གཙུག་ལག་ཁང་གི་གོ་དོན་དང་ས་སློང་ཚུལ་སོགས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 12 ཚེས 23 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» རྒྱུན་ཤེས། ཆོས་སྤྱོད། »གཙུག་ལག་ཁང་གི་གོ་དོན་དང་ས་སློང་ཚུལ་སོགས།
གཙུག་ལག་ཁང་གི་གོ་དོན་དང་ས་སློང་ཚུལ་སོགས།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/12/29ལྟ་ཀློག (3978)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


གཙུག་ལག་ཁང་།

      སྤྱིར་གཙུག་ཁང་ཞེས་པ་ནི་མི་རྣམས་ཀྱི་སྤྱི་བོའམ། མགོའམ་གཙུག་གིས་བཀུར་བར་འོས་པའི་གང་ཟག་དང་། ལྷག་པར་དུ་གཙུག་ལག་ཅེས་རིག་པའི་གཞུང་ལུགས་རྩ་ཆེན་རྣམས་ལ་གོ་དགོས་ལ། དེ་དག་བཞུགས་པའི་ཁང་བ་ལ་ཟེར། བྱེ་བྲག་ནང་པའི་གཙུག་ལག་གི་གོ་དོན་ནི། གཙུག་ཏུ་བཀུར་བ་ནི་དམ་པའི་ཆོས་དང་དེའི་ཡན་ལག་སངས་རྒྱས་དང་དགེ་འདུན་གཉིས་བཅས་ཡིན་ལ། དེ་གསུམ་གྱི་བསྟི་གནས་ལ་གཙུག་ལག་ཁང་ཞེས་གྲགས། ནང་བའི་གཙུག་ལག་ཁང་གི་ཐོག་མ་དེ་ནི་རྒྱལ་བོའི་ཁབ་ཀྱི་རྒྱལ་བྱེད་ཚལ་གྱི་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་དེ་རེད།

1དགོས་པ།

     གཙུག་ལག་ཁང་གི་དགོས་པ་ནི། དེ་ལ་བརྟེན་ནས་སྐྱེ་བོ་མང་བོའི་རྒྱུད་ལ་ལེགས་བཤད་ཀྱི་ཡོན་ཏན་འགོ་བ་དང་། གང་ཞིག་ཆོས་ཡིན་པ་དང་གང་ཞིག་ཆོས་མ་ཡིན་པའི་བླང་དོར་མ་ནོར་བར་ཤེས་པའི་ཕན་པ་དང་། ཐོས་བསམ་སློབ་གཉེར་གྱི་བྱ་བ་གོང་འཕེལ་གྱིས་མཁས་པ་རྒྱུན་མི་ཆད་པ་འབྱུང་བའི་དགོས་པ་ཡོད། སྔོན་རྒྱ་གར་གྱི་ནང་བའི་སློབ་གྲྭ་ཆེན་མོ་ནཱ་ལེནྡྲ་དང་། བི་ཀྲ་མ་ལ་ཤཱི་ལ། ཨོ་ཏན་ཏ་པཱུ་རི་སོགས་ལ་ནང་བའི་མདོ་སྔགས་ཀྱི་རིག་གནས་ཁོ་ན་ཙམ་མ་ཡིན་པར་ཕྱི་ནང་གི་གཙུག་ལག་ཀུན་སློབ་ས་ཡོད་པར་གསུངས།

2བཞེངས་པའི་དགོས་པ།

      གྲོང་ངམ་གྲོང་ཁྱེར་སོགས་སྐྱེ་བོ་འདུ་གནས་སུ་བཞེངས་པ་ནི། མི་མང་བོས་སངས་རྒྱས་ཀྱི་ཡོན་ཏན་དྲན་པས་མཆོད་པ་དང་། ནང་རིག་གི་ཐོས་བསམ་ལ་ཞུགས་ཐུབ་པའི་དགོས་པ་ཡོད་ལ། དབེན་པའི་གནས་སུ་བཞེངས་པ་ནི་དགེ་འདུན་པ་རྣམས་རྣམ་གཡེང་མེད་པར་སློབ་སྦྱོང་འཕེལ་ཞིང་འདུལ་ཁྲིམས་རྣམ་པར་དག་པའི་དགོས་པ་ཡོད་པ་རེད། དེ་ལ་ཐོག་མར་ས་ཆ་བརྟག་དཔྱད་དང་། སའི་བདག་པོ་ལས་ས་ཉོ་ཞིང་བསླང་བ་དང་། སྔོན་ལ་བཀྲ་ཤིས་གསོ་སྦྱོང་བྱས་རྗེས་གཞི་ནས་ཨར་ལས་འགོ་བཙུགས་དགོས་པ་འདུལ་བའི་གཞུང་ནས་གསུངས་ཡོད། དེ་ནི་གང་དང་འབྲེལ་ཚད་རྩོད་པ་མེད་པར་ཞི་ཞིང་མཐུན་པའི་དགོས་པ་ཡོད་པ་ཡིན།

3ཚད།

      གཙུག་ལག་ཁང་གི་ཚད་ནི། དགེ་སློང་ཕའི་གཙུག་ལག་ཁང་ལ་ཐོག་ལྔ་བརྩེགས་དང་། གཙང་ཁང་དང་། སྒོ་ཁང་དང་རབ་གསལ་ལྟ་བུ་བདུན་བརྩེགས་བྱེད་ཆོག དགེ་སློང་མའི་གཙུག་ལག་ཁང་ལ་མཚོན་ན་ཐོག་སུམ་བརྩེགས་དང་། གཙང་ཁང་དང་སྒོ་ཁང་ལ་རབ་གསལ་ལྟ་བུ་ལྔ་བརྩེགས་བྱེད་ཆོག ས་ཆའི་རྒྱ་ཁྱོན་དང་བསྟུན་ནས་བརྩེགས་དགོས་པར་གསུངས་ཡོད། དབྱིབས་ནི་གཙོ་བོ་གྲུ་བཞི་ཡིན་རུང་ཟུར་བརྒྱད་དང་ཟླུམ་པོ་ཡང་མི་རུང་བ་མ་རེད། བྱ་བ་བསྡུས་པ་ལས། ཟླུམ་བུའི་དྲི་བཟང་ཁང་གི་ལས། །ཡང་ན་གྲུ་བཞིའི་ལས་ཅན་ཏེ། །ཞེས་དང་། ཇི་སྙེད་སུམ་ཅུ་རྩ་དྲུག་པའི། །ཤིན་ཏུ་ཟླུམ་པོའི་གཟུགས་ཅན་བྱ། །གང་གང་དྲི་ཡི་གཙང་ཁང་འདི། །གྲུ་བཞི་བར་ཡང་ལྟ་བར་བྱ། །དེ་ལྟའི་གཟུགས་རྣམས་མངོན་འདོད་པས། །དེ་སྙེད་ཆ་ཤས་རྣམས་ཀྱང་བྱ། །ཞེས་བསྟན་པ་ལྟར་རྒྱ་གར་སོགས་ལ་དེ་ལྟར་བཞེངས་ཡོད་པ་རེད།

4བཀོད་པ་གཞན་དག

     ཐུན་མོང་དུ་སྟེང་དུ་འཛེགས་པའི་རྡོ་ས་ཤིང་གི་ཐེམ་སྐས་གསུམ་དང་། ཡང་ན་ཤིང་སྨིག་མ་ཐག་པའི་སྐས་ཀ་བྱས་ཀྱང་ཆོག ཁྱམས་ཀྱི་དབུས་སུ་སེང་གེའི་ཁྲི་རྒྱན་དང་རྐང་རྟེན་དང་བཅས་པ། སྟེང་དུ་བླ་བྲེས། དར་དཔྱངས། དེ་དག་གི་འཁོར་གྱི་ཁྱམས་ཟླུམ་པོ་དང་། བསིལ་བའི་ཆེད་དུ་སྐར་ཁུང་གི་དྲ་མིག་གམ་སྒོ་ཁྲ་ཅན་བྱ་ཆོག རབ་བྱུང་གི་ཀུན་དགའ་ར་བ་མཐའ་བསྐོར་བ་དང་། དེའི་ཕྱི་རོལ་ཏུ་ཤིང་བཙུགས་པའི་བསྐོར་དང་། འོབས་སོགས་སྲུང་ཐབས་ཀྱང་བྱེད་དགོས་པར་གསུངས་ཡོད། འདི་རྒྱ་གར་གྱི་གནམ་གཤིས་དང་ཁོར་ཡུག་ལ་འཚམས་པར་བསྟན་ཡོད། ཡུལ་གྲུ་གཞན་དུ་ཡུལ་དེའི་ཁོར་ཡུག་དང་འཛུགས་སྐྲུན་གྱི་ལག་རྩལ་དང་མཐུན་པར་བཞེངས་ཡོད་པའོ། །

རྒྱ་ཡིག་གི་མིང་། 经堂(寺庙)大殿

འབྲི་གུང་དཀོན་མཆོག་རྒྱ་མཚོས་བརྩམས་པའི《བོད་བརྒྱུད་ནང་བསྟན་གྱི་རྟེན་དང་ཡོ་བྱད་ཀྱི་མཚོན་དོན་འགྲེལ་བཤད》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།2015ལོའི་ཟླ3པའི་པར་ཐེངས་དང་བོ།ཤོག་ངོས94ན་གསལ།

རི་ཁྲོད་པའི་འདུ་ཁང་གསར་སྐྲུན་སྐབས་ཀྱི་བཀའ་བསྒོའི་ཚིགས་བཅད།

རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན།

     བླ་མ་ཡིད་དམ་ཆོས་སྐྱོང་སྲུང་མའི་ཚོགས། །གནས་གསུམ་མཁའ་འགྲོ་མ་མོ་འབུམ་སྡེ་དང་། །ཕྱོགས་འདིའི་ལྷ་ཀླུ་གཞི་བདག་དཀར་ཕྱོགས་རྣམས། །རྣལ་འབྱོར་བདག་གི་བདེན་པའི་ཚིག་འདི་གསོན། །ཐུབ་བསྟན་སྤྱི་དང་འཇམ་མགོན་ཙོང་ཁ་བའི། །བཤད་སྒྲུབ་བསྟན་པ་ཕྱོགས་མཐར་རྒྱས་པ་དང་། །འགྲོ་ཀུན་རྫོགས་ལྡན་དཔལ་ལ་སྦྱོར་བའི་སླད། །དགེ་འདུན་འདུ་བའི་གཙུག་ལག་ཁང་ཆེན་དང་། །སྐུ་གསུང་ཐུགས་རྟེན་བཞེངས་པའི་མཐུན་རྐྱེན་དང་། །ས་རྡོ་ཤིང་སོགས་གང་དགོས་ལེན་པ་ལ། །སད་སེར་ཐན་པ་མུ་གེ་འཁྲུགས་ལོང་སོགས། །དུས་ཀྱི་རྒུད་པ་ནམ་ཡང་མི་འབྱུང་ཞིང་། །འགྲོ་རྣམས་རྫོགས་ལྡན་དཔལ་ལ་རོལ་བ་ཡིས། །དགེ་ལེགས་རྒྱ་མཚོའི་དངོས་གྲུབ་དེང་འདིར་སྩོལ། །

ཅེས་པ་འདི་ཁྲི་ཆེན་བསོད་གྲགས་སྤྲུལ་བའི་སྐུ་ལ་དཀར་བོ་གཞུང་འབྲོང་རི་ཁྲོད་པའི་འདུ་ཁང་གསར་སྐྲུན་སྐབས་ས་བརྐོ་རྡོ་སློག་ཤིང་གཅོད་སོགས་ལ་ཀོ་ལོང་མི་འབྱུང་བའི་བཀའ་བསྒོའི་ཚིགས་བཅད་ཅིག་དགོས་ཚུལ་ལྟར་རྒྱལ་མཁན་པོས་སྦྱར་པའི་ཡི་གེ་བ་ནི་བསྟན་འཛིན་ནོ། །


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
pmes བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: དྷཱི སྤེལ་དུས:2020/2/16
ཡག་སོང་། བཀའ་དྲིན་ཆེ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
46484042
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1