པས་བསམ་བློ་ག་ལ་ཐོངས།།
དེ་ཡིས་དྲིན་ལན་ཆོས་ཀྱིས་འཁོར་བར་ཤོག།
ལྷན་ཅིག་འཚོགས་ནས་གཏན་དུ་འདུག་རྩིས་བྱས།།
གློ་བུར་འཆི་བདག་འོངས་ནས་འཁྲིད་པའི་ཚེ།།
རྒྱུས་མེད་བར་དོའི་འཕྲང་ལ་གཅིག་པུར་སོང་།།
དེ་ཡི་དྲིན་ལན་ཆོས་ཀྱིས་འཁོར་བར་ཤོག །
ཀྱེ་མ་ཀྱེ་ཧུད་ཕ་མ་དྲིན་མོ་ཆེ།།
ད་ལྟ་འགྲོ་དྲུག་བར་དོའི་གནས་གང་ན།།
མཐོ་དམན་སྐྱིད་སྡུག་ཇི་འདྲ་སུ་ཡིས་ཤེས།།
དེ་ཡི་དྲིན་ལན་ཆོས་ཀྱིས་འཁོར་བར་ཤོག།
ཟས་ནོར་སྐལ་བ་རྗེས་སུ་སྐྱེལ་ལུགས་མེད།།
དཀར་པོ་དགེ་བ་མ་གཏོགས་ར་མདའ་མེད།།
སྐྱབས་གནས་བསླུ་མེད་བླ་མ་དཀོན་མཆོག་མཁྱེན།།
དེ་ཡི་དྲིན་ལན་ཆོས་ཀྱིས་འཁོར་བར་ཤོག །
འདིར་འཚོགས་རྒན་གཞོན་སེར་སྐྱ་ཕོ་མོ་རྣམས།།
དུས་རྒྱུན་ཕ་མའི་དགེ་རྩ་སྒྲུབ་ལ་རེམ།
འདི་འདྲའི་ལ་ཡོག་རང་ལ་ཡོང་ངེས་ཡིན།།
ཕ་མའི་དྲིན་ལན་ཆོས་ཀྱིས་འཁོར་བར་ཤོག །
དལ་བའི་རྟེན་བཟང་ལན་གཅིག་ཐོབ་དུས་འདིར།།
མི་ཚེ་དོན་མེད་སྡིག་ལ་གཟད་གྱུར་ན།།
མ་འོངས་གཤིན་རྗེའི་ཁྲིམས་རྭར་འཇིགས་པ་ཆེ།།
ཚུལ་འདིར་ད་ནས་བསམ་བློ་གཏོང་རན་ཡིན།།
ཐོག་མེད་དུས་ནས་བསགས་པའི་སྡིག་ལྟུང་ལ།།
འགྱོད་སེམས་དྲག་པོས་གཤགས་སྦྱངས་མ་བྱས་ན།།
དཀར་ནག་ལས་ཀྱི་འབྲས་བུ་འཆོར་བ་མེད།།
རྣམ་སྨིན་ཐོག་ཏུ་བབས་ཚེ་འགྱོད་ཀྱང་འཕྱི།།
རྒྱུ་ནོར་མི་རྟག་རྩ་ཁའི་ཟིལ་བ་འདྲ།།
ཚེ་སྲོག་རླུང་ནང་མར་མེ་ཇི་བཞིན་གཡོ།།
འདི་ཕྱི་ཀུན་ཏུ་ཕན་པ་དམ་པའི་ཆོས།།
ལེ་ལོ་མེད་པར་མྱུར་དུ་སྒྲུབ་ན་ལེགས།།
དེང་སང་སྙིགས་མའི་མི་རྣམས་འགྱུར་ལྡོག་ཆེ།།
འགྲོགས་ཡུན་རིང་ན་ལྷག་པར་ཇེ་ངན་ཡིན།།
ངན་སེམས་འཆང་བ་བསོད་ནམས་ཟད་པའི་རྒྱུ།།
མི་ལ་ངན་སེམས་མ་འཛིན་སྙིང་གཏམ་ཡིན།།
དམ་ཆོས་ཟབ་མོ་ཚུལ་བཞིན་སྒྲུབ་འདོད་ན།།
དཀོན་མཆོག་གསུམ་དངོས་མཚན་ལྡན་བླ་མ་ལ།།
དད་གུས་བརྟན་པོ་འགྱུར་བ་མེད་པ་དགོས།།
འདི་ནི་མེད་མི་རུང་ངོ་ཤེས་ལྡན་རྣམས།།
ལུས་ཀྱིས་ཕྱག་མཆོད་སྐོར་བ་སྨྱུང་གནས་དང་།།
ངག་གིས་གཟུངས་སྔགས་ཡིག་དྲུག་བཟླས་བརྗོད་དང་།།
ཡིད་ཀྱིས་བླ་མ་ལྷ་ལ་གསོལ་འདེབས་རྣམས།།
ལུས་ངག་ཡིད་གསུམ་དགེ་ལ་སྦྱོར་ཚུལ་ཡིན།།
བླ་མ་དགེ་འདུན་སྡེ་ལ་བསྙེན་བཀུར་དང་།།
རྟེན་གསུམ་བཞེངས་དང་ཚེ་ཐར་སྲོག་བླུ་སོགས།།
དགེ་རྩ་གང་བསྒྲུབ་ཕ་མའི་དོན་ཡིན་པས།།
ཕ་མ་སེམས་ཅན་སངས་རྒྱས་ཐོབ་ཕྱིར་བསྔོས།།
རྒྱལ་བའི་གསུང་རབ་མགུར་དུ་བཞེངས་བ་ལ།།
ཚིག་དོན་ལེགས་པར་ཉན་པའི་མི་ཡོད་དམ།།
གཏན་གྱི་བདེ་སྐྱིད་སྒྲུབ་ཚུལ་བཞག་པ་ལ།།
ཇི་བཞིན་ལག་ཏུ་ལེན་པའི་མི་ཡོད་དམ།།
ཐར་བར་འདྲེན་བྱེད་ཐུགས་རྗེའི་ལྕགས་ཀྱུ་ལ།།
དད་པའི་ཨ་ལོང་ཅན་གྱི་མི་ཡོད་དམ།།
ཕ་མའི་དྲིན་ལན་ཚུལ་བཞིན་འཇལ་བ་ལ།།
དཀའ་སྤྱད་སྙིང་རུས་ཆེ་བའི་མི་ཡོད་དམ།།
དེ་སྐད་དུ་ཡང་ཕྱོགས་མེད་རྒྱལ་ཁམས་པའི།།
དད་པ་ཅན་གྱི་སེར་སྐྱ་ཕོ་མོ་རྣམས།།
དམ་པའི་ཆོས་ལ་ཡང་དག་བསྐུལ་པའི་ཕྱིར།།
དབེན་པའི་རི་ཁྲོད་ཅིག་ནས་སྨྲས་པ་ཡིན།།
འོད་དཔག་མེད་དང་སྤྱན་རས་གཟིགས་མགོན་མཁྱེན།།
ངན་སོང་འཁོར་བའི་སྐྱེས་སྒོ་གཅད་དུ་གསོལ།།
དམིགས་ཡུལ་ཉམས་ཐག་འགྲོ་ལ་ཐུགས་རྗེས་གཟིགས།།
མཐོ་རིས་ཐར་བའི་ལམ་སྣ་དྲངས་དུ་གསོལ།།
ཅེས་ཕ་མའི་དྲིན་གཟོ་དང་འབྲེལ་བའི་མགུར་དབྱངས་ཐར་འདོད་སྙིང་གི་བདུད་རྩི་ཞེས་བྱ་བ་འདི་ནི།
གཅིག་ཏུ་རང་ལ་རེ་ལྟོས་ཆེ་བའི་དད་པ་ཅན་ཨ་འབྱུང་སྡེ་བའི་སྔགས་འཆང་དགེ་འཕེལ་གྱིས་སྡེ་གཞུང་གིས་མ་ཎྀ་འཛུགས་སྐབས་སུ་མ་ཎྀ་སྐུལ་རྒྱུ་འདི་འདྲ་ཞིག་དགོས་ཞེས་ཡང་ཡང་ནན་ཆེ་བར་བསྐུལ་བའི་ངོར།
རྒྱལ་ཁམས་མྱུལ་བའི་ལྡོམ་བུ་བ།
ཀོའུ་བ་སྤྲུལ་མིང་བ༧བློ་བཟང་བཤད་སྒྲུབ་རྒྱ་མཚོས་དམ་པ་གོང་མའི་གསུང་ལ།
རྗེས་བཟློས་ཀྱི་ཚུལ་དུ་ཅུང་ཟད་རྒྱས་བསྡུས་རན་པ་ཞིག་སྦྱར་བ་འདི་རྣ་བས་ཐོས་ཚད་ཐམས་ཅད་ཀྱི་ངན་སོང་གི་སྐྱེས་སྒོ་ཁེགས་པར་ཤོག་ཅིག
།
༧མདོ་སྔགས་རིག་གནས་དང་བཅས་པར་གཞན་དྲིང་མི་འཇོག་པའི་མཁྱེན་རབ་ཀྱི་ཀློང་བརྡོལ་བའི་ཀོའུ་བ་བློ་བཟང་བཤད་སྒྲུབ་རྒྱ་མཚོ་མཆོག་ནི།
ཕྱི་ལོ༡༩༠༤ལོར་སྐུ་འཁྲུངས་པ་དང་། ཕྱི་ལོ༡༩༤༦ལོར་སྐུ་མྱ་ངན་ལས་འདས་སོ།།
གསུང་འབུམ་པོད་བཅུ་གཅིག་ལྷག་མཛད་མོད།
རིག་གནས་གསར་བརྗེ་ཆེན་མོའི་དྲག་རླུང་ཁྲོད་དུ་ཐིམ་སོང་བ་དང་ད་ལྟ་ཐར་ཐོར་རེ་ལྷག་ཡོད་པ་གསུང་འབུམ་པོད་གཉིས་ཙམ་ཡོད་དོ།།
ཁོང་གི་སྐུ་པར་འདི་ནི་ལྷ་རིས་པ་ཨ་མདོ་བྱམས་པའི་ཕྱག་བྲིས་ཡིན། ཞོ་བཟང་དགེ་འདུན་ཚུལ་ཁྲིམས་ཀྱིས་མཁོ་སྤྲོད་བྱས་པའོ།།
|